༄༅། །བོད་ཀྱི་དུས་བབ་ཚགས་ཤོག་འདོན་ཐེངས་ ༥༥༦ ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་༣༡ འཁོད་པའི་ནང་སྟག་ཤམ་ཡང་སྲིད་རྫུན་མའི་སྐོར་གལ་ཆེའི་གསལ་བསྒྲགས་ཞེས་པའི་འགོ་བརྗོད་འོག་སྟག་ཤམ་སྤྲུལ་སྐུ་དགོངས་པ་རྫོགས་ཁར་རིགས་སྲས་ཞི་བ་ལྷར་ཡང་སྲིད་གང་དུ་འཁྲུངས་མིན་དང་། ངོས་འཛིན་༧རྒྱལ་དབང་ཀརྨ་པ་མཆོག་ནས་གནང་དགོས་པའི་ཞལ་ཆེམ་ཡོད་ཚུལ་དང་། ལོ་རྒྱུས་ཀྱི་ཆ་ནས་སྟག་ཤམ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་ཡང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱིས་གནང་བ་ལས་གཞན་གྱི་གནང་བའི་ལོ་རྒྱུས་མེད་པའི་སྐོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པར་༧གོང་ས་མཆོག་ནས་དེ་སྔ་སྐུ་སྒེར་ཡིག་ཚང་གི་ཡིག་ཆ་འདྲ་འདུག་ན་དེ་རྩིས་མེད་ཀྱིས་ཀརྨ་པ་རང་ལ་ཞུས་གསུང་ནས་བཀའ་ནན་པོ་ཕེབས་ཟིན་པ་མ་ཟད་༧རྒྱལ་བ་ཀརྨ་པ་མཆོག་ནས་ཀྱང་ཡང་སྲིད་ངོས་འཛིན་གནང་རྒྱུའི་ཞལ་བཞེས་ཀྱིས་ཐུགས་འགན་བཞེས་བཞིན་པར་བརྟེན་རྒྱལ་བ་ཀརྨ་པ་མཆོག་གི་ཕྱག་རྟགས་ཡོད་པའི་ཡང་སྲིད་འཁྲུལ་བྲལ་ཞིག་མ་བྱུང་བར་བླ་མ་དང་༧སྐྱབས་མགོན་སུས་ཕྱག་ཡིག་འཁྱེར་ཡོད་ཀྱང་སྟག་ཤམ་ཆོས་བརྒྱུད་པ་ཡོངས་ཀྱིས་ངོས་ལེན་མེད་ཐོག་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཚུལ་བཀོད་འདུག་པའི་སྐོར་ལ་བོད་གཞིས་བྱེས་གཉིས་ཀྱི་དབུ་འཁྲིད་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་སྤྱི་དང་བྱེ་བྲག་ཏུ་གང་གི་གདུལ་བྱར་གྱུར་བ་རང་ཅག་གངས་ཅན་པ་རྣམས་ལ་རྒྱུན་དུ་ཡ་རབས་སྤྱོད་བཟང་དང་། དྲང་བདེན་ཁ་གསལ་གཏིང་གསལ་བྱེད་དགོས་པའི་བཀའ་སློབ་རིམ་ཕེབས་དགོངས་དོན་དང་། དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་དུས་སྐབས་འདིར་རང་རེ་སྒེར་དོན་ཆུང་ཙག་ཞིག་གི་ཆེད་དོན་མེད་གནས་ཚུལ་ཆེ་བཟོས་ཀྱིས་ཚགས་ཤོག་ནང་ཕན་ཚུན་ཤོད་རེས་གཏོང་རྒྱུ་ཆེས་མ་འོས་ཀྱང་འཕྲལ་ཕུགས་མཁེ་ཉན་དང་།བསྟན་པ་སྤྱིའི་མཚན་ལར་བསམ་ཏེ་ཨ་རི་མི་ནི་སོ་ཊར་འཁྲུངས་པའི་སྟག་ཤམ་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འགྱུར་མེད་འཕྲིན་རྡོ་རྗེའམ་མཚན་གཞན་འཇའ་ལུས་རྡོ་རྗེའི་ཕ་ཕྲན་སྡེ་དགེ་ལྡན་མ་རྡོ་རྗེ་ཚེ་རྒྱལ་ནས་རྒྱ་ཆེ་ཚགས་ཤོག་གཟིགས་པ་པོ་རྣམས་ལ་གསལ་བཤད་ཐུང་ཙམ་ཞུ་རྒྱུར་ཕྲན་གྱི་བུ་འཇའ་ལུས་རྡོ་རྗེ་སྟག་ཤམ་བསམ་གཏན་གླིང་པ་དང་ནུས་ལྡན་རྡོ་རྗེ་ཟུང་དུ་འཇུག་པའི་ཡང་སྲིད་ངོས་འཛིན་བྱུང་རིམ་དུས་བབ་འདོན་ཐེངས་༥༥༥ཕྱི་ལོ་༢༠༡༢ ཟླ་ ༥ ཚེས་ ༣༠ དང་། དྲ་རྒྱ་ www.takshamtulku.comབཅས་པའི་ནང་ཞིབ་འཁོད་ལྟར་ཕྲན་སྟག་ཤམ་ཆོས་བརྒྱུད་འཛིན་མཁན་ཞིག་ཀྱང་མིན་ལ་སྟག་ཤམ་རིམ་བྱོན་སྐོར་ལ་ཆ་རྒྱུས་ལོ་རྒྱུས་གང་ཡང་མི་ཤེས་མཁན་ཞིག་ལ་དེ་ལྟའི་སྤྲུལ་སྐུ་ངོས་འཛིན་བྱུང་ན་བསམ་པའི་རེ་བ་དང་དམིགས་ཡུལ་རྨི་ལམ་དུའང་མེད། འོན་ཀྱང་ཚེ་སྔོན་ལས་སྨོན་དང་འཕྲལ་རྐྱེན་སྣ་ཚོགས་དབང་གིས་བླ་ཆེན་ཁག་དང་། ལྷག་པར་དུ་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དམ་བཀའ་ལུང་དགོངས་དོན་དང་བཀའ་སློབ་ལམ་སྟོན་སྙིང་བཅང་གཞི་རྩར་བཟུང་སྟེ་ཕྲན་ཕ་མ་གཉིས་ནས་མིང་དོན་མཚུངས་པའི་བླ་མ་ཚད་ལྡན་ཞིག་ཡོང་ཐབས་སུ་ཐོས་བསམ་སློབ་གཉེར་དང་འབྲེལ་བའི་བསྟན་འགྲོའི་མཛད་འཕྲིན་འཐུས་ཤོར་མེད་པ་ཞིག་བྱ་རྒྱུའི་ཆོད་སེམས་དང་འབད་བརྩོན་ཞུ་རྒྱུ་འདི་ལས་གཞན་པའི་ཕྲན་གྱི་བུ་འཇའ་ལུས་རྡོ་རྫེ་སྟག་ཤམ་པའི་ཡང་སྲིད་དུ་ངོས་འཛིན་ཡོང་བ་ཞེས་ཁྱེད་ངོ་རྒོལ་བ་སྟག་ཤམ་ཆོས་བརྒྱུད་འཛིན་པ་རྣམས་ལ་སྔར་ཡང་ཞུས་མེད་ལ་ཕྱིས་འབྱུང་ཡང་ཞུ་འཆར་མེད།
ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༤༦༨ ནང་ཞི་བ་ལྷས་སྟག་ཤམ་དགོངས་པ་རྫོགས་ཁར་ཞལ་ཆེམ་ལྟར་རྒྱལ་བ་ཀརྨ་པ་མཆོག་ནས་ཕྱི་ལོ་ ༢༠༡༠ ལོར་ཡང་སྲིད་འཁྲུལ་མེད་ངོས་འཛིན་ཐག་གཅོད་གནང་རྒྱུའི་ཞལ་བཞེས་གཙང་ཐོབ་བྱུང་ལུགས་བཀོད་འདུག་ཀྱང་ད་བར་ངོས་འཛིན་མ་གནང་བའི་གནས་སྟངས་ལ་ཞིབ་ཚེ་གསུང་བབ་འདི་ལ་བརྟག་ཞིབ་བྱེད་རྒྱུའི་གནས་དོན་ཞིག་ཆགས་ཡོད་པ་མ་ཟད་དངོས་འབྲེལ་གནས་ལུགས་བྱུང་རིམ་དང་ལམ་སྲོལ་གང་ལའང་ལྟོས་མེད་ཀྱིས་བླ་མ་དང་༧སྐྱབས་མགོན་སུས་ཕྱག་ཡིག་འཁྱེར་རྒྱུ་ཡོད་ཀྱང་སྟག་ཤམ་པའི་ཡང་སྲིད་ལ་ངོས་འཛིན་མེད་ལུགས་དང་། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་ཡིག་སྦུག་དམ་སྦྱར་མ་སྐུ་སྒེར་ཡིག་ཚང་གི་ཡིག་ཆ་དཀྱུས་མར་ཆ་འཇོག་བྱེད་སྟངས་འདི་དབང་ལ་གཞིགས་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ལྔ་པ་རྫ་རོངས་འཕྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ། དེ་བཞིན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་བཅས་ནས་དུས་གསུམ་གསལ་གཟིགས་ཀྱིས་ངོས་འཛིན་བཀའ་ཡིག་གང་ལའང་བརྩི་མེད་རྡོག་རོལ་བཏང་སྟེ་ཡང་སྲིད་རྫུན་མ་ཡིན་སྐོར་ཚགས་ཤོག་ནང་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་འདི་ནི་དོན་དུ་གོང་གསལ་བླ་ཆེན་རྣམས་པས་ངོས་འཛིན་གནང་སྟེ་བསྟན་པ་འཛིན་སྐྱོང་སྤེལ་གནང་མཁན་སྐྱེས་ཆེན་རྣམས་དང་། འབྱུང་འགྱུར་ཁོང་རྣམ་པས་ངོས་འཛིན་གནང་བར་འགྱུར་བའི་བླ་སྤྲུལ་ཡང་སྲིད་རྣམས་ཀྱང་སྤྱི་མཚུངས་རྫུན་མར་གྱུར་དགོས་པའི་བརྫོད་བབས་འདི་ནི་མིག་ལྡན་གཡང་མཆོང་དང་། སྡིག་པ་མིག་བཙུམ་གྱིས་ཤེས་པ་རྣལ་དུ་མི་གནས་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ལས་མ་འདས། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ལའང་སྤྱི་མཚུངས་སྙན་སེང་ཞུས་པར་སྐུ་བཅར་བ་བརྒྱུད་ཞལ་དཔར་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བླ་ཆེན་རྣམ་པས་ངོས་འཛིན་གནང་བ་དེ་ལྷག་ངོས་ནས་ངོས་འཛིན་བྱེད་རྒྱུ་མེད་ཅེས་བཀའ་ལན་ཕེབས་པ་ལས་ཁོང་རྣམས་པས་ངོས་འཛིན་གནང་བར་མ་འཐུས་མ་འགྲིག་པའི་སྐོར་གསུང་མེད་པ་མ་ཟད་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༢ཉིན་བཞུགས་སྒར་རྒྱུད་སྟོད་དགོན་པ་དང་། ༢༠༡༡ ཕྱི་ཟླ་ ༧ ཚེས་དཀྱིལ་དུ་ཨ་རི་ཝ་ཤིན་ཀྲོན་དུ་མཇལ་བཅར་སྐབས་སོ་སོར་ཐུགས་དགྱེས་བརྩེ་ཆེན་པོས་ཆུང་སྲིད་རིན་པོ་ཆེ་དང་མཉམ་དུ་དུས་ཡུན་གང་འཚམས་རིང་དམིགས་བསལ་ཟུར་མཇལ་དང་། སྐུ་དཔར་ལྷན་སྒྲོན་གནང་བ་ལས་ཡང་སྲིད་རྫུན་མ་ཡིན་པ་དང་། ངོ་མ་ངོས་འཛིན་ཞུ་རྒྱུའི་སྐོར་ལ་ཚིག་ཟུར་ཙམ་ཡང་གསུང་རིགས་མ་བྱུང་། ཅི་སྟེ་ཁྱེད་ཚོས་ཚགས་ཤོག་ནང་བཀོད་པ་ལྟར་དོན་ལ་གནས་ཚེ་རྒྱལ་བ་ཀརྨ་པ་མཆོག་ནས་དེ་ལྟར་དམིགས་བསལ་གཟིགས་པ་ཆེན་པོ་གནང་དགོས་དོན་མེད་པ་དང་། མདོ་དོན་ད་ལྟའི་ཡང་སྲིད་རྫུན་མ་ཡིན་ལུགས་དྲིལ་བསྒྲགས་ཇི་ལྟར་བྱས་ཀྱང་ངོས་ཚོར་ཕན་གནོད་ཁྱད་པར་གང་ཡང་མི་འདུག་པ་ནི་འཇིག་རྟེན་གཏམ་དཔེར་བདེན་པ་དང་ལུང་པ་གཉིས་ཕུགས་ཐག་རིང་། རྫུན་མ་དང་ཨབ་ར་གཉིས་རྔ་མ་ཐུང་ཟེར་བ་ལྟར་ཉི་མ་ཇེ་རིང་དང་རྩམ་པ་ཇེ་ཞིམ་གྱི་དཔེ་ལྟར་བདེན་པའི་དངོས་ར་ཇེ་གསལ་དུ་འགྲོ་རྒྱུ་ལས་རང་རེ་ཕན་ཚུན་ཚགས་ཤོག་ནང་དོན་མེད་ཚིག་ངན་ཤོད་རེས་བྱ་ཚེ་བསྟན་པ་དང་དེ་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་འདྲེན་དུ་འགྱུར་བ་གདོན་མི་ཟ་བས་ཚིག་ལ་ཚིག་རྒྱག་གི་ལན་འདེབས་མ་དགོས་པ་འདི་ཙམ་གྱི་ཆོག་པ་བྱ་རྒྱུ་བཅས། ཨ་རི་བྱང་དཀྱིལ་མི་ནི་སོ་ཊར་གནས་སྡོད་སྡེ་དགེ་ལྡན་མ་རྡོ་རྗེ་ཚེ་རྒྱལ་ནས།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢ དང་། རབ་གནས་ཆུ་འབྲུག་ལོའི་བོད་རྒྱལ་ལོ་ ༢༡༣༩ བོད་ཟླ་ ༦ ཚེས་ ༤ ལ།།