དེ་རིང་ཀའོ་ཅིན་ལུང་གིས་པེ་ཅིན་གྲོང་ཁྱེར་གྱི་མགོ་གཙོའི་ལས་གནས་ནས་དགོངས་ཞུ་བྱས་འདུག
དེ་རིང་ཕྱི་ཚེས་ ༢༥ ཉིན་པེ་ཅིན་གྲོང་ཁྱེར་གྱི་སྐབས་ ༡༣ པའི་མི་དམངས་འཐུས་མིའི་རྒྱུན་ལས་ཚོགས་འདུ་ཐེངས་ ༣༤ ཚོགས་ཏེ། པེ་ཅིན་གྲོང་ཁྱེར་གྱི་མགོ་གཙོ་ཀའོ་ཅིན་ལུང་གིས་གྲོང་ཁྱེར་མགོ་གཙོའི་ལས་གནས་ནས་དགོངས་ཞུ་བྱས་ཟིན་པ་ཐག་གཅོད་དང་། པེ་ཅིན་གྲོང་ཁྱེར་མགོ་གཙོ་གཞོན་པ་ཝང་ཨན་ཧྲོན་གྱིས་གྲོང་ཁྱེར་མགོ་གཙོའི་འཐུས་ཚབ་བྱ་རྒྱུ་ཡིན་པ་བསྒྲགས་འདུག ཡིན་ནའང་། ཀའོ་ཅུན་ལུང་གིས་དགོངས་ཞུ་དགོས་པའི་རྒྱུ་མཚན་དང་། ཁོའི་པེ་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡི་ལས་གནས་ཕྱིར་བསྡུ་བྱ་རྒྱུ་ཡིན་མིན་གྱི་གནས་ཚུལ་ཅི་ཡང་གསལ་འདོན་བྱས་མེད་པ་རེད།
ཀའོ་ཅིན་ལུང་ནི་ཧུའུ་ཅིན་ཐའོ་ཡི་ཆབ་སྲིད་འཐབ་གྲོགས་ཡིན་པར་བརྗོད་ལ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཀའོ་ཅིན་ལུང་གསར་དུ་པེ་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་རུ་བསྐོ་འཇོག་བྱས་ཡོད་ལ། སྐབས་དེར་ཁོས་རང་ཉིད་ཀྱི་ཕྲག་ཏུ་བབ་པའི་ལས་འགན་ཧ་ཅང་ལྕི་བ་དེ་ཤེས་ཚོར་ཟབ་མོ་བྱུང་བ་མ་ཟད། མ་འོངས་པར་པེ་ཅིན་བཅོས་བསྒྱུར་སྒོ་འབྱེད་དང་དང་རབས་ཅན་འཛུགས་སྐྲུན་ཐད་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
ཕྱི་ཚེས་ ༢༢ ཉིན་པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་དཔོན་རིགས་ཚོས་བདེ་འཇགས་ཚོགས་འདུ་བསྡུས་ཏེ། ད་ལྟའི་པེ་ཅིན་གྱི་ཆར་ཆུའི་གནོད་འཚེ་ཐད་བརྡ་ཁྱབ་སྤེལ་སྐབས། ཀའོ་ཅིན་ལུང་གིས་ལས་དོན་གྱི་གཙོ་སྙིང་དཀའ་སེལ་མྱུར་སྐྱོབ་རྗེས་ཀྱི་སྤྱི་ཚོགས་བརྟན་ལྷིང་ཐོག་འཇོག་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་གླེང་སློང་ལ་སྣེ་འཁྲིད་ཤུགས་སྣོན་བྱས་ཏེ། དགའ་སྐྱིད་ལྷིང་འཇགས་ཀྱི་སྣང་བརྙན་འབུར་ཏུ་བཏོན་པའི་སྒོ་ནས། སྤྱི་ཚོགས་བརྟན་ལྷིང་བདེ་འཇགས་ལ་འགན་ལེན་བྱས་ཏེ། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་ཐུབ་པ་བྱ་དགོས་སྐོར་ནན་བརྗོད་བྱས་འདུག
ད་ལྟ་ལོ་ ༦༤ ཡིན་པའི་ཀའོ་ཅིན་ལུང་གིས་ ༡༩༩༣ ཕྱི་ཟླ་ ༡༢ ཙམ་ལ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་ཁུར་ཏེ། ལོ་ ༧ རྗེས་སུ་དམར་ཤོག་དྲུང་ཆེར་བསྡད་ཡོད་པ་རེད། ༢༠༠༤ ལོར་ཨན་ཧའེ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་དང་། ༢༠༠༧ ལོར་པེ་ཅིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་གཞོན་པ་དང་གྲོང་ཁྱེར་མགོ་གཙོའི་འཐུས་ཚབ། ༢༠༠༨ ལོར་པེ་ཅིན་གྲོང་ཁྱེར་གྱི་མགོ་གཙོར་བསྡད་ཡོད་ལ། ཉེ་བའི་བདུན་ཕྲག་གསུམ་གྱི་སྔོན་ལ་པེ་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་རུ་བསྐོས་ཡོད་པ་རེད།
འདིའི་མིང་ལ་ཀའོ་ཅིན་ལོང་ཟེར་བ་འདྲ་ཞིག་ཡིན་མོད། འདིར་ཁྲིན་ཅིན་ལོང་ཟེར་བ་རྒྱུ་མཚན་ག་རེ་ཡིན་ནམ།