དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ཀྱིས་ལས་མཚམས་བཞག་སྟེ་མྱ་ངན་དང་སྤྱི་ཐབ་ཚོགས་ཁང་དུ་བསྔོ་སྨོན་གསུངས་སོང་།
བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་མཆོག་དེ་སྔོན་ནས་སྐུ་སྙུང་བཞེས་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཐོག་ཀཱང་རཱ་རྫོང་བྷ་ལ་ཇི་ (Shree Balaji Hospital) ཁང་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་ཡོད་ཅིང་། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་པའི་གཞུང་ཞབས་ལས་བྱེད་ཆེ་ཕྲ་ཡོངས་བཅས་ཀྱིས་ཐུགས་སྨོན་ཞལ་འདོན་གནང་ཡོད་པ་དང་། སྐབས་དེར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་ཟུར་ཨ་ལཊ་འཇིཊ་མེད་རིན་པོ་ཆེ་མཆོག་གིས་མི་ཚེའི་ཧྲིལ་བོར་བོད་སྤྱི་བའི་ལས་དོན་དང་བོད་མི་རིགས་ཀྱི་རྩ་དོན་ཆེད་ལས་ཁུངས་ཆེ་ཁག་ནང་དབུ་ཁྲིད་ཀྱི་ཕྱག་ལས་གནང་བའི་ལོ་རྒྱུས་སྒྲོག་སྦྱོང་བཅས་གནང་སོང་།
ཕྱི་དྲོ་ཆུ་ཚོད་ ༣།༠༠ ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་སྒོ་བརྒྱབ་ཏེ་གཞུང་འབྲེལ་ཐོག་བཀའ་ཟུར་མཆོག་ལ་མྱ་ངན་ཞུས་སོང་། དེ་བཞིན། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གདོང་མདུན་དུ་ཕེབས་ཏེ་བསྔོ་སྨོན་གནང་ཡོད་པ་མ་ཟད། ཀིརྟི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་རྣམ་པས་སྣེ་ཁྲིད་དེ་དགེ་འདུན་པ་ཡོངས་ཕེབས་ཏེ་བསྔོ་བ་སྨོན་ལམ་གསུངས་ཡོད།
ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང་ངྷ་སྟེང་བོད་ཁྱིམ་ཉེ་འཁྲིས་སུ་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
ང་ཚོའི་མི་རབས་རྒན་པའི་ལྷག་བསམ་ཅན་གྱི་གཞུང་དམངས་གཉིས་ལ་ཞབས་འདེགས་ལོ་མང་བྱས་པའི་འདས་པོ་དམ་པ་ཚོའི་ཆེད་དུ་དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་ལས་བྱེད་ཡོངས་ནས་དེ་རིང་ཕྱི་དྲོ་ལས་ཁུངས་ཡོང་རྫོགས་སྒོ་བརྒྱབ་ཏེ་བཀའ་ཟུར་ཨ་ལག་འཇིགས་མེད་འཕྲིན་ལས་ལྷུན་འགྲུབ་རིན་པོ་ཆེ་ཡི་དགོངས་རྫོགས་ལ་མྱ་ངན་བསྔོ་སྨོན་བྱས་པ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
གཞུང་དམངས་ཚང་མར་ཐུགས་རྗེ་ཆེ་ཞུ། བྱས་པ་ཅན་གྱི་མི་སྣ་དག་ལ་འདི་ལྟར་རྗེས་འཇུག་ཡག་པོ་རེ་ངེས་པར་སྒྲུབ་གལ་ཆེ།
ཚེ་འདིར་འཇིགས་མེད་འཐབ་རྩོད་གནང་བ་བཞིན་ཕྱི་མར་ཡང་འཇིགས་པ་མེད་པར་ཏར་བའི་ལམ་སྣ་ཟིན་ཞིང་སླར་ཡང་མཛད་པ་འཕྲིན་ལས་ལྷུན་གྱིས་འགྲུབ་པར་སྨོན།