བོད་
ལོན་ཌོན་ཨོ་རྩེད་འགྲན་ཚོགས་ཀྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད། མཐོ་སྒང་ནས་ཡོང་བའི་བོད་པའི་འབྲོག་མོ་ཆོས་དབྱངས་སྐྱིད་ཀྱིས་རྒྱ་ནག་གི་ལུས་རྩལ་བ་ལེའོ་དང་ལུ་གཉིས་རྗེས་ལ་བསྐྱུར་ཏེ་ཨང་གསུམ་པའི་རྟགས་མ་བླངས་སོང་། རྒྱ་ནག་ལས་བརྒལ་ཏེ་ཨེ་ཤ་ཡའི་གླིང་གི་ཨང་དང་པོ་ཆགས་ཡོད། འདི་ཨོ་རྩེད་འགྲན་ཚོགས་སྟེང་གི་བོད་པ་ཐོག་མ་དང་། བོད་པའི་ལོ་རྒྱུས་སྟེང་གི་ཟིན་ཐོ་དང་པོ་རེད། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་འཛམ་གླིང་ཨོ་རྩེད་འགྲན་ཚོགས་དང་ས་སྒང་བོད་པའི་བར་ལ་ཕྲ་ཞིང་མཉེན་པའི་མྱུ་གུ་ཞིག་འབུས་ཏེ་བོད་པ་ཚོར་སྤོབས་པ་དང་རེ་བ་སྦྱིན་ཡོད།
ལུས་རྩེད་དཔྱད་བརྗོད་པ་ཚོས་ཐེངས་འདིར་བུ་མོ་ཆོས་དབྱངས་སྐྱིད་ལ་རྩེད་འགྲན་པ་གཞན་ལས་ལྷག་པའི་ཁྱད་ཆོས་ཤིག་ཡོད་པ་ནི། འདུར་རྒྱུག་གི་མཐའ་མའི་གྲུབ་འབྲས་བསླེབ་ལ་ཉེ་བའི་ཛ་དྲག་གི་སྐབས་སུ་ཡང་ཆོས་དབྱངས་སྐྱིད་ལ་ཞེད་སྣང་དང་དངངས་སྐྲག་མེད་པར་གདོང་པར་འཛུམ་ཤིག་ཤིག་གིས་ལྟད་མོ་བ་ཡོངས་ལ་ཞི་བདེ་བག་ཕེབས་ཀྱི་ཚོར་བ་བསྐྲུན་ཡོད་པ་དང་། ཨང་གསུམ་པ་ཐོབ་རྗེས་ཀྱང་དམིགས་བསལ་ང་རྒྱལ་གྱི་རྣམ་འགྱུར་གང་ཡང་མེད་པར་རྩེད་གྲོགས་ཚོར་མཛའ་བརྩེ་མཐུན་སྒྲིལ་གྱི་འཚམས་འདྲི་ཞུས་པ་དེས་གསེར་གྱི་རྟགས་མ་བླངས་པ་ལས་ལྷག་པའི་ཡི་རངས་བསྔགས་བརྗོད་ཐོབ་སོང་ཟེར།
ད་ལོའི་ལོན་ཌོན་ཨོ་རྩེད་སྟེང་ཨ་རི་དང་རྒྱ་ནག་གི་ཨང་ཐོབ་འགྲན་བསྡུར་ནང་། ཕྱི་ལོགས་ཀྱི་བོད་མི་མང་ཆེ་བ་ཨ་རིའི་ཕྱོགས་ནས་ལངས་ཏེ་ལྟད་མོར་ལྟ་བཞིན་ཡོད་ཀྱང་། ཕྱི་ཚེས་ ༡༡ ཉིན་གྱི་བུད་མེད་འདུར་རྒྱུག་འགྲན་སྐབས་བོད་མི་ཚོའི་ལངས་ཕྱོགས་འགྱུར་ནས། ཆོས་དབྱངས་སྐྱིད་རྒྱལ་གྱུར་ཅིག་ཅེས་སྐད་འབོད་བརྒྱབ་སོང་། གསོལ་འདེབས་ཞུས་སོང་། རྩེད་འགྲན་དངོས་གཞིར་ཞུགས་པའི་རྒྱལ་ཁབ་དག་གིས་སོ་སོའི་རྒྱལ་ཁབ་ཀྱི་རྩེད་འགྲན་པ་ཚོར་རྒྱལ་ཞེན་གྱིས་དགའ་འབོད་དང་གསོལ་འདེབས་བྱེད་ཀྱིན་ཡོད་ཀྱང་། བོད་པ་ཚོས་ཆོས་དབྱངས་སྐྱིད་ལ་རིགས་ཞེན་གྱིས་དགའ་འབོད་དང་གསོལ་འདེབས་ཞུ་བཞིན་འདུག
འགའ་རེས་ཆོས་དབྱངས་སྐྱིད་ཀྱི་རྒྱུག་ལམ་དུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་ཡུལ་གྱར་བོད་མི་ཚོས་སྐད་འབོད་བརྒྱབ་པ་དེ་འགྲིག་མ་སོང། དེས་ཆོས་དབྱངས་སྐྱིད་ཀྱི་མདུན་ལམ་ཐོག་གནོད་པ་སྐྱེལ་སྲིད་པ་དང་། མ་འོངས་པར་རྒྱ་གཞུང་གིས་བོད་པར་གོ་སྐབས་འདི་འདྲ་སྤྲོད་མིན་གྱི་རེ་དོགས་བྱེད་ཀྱི་ཡོད། འདི་རི་བོང་གནམ་བརྡིབ་ཀྱི་སྡུག་བསྔལ་རེད། བོད་ནང་གི་བོད་མི་ཚོ་རྒྱལ་སྤྱིའི་སྡིངས་ཆར་འཛེག་རྒྱུའི་གོ་སྐབས་དེ། ཨོ་རྩེད་འགྲན་བསྡུར་ནང་ཞུགས་ཏེ་གསེར་གྱི་རྟགས་མ་ལེན་རྒྱུ་ལས་དཀའ་ངལ་ཆེ་བ་ཡོད། ད་རེབ་ཀྱི་གོ་སྐབས་འདི་ཡང་བོད་པར་གསོལ་རས་སུ་བསྩལ་བ་ཞིག་མ་རེད། ཆོས་དབྱངས་སྐྱིད་ཀྱིས་སོ་སོའི་ནུས་རྩལ་ལ་བརྟེན་ཏེ་བླངས་ཡོད། གོ་སྐབས་འདི་ཐོབ་པའི་རྗེས་ལ་རྒྱ་ནག་གི་སེམས་ལ་གང་དྲན་ཡོད་པ་དེ་ང་ཚོས་ཀྱང་ཚོར་དགོས། རྒྱ་ནག་ (China) ཞེས་པའི་ཡི་གེ་འདི་སྐྱོད་སར། བོད་པ་ (Tibetan) ཞེས་པའི་ཡི་གེ་འདི་ཡང་ངེས་པར་དུ་བསླེབ་ཐུབ་པ་བྱ་དགོས།
མི་འབོར་དང་ནུས་རྩལ་གང་ཐད་ནས་བོད་པ་ཚོ་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ནང་ཞུགས་ཐུབ་པ་དང་། གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ལེན་ཐུབ་པའི་ཚད་གཞི་འདང་ཡོད། ཉིས་སྟོང་ཅུ་དྲུག་ལོའི་བྷར་རྫིལ་ཨོ་རྩེད་འགྲན་ཚོགས་ནང་བོད་པའི་བུ་མོ་ཤི་ལོག་སྒྲོལ་མ་ཚུད་ཡོད། ཉི་མ་ཤར་ནས་འཆར་ན་འགོག་ཐབས་མེད་ལ། རྒྱ་ནག་གིས་ཀྱང་གིས་སོ་སོའི་མཚན་སྙན་ལ་ཚད་བཀག་བཟོ་མི་འདོད། ཡིན་ནའང་བོད་མི་རེ་ཟུང་གིས་རྒྱ་ནག་གི་མིང་བྱང་འོག་ནས་རྒྱལ་སྤྱིའི་སྡིངས་ཆར་ཐོན་པ་ཡག་པོ་མིན་ཚུལ་བཤད་པ་དེས། ཆོས་དབྱངས་སྐྱིད་དང་ཤི་ལོག་སྒྲོལ་མ་མང་པོ་ཞིག་གི་མདུན་ལྗོངས་དང་རྒྱབ་ལྗོངས་གཉིས་ཀ་རྨེག་མེད་བཟོ་བཞིན་ཡོད་ལ། རང་ཤ་བཅད་ནས་ཁྱི་ཤར་གཡུགས་ཟེར་བའང་འདི་ཡིན།