འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་འོག རྒྱ་གར་གྱི་མངའ་སྡེ་ཁག་ནང་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་གྱིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་གྷོ་ཝ་མངའ་སྡེའི་བསྟི་གནས་བྷན་ཇིར་ ( Panajim) ནང་འབྱོར་ཡོད་པ་དང་། སྐབས་དེར་བོད་མིའི་ཚོང་པའི་སྐྱིད་སྡུག་དང་རྒྱ་གར་ཡུལ་མི་ཁག་ཅིག་གི་གོ་སྒྲིག་འོག་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཏེ། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གསར་འགོད་པ་རྣམས་ལ་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་དམིགས་ཡུལ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཁག་འགྲེམས་སྤེལ་བྱས་འདུག
དེ་རིང་ཕྱི་ཚེས་ ༢༤ ཉིན་བདེན་པའི་མེ་ལྕེ་ཀར་ན་ཊ་ཀ ( Karnataka) མངའ་སྡེའི་བསྟི་གནས་བྷང་ལོར་ (Bangalore) བརྒྱུད་གྷོ་ཝའི་གྲོང་ཁྱེར་ཝ་སེ་ཀོར་ (Vasco) ནང་སྐོར་སྐྱོད་བྱེད་ཀྱི་ཡོད་འདུག་ལ། ཕྱི་ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་རིང་གྷོ་ཝའི་གྲོང་ཁྱེར་གཞན་ཁག་ཅིག་ནང་སྐོར་སྐྱོད་དང་ས་གནས་གནད་ཡོད་མི་སྣར་མཇལ་འཕྲད། མཚན་རྟགས་བསྡུ་རུབ་བཅས་གནང་རྗེས། ཕྱི་ཚེས་ ༢༧ ཉིན་བདེན་པའི་མེ་ལྕེ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བར་རྩིས་སྤྲོད་གནང་རྒྱུ་ཡིན་འདུག