ཉིན་འགའི་གོང་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་སློབ་མ་འགའ་ཇག་པས་བཙན་ཁྲིད་བྱས་ཡོད་ཀྱང་། མདང་དགོང་ཉེན་རྟོག་པས་བཙན་ཁྲིད་བྱེད་མཁན་འཇུ་བཟུང་ཁྲོམ་སྐོར་བྱས་ཡོད་འདུག
དེ་རིང་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་མཁན་དམེ་གླིང་སྡེ་བའི་གཉའ་འབྲོང་ཐུ་བུ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པ་ལྟར་ན། ཕྱི་ཚེས་ ༡༠ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་ཐུ་ཞང་དམེ་གླིང་སྡེ་བའི་སློབ་མ་གསུམ་ཇག་པས་བཙན་ཁྲིད་བྱས་ཡོད་པ་དང་། མདང་དགོང་ཉེན་རྟོག་པས་སློབ་མ་གསུམ་པོ་བདེ་ལེགས་ངང་སྐྱོབ་ཐུབ་ཡོད་པ་མ་ཟད། བཙན་ཁྲིད་པ་གཉིས་འཛིན་བཟུང་དང་རྫོང་ཐོག་ཏུ་ཁྲོམ་སྐོར་བྱས་ཡོད་འདུག་ལ། སྐབས་དེར་མི་མང་འབོར་ཆེན་འདུ་འཛོགས་ཀྱིས་སློབ་མ་ཚོར་ཁ་བཏགས་གཡོག་པ་དང་དངུལ་སྤྲོད་པ་སོགས་བྱས་ཡོད་འདུག
ཕྱི་ཚེས་ ༡༤ དགུང་མོ་ཆུ་ཚོད་ ༡༡ ཙམ་གྱི་སྟེང་བཙན་ཁྲིད་པས་སློབ་མ་ཚོ་ས་གནས་གཞན་ཞིག་ཏུ་འཁྲིད་བཞིན་པའི་སྐབས་སུ། ཉེན་རྟོག་པས་བྲག་དཀར་རྫོང་དང་ཆབ་ཆ་གཉིས་ཀྱི་ལམ་བར་དེའུ་ཐང་ས་གནས་སུ་བཙན་ཁྲིད་པ་འཇུ་བཟུང་བྱས་འདུག་ལ། བཙན་ཁྲིད་བྱེད་མཁན་ནི་ལོ་སུམ་ཅུ་སོ་གྲངས་ནང་ཡོད་པའི་བོད་མི་བཟའ་ཟླ་གཉིས་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་བཙན་ཁྲིད་པས་སློབ་མ་ཚོར་རང་ཁྱིམ་དུ་ཁ་པར་གཏོང་བཅུག་སྟེ། སློབ་མ་རེར་རྒྱ་སྒོར་ཁྲི་ ༢༠ རེ་སྤྲོད་དགོས་ཚུལ་དང་། དེ་ལྟར་མ་བྱས་ཚེ་སློབ་མ་རྣམས་གཏོང་རྒྱུ་མིན་པ་མ་ཟད། དམར་གསོད་གཏོང་གི་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། དང་ཐོག་སློབ་མ་ལྔ་བཙན་ཁྲིད་བྱས་ཡོད་སྐོར་ཞིག་ཐོན་ཡོད་འདུག་ལ། དམེ་གླིང་སྡེ་བའི་སློབ་མ་གསུམ་པས་ཀྱང་ཁོ་ཚོ་བཙན་ཁྲིད་བྱས་སྐབས་བྱིས་པ་གཞན་གཉིས་ཡོད་ཀྱང་རྗེས་སུ་མཐོང་རྒྱུ་མི་འདུག་ཅེས་བཤད་ཡོད་པ་དང་། སྡེ་བ་གཞན་དག་ཏུ་བྱིས་པ་བོར་བརླགས་བྱུང་པའི་གནས་ཚུལ་ཐོས་བྱུང་མེད་སྟབས། བྱིས་པ་གཞན་གཉིས་ད་ཆར་གང་ཡིན་གནས་ཚུལ་ཁ་གསལ་ཤེས་རྟོག་བྱུང་མི་འདུག
ཉེན་རྟོག་པས་བཙན་ཁྲིད་པ་བཟའ་ཟླ་གཉིས་རྫོང་ཐོག་ཏུ་ཁྲོམ་སྐོར་བྱས་སྐབས། བཙན་ཁྲིད་པ་བཟའ་ཟླ་གཉིས་ཀྱི་མིང་སྒྲོག་རྩིས་བྱས་ཡོད་ཀྱང་། མི་མང་གིས་བཙན་ཁྲིད་པར་སྐད་གསེང་ཆེན་པོས་སྡུག་དམོད་བྱས་པ་དང་གཅར་རྡུང་བྱ་རྩིས་བྱས་སྟབས། བཙན་ཁྲིད་པའི་མིང་དང་སྡོད་གནས་སོགས་ཞིབ་ཕྲ་ཤེས་རྟོགས་བྱུང་མི་འདུག
གཉན་འབྲོང་ཐུ་བུ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སྐབས། སློབ་ཕྲུག་ཚོའི་ནང་མི་དང་ཉེན་རྟོག་པས་ཉིན་གཅིག་གཉིས་ཀྱི་གོང་ལ་བཙན་ཁྲིད་པའི་གནས་ཚུལ་གང་ཙམ་ཞིག་ཤེས་རྟོག་བྱུང་ཡོད་ཀྱང་། བྱིས་པ་ཚོའི་ཚེ་སྲོག་གི་བདེ་འཇགས་ལ་གཟབ་སྟེ་ད་ལྟའི་བར་བཙན་ཁྲིད་པ་འཇུ་བཟུང་བྱས་མ་ཐུབ་པར་ལྷག་ཡོད་ཚུལ་བརྗོད་བྱུང་།
གསར་འགོད་པ། བནྡེ་སྐྱབས།
བོད་རིགས་ཚོར་ལ་སྒམ་རླིང་ཁྱོན་ནས་མི་འདུག་བ། རྒྱ་མིས་རྐང་གཙུག་ནས་བཙན་ཁྲིད་མཁན་བོད་རིགས་ཡིན་པས་ཁྲོམ་བསྒྲགས་བྱས་པ་རེད། དེར་བོད་མི་ཚོས་དགག་རྒྱག་དང་འཐབ་རྩོད་བྱེད་བཅུག་པར་ཧ་མ་གོ་ནས་འུར་ལངས་ཞེ་བོ་བྱས་འདུག་བ།
པར་འོག་མ་དེས་ང་ལ་ཡ་མཚར་བའི་ཚོར་བ་ཞིག་སྤྲད་སོང་། བསམ་གྱིན་བསམ་གྱིན་ཕ་མེས་ཚོས་ཆུང་དུས་བརྗོད་མྱོང་བའི་རིག་གསར་སྐབས་ཀྱི་གྲལ་རིམ་དགག་རྒྱག་གི་སྣང་བརྙན་དེ་འདྲ་ཞིག་ཨེ་ཡིན་ན་བསམ་པ་ཞིག་བྱུང་སོང་། དེ་དང་མཉམ་དུ་ངའི་ཀླད་པའི་ནང་དོགས་འདྲི་འགའ་ཤས་ཤིག་འཚང་ཁ་ཤིག་ཤིག་གིས་བསླེབས་ཡོང་གི་འདུག གལ་སྲིད་བཙན་འཁྲིད་པ་དེ་རྒྱ་མི་ཞིག་ཡིན་ཚེ། འདི་ལྟར་ཁྲོམ་སྐོར་བྱེད་སྲིད་དམ། འདི་ལྟར་ཁྲོམ་སྐོར་བྱེད་དགོས་པའི་ཡང་དགོས་དམིགས་ཡུལ་ཅི་ཡིན་ནམ། རྒྱ་ནག་གི་ཡིག་ངོས་ཀྱི་བཅའ་ཁྲིམས་ཙམ་པོ་བ་དེ་ལས་བརྒལ་ཏེ། ཁྲོམ་སྐོར་ལས་འགུལ་སྤེལ་བའི་མི་སྒེར་དམའ་འབེབས་ཀྱི་བྱ་སྤྱོད་འདི་དབང་ཆེན་སུ་ཞིག་གིས་བཀའ་མངགས་ཡིན་ནམ། རྒྱ་ནག་ནང་འདི་འདྲའི་གནས་ཚུལ་བརྒྱ་ཕྲག་སྟོང་ཕྲག་ཏུ་འབྱུང་གིན་ཡོད་ཀྱང་། དེ་དག་གཅིག་ཀྱང་ཁྲོམ་སྐོར་བྱེད་མི་དགོས་པ་དེའི་རྒྱུ་མཚན་ཅི་ཡིན་ནམ།
དོན་གྱིས་བཤད་ན། བྱིས་པ་བཙན་འཁྲིད་བྱས་པ་དེ་ནི་མ་རུང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། དེ་ཁྲིམས་ལྟར་ཉེས་ཆད་ཁྲིམས་ཐག་གཅོད་དགོས་པར་གནམ་འོག་གི་མི་ཚང་མས་མགྲིན་གཅིག་ཏུ་རྒྱབ་སྐྱོར་ལོས་ཡོད། ཡིན་ནའང་། ཁྲོམ་སྐོར་དགག་རྒྱག་བྱེད་པ་དེ་ནི་དོན་གྱིས་མི་སྒེར་གང་དེའི་རང་བརྩི་ལ་དམའ་འབེབས་པ་ཞིག་དང་། བོད་མི་ཚོར་ཁྲིམས་ཀྱི་འདུ་ཤེས་དང་གོ་རྟོགས་མེད་པ་དེར་གང་འདོད་དུ་མཐོང་ཆུང་ཐུབ་ཚོད་གཏོང་བ་ཞིག་རེད།
བདེན་པའི་མིག་གིས་ལྟ་མཁན་ཞིག་ལ་མཚོན་ན། རྒྱ་གཞུང་ཉེན་རྟོག་པའི་རིག་གསར་རྣམ་པའི་དགག་རྒྱག་ཁྲོམ་སྐོར་འདི་ཡང་། འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་པར་མ་ཟད། མི་སྒེར་གྱི་རང་བརྩིར་དམའ་འབེབས་མི་ཆོག་པའི་རྒྱ་ནག་གི་བཅའ་ཁྲིམས་དང་ཡང་འགལ་ཡོད་པ་རེད།
བཙན་ཁྲིད་བྱེད་མཁན་ནི་ལོ་སུམ་ཅུ་སོ་གྲངས་ནང་ཡོད་པའི་བོད་མི་བཟའ་ཟླ་གཉིས་ཡིན་འདུག དེ་ཚོ་བདེན་ཡིན་མིན་ཞིབ་རྩད་མ་གཏོགས་རྒྱ་མིས་བོད་ཕ་ནང་ཁུལ་འཁྲུགས་རྐྱེན་བཟོ་བྱེད་ཡིན་སྲིད། དེ་ཚོར་ཞིབ་རྩད་དགོས་གལ་ལགས། རྩོམ་སྒྲིགས་པ་དང་། ཐུ་བོ་ལ་གང་ཐོས་གསར་འགོད་མ་བྱས་ན་ལེགས། ་
་་་་ ཉེན་རྟོག་པས་བྲག་དཀར་རྫོང་དང་ཆབ་ཆ་གཉིས་ཀྱི་ལམ་བར་དེའུ་ཐང་ས་གནས་སུ་བཙན་ཁྲིད་པ་འཇུ་བཟུང་བྱས་འདུག་ལ། བཙན་ཁྲིད་བྱེད་མཁན་ནི་ལོ་སུམ་ཅུ་སོ་གྲངས་ནང་ཡོད་པའི་བོད་མི་བཟའ་ཟླ་གཉིས་ཡིན་འདུག ་་་་ཟེར་བ་བདེན་ན།
ཉེན་རྟོག་པ་རྒྱ་མི་ཡིན་ཡང་འཇོན་པ་རེད་ལགས། ཇག་པ་བཙན་འཁྲིད་པ་བོད་མི་ཡིན་ན་ཡང་བོད་པའི་ཞབས་འདྲེན་རེད་དོ། །ད་བོད་པ་ཚོ། གཟབ་གཟབ་གྱིས་ཤིག །