ད་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་དེ་རིང་ཕྱི་དྲོར་སྐུ་གྲོངས་ཡོད་འདུག
ད་ལྟ་རིང་ངྷ་སར་གནས་བཞུགས་འཇིགས་མེད་ཚེ་རིང་ལགས་ཀྱིས་གནས་ཚུལ་ཁོ་སྤྲོད་གནང་བ་ལྟར་ན། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་མདོ་སྨད་རེབ་གོང་རོང་པོ་དགོན་ཆེན་གྱི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རོང་བོ་དགོན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ལ། སྐབས་དེ་ནས་ད་ལྟའི་བར་གྱི་ཟླ་ངོ་ ༦ དང་ཉིན་གྲངས་ ༡༥ བར་དགོན་གྲོང་གཉིས་ཀྱི་མི་སྣ་ཚོས་སྨན་བཅོས་དང་གཉོར་སྐྱོང་གནང་ཡོད་ཀྱང་། ཁོང་གི་སྐུ་ལུས་མེར་འཚིགས་པའི་གནས་སྟངས་ཧ་ཅང་ཚབས་ཆེན་ཡིན་སྟབས་དྲག་སྐྱེད་མ་བྱུང་བར་དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་དགོང་དྲོའི་བོད་ནང་གི་ཆུ་ཚོད་ ༧ ཡས་མས་ཙམ་ལ་དགོན་པའི་རང་ཤག་ནས་སྐུ་གྲོངས་བའི་གནས་ཚུལ་བྱུང་འདུག་ལ། ཁོང་སྐུ་གྲོངས་མ་ཐག་རོང་བོ་དགོན་ཆེན་གྱི་གྲྭ་མང་ཡོངས་འདུ་འཛོམས་ཀྱིས་སྨོན་ལམ་གསུང་བཞིན་ཡོད་འདུག
གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་མ་ཐག ཁུལ་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་དམག་མི་དང་དགོན་པའི་ཆོས་དོན་ལས་ཁུངས་ཀྱི་མི་སྣ་མཉམ་རུབ་ཐོག ཉེ་འཁྲིས་སུ་ཡོད་པའི་རྨ་ལྷོ་ཁུལ་གྲོང་ཁྱེར་སྨན་ཁང་ཞིག་ཏུ་འཁྱེར། དུས་ཡུན་ཐུང་ངུ་ལས་མ་འགོར་བར་ཕྱིར་དགོན་པའི་ནང་དུ་གདན་འདྲེན་ཞུས་རྗེས། ས་གནས་ཀྱི་མི་མང་འབོར་ཆེན་རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ། སྨོན་ལམ་གསུང་འདོན་དང་སྐད་འབོད་རྒྱག་བཞིན་༧གོང་ས་མཆོག་གི་གསོལ་འདེབས་དབྱངས་སུ་སྐྱོར་བ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་པ་སོགས་ཀྱི་སྐད་འབོད་གནང་ཡོད།
ཁོང་གིས་རྒྱ་ནག་གཞུང་ལ་རང་བསྲེགས་ཞི་རྒོལ་གནང་རྗེས་རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་དང་། རེབ་གོང་རྫོང་མི་རིགས་སློབ་འབྲིང་། དབྱི་ཧྥུ་མི་རིགས་སློབ་འབྲིང་། ལས་རིགས་ལག་རྩལ་སློབ་གྲྭ། རྩེ་ཁོག་མི་རིགས་སློབ་འབྲིང་བཅས་ཀྱི་སློབ་མ་ཚོས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཉིན་ཤས་རྗེས་རེབ་གོང་བློན་ཆོས་ནས་ཡིན་པའི་བསོད་ནམས་དར་རྒྱས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་བསྲེགས་ཞི་རྒོལ་གནང་སྟེ་འདས་གྲོངས་སུ་སོང་ཡོད།
དམ་པ་ཁོང་ནི་ཕ་དཀོན་མཆོག་སྐྱབས་དང་མ་ལྕགས་མོ་གཉིས་ཀྱི་སྲས་སུ་མདོ་སྨད་རེབ་གོང་རྒྱལ་བོ་ལྡོང་ངེར་འཁྲུངས་ཤིང་། རང་ལོ་ ༣༤ ལ་སོན་ཞིང་རེབ་གོང་རོང་པོ་དགོན་ཆེན་དུ་སློབ་གཉེར་གནང་ནས་འཛིན་གྲྭ་འདུལ་བར་བསླེབས་ཡོད་འདུག
རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་འདས་གྲོངས་སུ་ཕྱིན་འདུག་པས་བཙན་བྱོལ་ན་བཞུགས་པའི་སྐྱབས་བཅོལ་བོད་མི་ཡོངས་ནས་མྱ་ངན་གུས་འདུད་ཞུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། གོང་ནས་གོང་དུ་ཐར་བའི་གོ་འཕང་ཐོབ་པའི་སྨོན་ལམ་འདེབས།
རྒྱལ་གཅེས་དཔའ་བོ་མཆོག་ལ་སྙིང་གུས་འདུད་དང་དགོན་གྲོང་གཉིས་ལ་མྱ་ངན་འཚམས་འདྲི་ཡོད
རྒྱལ་གཅེས་དཔའ་བོ་འདིའི་ང་ཚོ་མི་རིགས་ལ་བཅང་བའི་བརྩེ་དུང་ལ་གུས་འདུད་དང་ནངམི་དང་དགོན་གྲོང་ཚང་མ་མྱ་ངན་གྱ་འཚམས་འདྲི་ཡོད་ ཨོཾ་མ་ཎི་པདྨེ་ཧཱུྃཿ་ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ
རྒྱལ་གཅེས་དཔའ་བོ་མཆོག་ལ་སྙིང་ནས་གུས་འདུད་ཞུ།དྲ་རྒྱ་དོ་དམ་པར་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་བློན་ཆས་ནས་མ་ཡིན་པར་རེབ་གོང་ཤ་སྦྲང་ནས་ཡིན་པས་བཅོས་རོགས་ཞུ།
རྒྱལ་གཅེས་དཔའ་བོ་མཆོག་ལ་སྙིང་ནས་གུས་འདུད་ཡོད། ནང་མི་ཡོངས་ལ་མྱ་ངན་འཚམས་འདྲི་ཡོད། སྤྱན་རས་གཟིགས་མཁྱེན། ཨོཾ་མ་ཎི་པདྨེ་ཧཱུྃཿ