ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༩ པ་ཙམ་ལ་ཁམས་ཡུལ་ཤུལ་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་བསྟན་འཛིན་ཤེས་རབ་ཞུ་བ་ཁོང་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
དེའི་རྗེས་ནང་མི་ཚོས་ཉེན་རྟོག་ཁང་ལ་འབྲེལ་བ་བྱས་ཏེ་ཁོང་གང་དུ་ཡོད་མེད་རྩད་གཅོད་བྱས་ཀྱང་། ད་སྔ་གང་དུ་བཀག་ཉར་བྱས་ཡོད་ཤེས་རྟོགས་ཐུབ་མེད་པ་དང་། འཛིན་བཟུང་བྱས་པའི་རྒྱུ་རྐྱེན་གསལ་བོ་ཤེས་མེད་ཀྱང་། ས་གནས་མི་མང་ཚོས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་ཉ་མཚོ་ཟིལ་དཀར་དགོན་གྲོང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། གྲྭ་བསྟན་འཛིན་ཤེས་རབ་ལགས་མཉམ་ཞུགས་བྱས་པའི་ཉེས་འཛུགས་བྱས་པ་ཡིན་སྐོར་ཚོད་དཔག་བྱེད་ཀྱི་ཡོད་འདུག
གྲྭ་བསྟན་འཛིན་ཤེས་རབ་ལགས་ད་ལྟ་རང་ལོ་ ༢༨ ཡིན་པ་དང་། ཕ་མིང་ལ་འཇམ་ཆོས་དང་མ་མིང་ལ་པདྨ་བདེ་སྐྱིད་ཟེར་ཞིང་། ཁོང་ལ་སྤུན་མཆེད་བདུན་ཡོད་པ་ལས་ཁོང་ལྔ་པ་དེ་ཡིན་འདུག ཁོང་ནི་ནམ་རྒྱུན་ཀུན་སྤྱོད་ཡག་ཅིང་སློབ་གཉེར་ལ་ཧུར་བརྩོན་ཆེ་བ། མི་རིགས་ཀྱི་ལ་རྒྱ་དང་ལས་དོན་ཐོག་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་འདུག