ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཁཱ་བྷེར་པེ་ཊེ་ (Kabir Bedi) ལགས་དང་། བོད་ཀྱི་དངོས་བྱུང་གློག་བརྙན་༼སྤྲིན་རྒྱབ་ཀྱི་ཉི་མ༽ ཞེས་པའི་འཁྲབ་འཁྲིད་པ་བསྟན་འཛིན་བསོད་ནམས་ལགས་དང་། ཁོང་གི་བཟའ་ཟླ་རཱེ་ཐིའུ་སཱ་རིན་(Ritu Sarin) བཅས་ཀྱིས་རྒྱལ་ས་ལྡི་ལིར་གསར་འགོད་གསལ་བསྒྲཊ་ཤིག་བསྐྱངས་ཏེ། ཕྱི་ཚེས་ ༢༧ ཉིན་ནས་བཟུང་བཞུགས་སྒར་ངྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་གློག་བརྙན་དུས་ཆེན་ཞིག་གོ་སྒྲིག་ཞུ་རྒྱུའི་གསལ་བསྒྲགས་བྱས་འདུག
བསྟན་འཛིན་བསོད་ནམས་ལགས་ཀྱིས་གསར་ལམ་དུ་བརྗོད་པ་ལྟར་ན། བཞུགས་སྒར་དུ་གོ་སྒྲིག་ཞུ་རྒྱུའི་གློག་བརྙན་དུས་ཆེན་འདིའི་དམིགས་ཡུལ་གཙོ་བོ་ནི། ཁོང་བཟའ་ཟླ་གཉིས་དུས་ཡུན་རིང་པོར་བཞུགས་སྒར་དུ་གནས་སྡོད་བྱེད་ཀྱི་ཡོད་སྟབས། བཞུགས་སྒར་མི་མང་ལ་ཞབས་འདེགས་དང་། དུས་ཆེན་འདི་བརྒྱུད་མི་རྣམས་ཀྱིས་བོད་དོན་ལ་སྔར་ལས་ལྷག་པའི་དོ་སྣང་ཡོང་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་བརྗོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཚེས་ ༢༧ ཉིན་དངོས་སུ་དབུ་འཛུགས་གནང་འཆར་ཡོད་འདུག་ལ། ཉིན་དེའི་སྔ་དྲོའི་མཛད་སྒོ་ཁག་གྲུབ་རྗེས། སྟག་སྣ་བློ་བཟང་བཀྲ་ཤིས་ཀྱི་གློག་བརྙན་གཟིགས་འབུལ་དང་། གློག་བརྙན་ཐུང་གྲས་འགྲན་བསྡུར་པར་བྱ་དགའ་དང་། བྱ་དགའ་ཐོབ་མཁན་དང་ལྷན་གླེང་མོལ། དེ་བཞིན། བསོད་ནམས་ཚེ་བརྟན་གྱིས་༼ རྒྱ་ནག་གི་བུ་མོ༽ ཞེས་པའི་གློག་བརྙན་དབུ་འབྱེད་དང་། ༼ང་ཚོ་གྲུ་ཟུར་གྱི་མི༽ཞེས་པའི་སྐལ་བཟང་ཚེ་བརྟན་གྱི་གློག་བརྙན་གཟིགས་འབུལ་བཅས་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན། ཁྱི་ཞ་ར་གློག་བརྙན་འཛིན་གྲྭའི་སློབ་མས་བཟོས་པའི་གློག་བརྙན་དང་། ངག་དབང་ཆོས་འཕེལ་གྱི་གློག་བརྙན་༼དབྱངས་ལ་ཐིམ་པའི་བོད༽། ཚེ་རིང་རི་ཐར་གྱི་གློག་བརྙན་༼ལས་དབང་༽། པདྨ་ཚེ་བརྟན་གྱི་གློག་བརྙན་༼ཁྱི་རྒན༽བཅས་གཟིས་འབུལ་དང་བཞུགས་མོལ་གོ་བསྡུར་བཅས་གནང་རྒྱུ་ཡིན་འདུག
དུས་ཆེན་འདི་བརྒྱུད་མི་རྣམས་ཀྱིས་བོད་དོན་ལ་སྔར་ལས་ལྷག་པའི་དོ་སྣང་ཡོང་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་བརྗོད་འདུག ་་ཟེར།