གཟའ་ཟླ་བའི་ཉིན་ནོར་གླིང་དཔེ་མཛོད་ཐོག་ཁང་དུ། འདི་ལོའི་བོད་ཀྱི་གློག་བརྙན་དུས་ཆེན་གྱི་གློག་བརྙན་གཟིགས་འབུལ་གྱི་ཐོག་མ་དེ། རྒྱལ་བ་ཀརྨ་པ་མཆོག་དང་སྦྱིན་བདག་རྣམ་པར་སྤྱན་འབུལ་གནང་ཡོད།
ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱབ་ཆུ་ཚོད་ ༣ སྟེང་། བོད་ཀྱི་གློག་བརྙན་དུས་ཆེན་ཚོགས་ཆུང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དཔེ་མཛོད་དུ་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་མཆོག་དབུ་བཞུགས་ཐོག ངྷ་སར་འཚོགས་ལ་ཉེ་བའི་ཐེངས་འདིའི་བོད་ཀྱི་གློག་བརྙན་དུས་ཆེན་གྱི་སྔོན་འགྲོའི་མཛད་སྒོ་ཞིག་ཚོགས་ཏེ། ལས་གཞིར་རོགས་འདེགས་དང་སྦྱིན་བདག་གནང་མཁན་ཁག་ངོ་སྤྲོད་དང་སྦྲགས། ལོ་སྔོན་མའི་དུས་ཆེན་ཁྲོད་བྱ་དགའ་རག་པའི་གློག་བརྙན་དང་། ད་ལོའི་བོད་ཀྱི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཁག་ཅིག་གཟིགས་འབུལ་གནང་ཡོད།
མཛད་སྒོའི་ཐོག་སུད་སི་བོད་ཀྱི་གློག་བརྙན་དུས་ཆེན་ཚོགས་ཆུང་གི་འཐུས་མི་ཉི་མ་དོན་འགྲུབ་ལགས་ཀྱིས། བོད་ཀྱི་གློག་བརྙན་དུས་ཆེན་གྱི་འཕེལ་རིམ་དང་དམིགས་ཡུལ་ངོ་སྤྲོད་གནང་དོན། བོད་ཀྱི་གློག་བརྙན་དུས་ཆེན་ནི་ ༢༠༠༨ ལོ་ནས་མགོ་འཛུགས་བྱས་པ་དང་། དེ་ནི་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་བོད་དུ་ཕྱིན་ཏེ་ ༼འཇིགས་བྲལ༽ཞེས་པའི་གློག་བརྙན་ཕབ་ལེན་བྱས་རྗེས། སུད་སིར་བཏང་འབྱོར་བྱུང་འཕྲལ་བཟོ་སྐྲུན་ཀྱིས་ཕྱི་ཕྱོགས་ལ་གཟིགས་འབུལ་གྱི་མགོ་བཙུགས་པ་ནས་བྱུང་པ་ཞིག་ཡིན་ལ། དམིགས་ཡུལ་གཙོ་བོ་ནི་བཙོན་འོག་ཏུ་ཡོད་པའི་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལ་རྗེས་དྲན་དང་། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཚོའི་གློག་བརྙན་ལ་ཆེ་མཐོང་དང་རྒྱབ་སྐྱོར། བོད་རིགས་ན་གཞོན་ཚོར་གློག་བརྙན་བཟོ་སྐྲུན་ཐད་སྐུལ་འདེད་དང་སྡིངས་ཆ་བསྐྲུན་རྒྱུ། བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་རང་གིས་བཟོ་སྐྲུན་བྱས་པའི་གློག་བརྙན་ལ་དོ་སྣང་ཡོང་ཆེད་བཅས་ཡིན་སྐོར་བརྗོད་བྱུང་།
སྐུ་མགྲོན་གཙོ་རྒྱལ་བ་ཀརྨ་པ་མཆོག་གིས། དུས་ཆེན་གོ་སྒྲིག་པ་དང་སྦྱིན་བདག་རྣམ་པར་བསྔགས་བརྗོད་དང་འབྲེལ། དུས་རབས་ཉེར་གཅིག་པ་ནི་བརྡ་འཕྲིན་གྱི་དུས་རབས་ཤིག་ཡིན་སྟབས། གློག་བརྙན་ནི་དུས་རབས་འདིར་མཚོན་ན་གལ་ཆེན་པོ་ཡིན་ལ། གློག་བརྙན་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་ལྟར། བོད་དོན་ཡང་ཆབ་སྲིད་ལས་འགུལ་ཁོ་ན་ཙམ་མིན་པར་བརྒྱུད་ལམ་སྣ་ཚོགས་ནས་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་པ། དེང་སང་ཀོ་རེ་ཡའི་གློག་བརྙན་ལ་ལྟ་རྒྱུར་དགའ་མོས་ཆེན་པོ་ཡོང་གི་ཡོད་པ་དེས། སྤྱི་ཚོགས་ཁྲོད་ཀོ་རེ་ཡའི་སྐད་དང་ཞལ་ལག་སོགས་མང་པོ་ཞིག་ལ་དོ་སྣང་སླེབས་ཀྱི་ཡོད་པ་དང་། ཀོ་རེ་ཡའི་གཞུང་གིས་ཀྱང་གློག་བརྙན་ཐད་རྒྱབ་སྐྱོར་ཆེན་པོ་སྤྲོད་བཞིན་པ་བརྒྱུད་ནས། ཁོ་ཚོར་ཆབ་སྲིད་ཀྱི་ཁེ་ཕན་མང་པོ་ཞིག་རག་གི་ཡོད་པ་ནང་བཞིན། བོད་པའི་སྤྱི་ཚོགས་ནང་གློག་བརྙན་ཆེད་ལས་སློབ་སྦྱོང་དང་བཟོ་སྐྲུན་ལ་དགའ་སྣང་ཡོད་མཁན་ཚོར་རྒྱབ་སྐྱོར་དང་སྡིངས་ཆ་སྐྲུན་རྒྱུ་གལ་ཆེན་པོ་ཡིན་པ། གློག་བརྙན་སྤུས་ཚད་ལྡན་པ་རེ་ཡོང་རྒྱུར་འབད་བརྩོན་བྱ་དགོས་པའི་སྐོར་གསུངས་སོང་།
དེ་བཞིན། རྒྱལ་བ་ཀརྨ་པ་མཆོག་གིས། བོད་པས་བཟོ་སྐྲུན་བྱས་པའི་གློག་བརྙན་ཁག་ཅིག་ལ་ཕྱིའི་སྤྱི་ཚོགས་ཁྲོད་བྱ་དགའ་དང་དགའ་མོས་ཆེན་པོ་ཐོབ་ཀྱི་ཡོད་ཀྱང་། བོད་པ་རང་གི་སྤྱི་ཚོགས་ནང་དེ་ཙམ་ཆ་རྒྱུས་དང་དོ་སྣང་བྱེད་ཀྱི་མེད་པ་ནི་ཐབས་སྐྱོ་བོ་ཡིན་པ་དང་། བོད་པའི་གློག་བརྙན་ལ་བོད་པ་རང་གིས་ཆེ་མཐོང་སྤྲོད་རྒྱུ་གལ་ཆེ་བ། སྤྱིར་གོ་སྐབས་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཡོད་མེད་ཙམ་ལས་བོད་པས་མ་འཇོན་པ་ཞིག་མིན་སྟབས། གཙོ་ཆེ་ཤོས་བོད་མི་ནང་ཁུལ་ཕན་ཚུལ་རྒྱབ་སྐྱོར་དང་སེམས་ཤུགས་སྤར་རྒྱུ་དགོས་པའི་སྐུལ་མ་དང་སྦྲགས། རྒྱལ་བ་ཀརྨ་པ་མཆོག་གིས་ “ང་དེ་རིང་འདིར་ཡོང་པ་གཙོ་ཆེ་ཤོས་བོད་རིགས་གཞོན་སྐྱེས་ཚོར་རྒྱབ་སྐྱོར་མཚོན་བྱེད་ཡིན། གློག་བརྙན་བརྒྱུད་དེ་བོད་པའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གོམས་གཤིས།བོད་མིའི་གཤིས་ཀ་བཅས་བརྒྱུད་བསྒྲགས་བྱས་ཏེ། འཛམ་གླིང་མི་མང་གིས་བོད་མི་ཚོར་སེམས་ཁུར་དང་ཤ་ཚ། རྒྱབ་སྐྱོར་འཐོབ་པ་བྱ་རྒྱུ་དེ་ཆོས་སྲིད་གང་གི་ཐད་ནས་གལ་ཆེན་རེད། ”ཅེས་གསུངས་ཡོད།
ད་ལོའི་བོད་ཀྱི་གློག་བརྙན་དུས་ཆེན་ཟླ་འདིའི་ཕྱི་ཚེས་ ༢༦ དང་ ༢༧ གཉིས་ལ་སུད་སིར་ཐེངས་བཞི་བ་སྟོན་རྒྱུ་ཡིན་པ་དང་། ཚེས་ ༢༧ དང་ ༢༨ གཉིས་ལ་ངྷ་སར་ཐེངས་གཉིས་པ་སྟོན་རྒྱུ་ཡིན་འདུག སྐབས་དེར་གློག་བརྙན་ལེགས་ཤོས་ཨང་དང་པོ་ལ་ཨ་སྒོར་ ༥༠༠ དང་། གཉིས་པར་ཨ་སྒོར་ ༣༠༠། གསུམ་པར་ཨ་སྒོར་ ༢༥༠ བཅས་ཀྱི་བྱ་དགའ་སྤྲོད་རྒྱུ་དང་། ལྟ་མོ་བས་དགའ་མོས་ཐོབ་པའི་གློག་བརྙན་གཅིག་ལ་དམིགས་བསལ་བྱ་དགའ་ཨ་སྒོར་ ༢༠༠ སྤྲོད་རྒྱུ་ཡིན་འདུག
གསར་འགོད་པ། བནྡེ་སྐྱབས།
མ་འོངས་པའི་ཉི་གཞོན་རྒྱལ་བ་ཀརྨ་པ་མཆོག །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་སྔར་བཞིན་རྒྱས་པའི་རེ་བ་དང་སྨོན་ལམ་ཞུ།
༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ “ང་དེ་རིང་འདིར་ཡོང་པ་གཙོ་ཆེ་ཤོས་བོད་རིགས་གཞོན་སྐྱེས་ཚོར་རྒྱབ་སྐྱོར་མཚོན་བྱེད་ཡིན། གློག་བརྙན་བརྒྱུད་དེ་བོད་པའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གོམས་གཤིས།བོད་མིའི་གཤིས་ཀ་བཅས་བརྒྱུད་བསྒྲགས་བྱས་ཏེ། འཛམ་གླིང་མི་མང་གིས་བོད་མི་ཚོར་སེམས་ཁུར་དང་ཤ་ཚ། རྒྱབ་སྐྱོར་འཐོབ་པ་བྱ་རྒྱུ་དེ་ཆོས་སྲིད་གང་གི་ཐད་ནས་གལ་ཆེན་རེད། ”ཅེས་གསུངས་ཡོད།
འདི་ནི་རྡོ་རྗེའི་གསུང་ངོ་མ་དེ་རེད།།
དཔལ་རྒྱལ་དབང་ཀརྨ་པ་མཆོག མི་མང་དང་མཉམ་བཞུགས་ཀྱིས་བོད་སྤྱི་དོན་གྱི་ལས་འགུལ་སྣ་མང་ལ་བཞུགས་པ་ནི། བཀའ་དྲིན་ཤིན་ཏུ་ཆེན་པོ་མིན་ནམ། གཞིས་བྱེས་བོད་བོད་རིགས་ཚོ།