དེ་རིང་ངྷ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་དབུ་བརྙེས་ནས་ལོ་ ༥༢ འཁོར་པའི་དུས་དྲན་སྲུང་གཙིའི་སྟེང་། སྐུ་མགྲོན་གཙོ་རྒྱལ་བ་ཀརྨ་པ་མཆོག་དང་། བཀའ་སྤྱི་གཉིས་ཀྱི་མཛད་གཙོ་བཅས་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་བསྩལ་སོང་།
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ སྟེང་ངྷ་སྟེང་བོད་ཁྱིམ་དུ་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་དབུ་བརྙེས་ནས་ལོ་ ༥༢ འཁོར་པའི་དུས་དྲན་སྲུང་གཙིའི་དབུ་འཛུགས་མཛད་སྒོར། སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་སྤྱི་འཐུས་དང་དྲུང་ཆེ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་དང་འཐུས་མི། ཕྱི་རྒྱལ་རོགས་ཚོགས་དང་སྦྱིན་བདག་རྣམ་པ། ཉེ་འཁོར་སློབ་གྲྭ་དང་དགོན་སྡེ་ཁག་གི་འགན་འཛིན་རྣམ་པ་བཅས་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་མར་དཀྲོལ་རྡུང་རོལ་གསུམ་གྱིས་མདུན་བསུས་ཏེ་བོད་ཁྱིམ་སློབ་གྲྭ་ཁག་གི་རྩེད་འགྲན་རུ་ཁག་རྣམས་རྐང་སྤོལ་ཐང་ཆེན་དུ་རུ་བསྒྲིགས་རྗེས། སྐར་མ་གཅིག་རིང་བོད་བསྟན་པ་ཆབ་སྲིད་སླད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ཆེད་ངག་བཅད་གུས་འདུད་ཞུས་པ་དང་། བདེན་ཚིག་སྨོན་ལམ་གསུང་འདོན། དེ་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་བཏང་གྲུབ་མཚམས། སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་ལྡི་ལི་ནས་ངྷ་སྟེང་བོད་ཁྱིམ་དུ་འབྱོར་ཐོག བོད་ཁྱིམ་སློབ་མ་ཞིག་གིས་རྩེད་ཐང་ལ་སྐོར་བ་གཅིག་བརྒྱབ་མཐཪ་སྐུ་མགྲོན་གཙོ་རྒྱལ་བ་ཀརྨ་པ་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་བཅས་གནང་ཡོད།
མཛད་སྒོའི་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས། བོད་ཕྲུག་ཁྱིམ་སྡེ་ཐོག་མར་གསར་འཛུགས་གནང་ཐོག་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་རྣམ་གཉིས་ཀྱིས་སྔ་རྗེས་སྐུ་ངལ་མཛད་མེད་བཞེས་ནས་འཛུགས་སྐྲུན་ཡར་རྒྱས་གནང་སྟེ། ད་ལྟའི་བར་ལོ་ངོ་ ༥༢ འཁོར་བའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ད་ཡོད་བོད་ཁྱིམ་མ་ལག་དང་བཅས་པའི་ནང་གཞི་རིམ་སློབ་ཕྲུག་ ༡༠༤༡༠ དང་མཐོ་སློབ་འགྲིམས་བཞིན་པ་ ༡༧༡༠ ། ལས་རིགས་སྦྱོང་བརྡར་སློབ་ཕྲུག་ ༤༩༠ ། ཕྱི་རོགས་སྡེ་ཚན་ནང་སློབ་ཕྲུག་ ༡༥༢༨ བཅས་དང་། བོད་ཁྱིམ་ནང་ད་ཡོད་ལས་བྱེད་ ༡༤༥༤ དང་། བགྲེས་ཡོལ་དང་རྒན་གསོ་ཁང་ཁག་ཏུ་ཡོད་པ་ ༥༣༨ ། ལས་མི་ ༡༥༩ བཅས་ད་ལྟ་བོད་ཁྱིམ་ཁྱབ་ཁོངས་སུ་དགེ་ལས་སློབ་ཕྲུག་ཁྱོན་བསྡོམས་ ༡༦༢༨༩ ཡོད་པ་བརྗོད་སོང་།
དེ་བཞིན། རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབས་སྐོར་ངོ་སྤྲོད་གནང་པ་ལྟར་ན། ད་ལོ་བོད་ཁྱིམ་མ་ལག་དང་བཅས་པ་སློབ་གྲྭ་ཁག་ ༨ ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་བའི་ཡིག་རྒྱུགས་གཏོང་མཁན་སློབ་མ་ ༩༢༣ བྱུང་ཡོད་པ་ལས་འཕྲོད་མཁན་ ༨༩༨ དང་བསྐྱར་རྒྱུགས་གཏོང་དགོས་མཁན་ ༢༡ ། ཡིག་རྒྱུས་མ་འཕྲོད་པ་ ༡ བཅས་ཡོད་ལ། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆའི་ཚད་ ༩༦།༢༩ ཡིན་འདུག འཛིན་རིམ་བཅུ་གཉིས་ཡོད་པའི་བོད་ཁྱིམ་སློབ་གྲྭ་ཁག་བཞི་ནས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་གཏོང་མཁན་ ༥༧༨ བྱུང་ཡོད་པའི་ཁྲོད། ཡིག་རྒྱུགས་འཕྲོད་མཁན་ ༥༤༤ དང་བསྐྱར་རྒྱུགས་གཏོང་དགོས་པ་ ༢༣ ། ཡིག་རྒྱུགས་མ་འཕྲོད་པ་ ༡༡ ཡོད་ལ། ཁྱོན་བསྡོམས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆའི་ཚད་ ༩༤།༡༡ ཡིན་འདུག
གཞན་ཡང་། ཁོང་གིས་ ༢༠༡༡ ནས་ ༢༠༡༢ བར་གྱི་ལོ་གཅིག་གི་བྱུང་སོང་རྩིས་ཁྲ་སྙན་སྒྲོན་གནང་པའི་ནང་། སྔོན་རྩིས་རྒྱུན་གྲོན་ཐོག་ཧིན་སྒོར་ ༤༦༡༧༤༣༧༧༣།༦༦ དང་། ལས་འཆར་ཁག་གི་ཆེད་ཧིན་སྒོར་ ༥༠༣༨༢༡༢༨།༨༣ བཅས་ཁྱོན་བསྡོམས་ཧིན་སྒོར་ ༥༡༢༡༢༥༩༠༢།༤༩ བྱུང་ཡོད་པ་དང་། དེ་དག་གི་བརྒྱ་ཆ་ ༢༠ བོད་རིགས་ནང་ཁུལ་ནས་ཡོང་རྒྱུར་འབད་བརྩོན་གནང་གི་ཡོད་ཟེར། གོང་གི་དུས་ཡུན་ནང་གི་སོང་ནི། རྒྱུན་གྲོན་ཐོག་ཧིན་སྒོར་ ༤༤༢༦༡༩༠༦༡།༥༧ དང་ལས་འཆར་ཁག་གི་ཐད་ཧིན་སྒོར་ ༧༢༨༨༡༧༧༥།༠༤ བཅས་ཁྱོན་བསྡོམས་ཧིན་སྒོར་ ༥༡༥༥༠༠༨༣༦།༦༡ ཡིན་འདུག
མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་སྐབས། སྐུའི་གཅེན་གཅུང་རྣམ་གཉིས་ཀྱིས་འགྲོ་ས་སྡོད་ས་མེད་པའི་བོད་ཕྲུག་ཉམ་ཐག་ཚོར་བདག་པོ་བརྒྱབ་སྟེ། བོད་ཕྲུག་ཁྱིམ་སྡེ་གསར་འཛུགས་དང་འཕེལ་རྒྱས་ཐོག་དེ་རིང་གི་གཞི་རྒྱ་ཆེ་ཞིང་གྲུབ་འབྲས་ལྡན་པའི་བོད་ཕྲུག་ཁྱིམ་སྡེ་འདི་བྱུང་ཡོད་ལ། རྗེས་ཕྱོགས་ཀྱང་ཤེས་ཡོན་རག་ཐབས་ཙམ་མ་ཡིན་པར་འབུམ་རམས་པ་(Ph.D) དང་རིགས་གཅིག་རྐང་འཛིན་པ་འཐོན་ཐབས་ལ་ཤུགས་གནོན་རྒྱག་དགོས་པ། དེང་སང་བོད་ཕྲུག་མང་པོ་ཞིག་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་རག་གི་ཡོད་པ་ལྟར། སློབ་མཐར་ཕྱིན་རྗེས་ཕྱིར་བོད་པའི་སྤྱི་ཚོགས་ནང་ཡོང་སྟེ་ལས་ཀ་བྱ་དགོས་སྐོར་གསུངས་སོང་།
ཡང་ཁོང་གིས་རྒྱ་གཞུང་གི་གདུག་རྩུབ་དྲག་གནོན་འོག་བོད་ནང་དུ་བོད་མི་ ༥༧ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། གནས་ཚུལ་དེ་དག་རྒྱལ་སྤྱིའི་སྟེང་འཁྱེར་ཐུབ་པར་བྱ་རྒྱུའི་འགན་གཙོ་བོ་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གིས་གནད་དོན་དེར་ཤུགས་གནོན་རྒྱག་དགོས་སྐོར། ༸གོང་ས་མཆོག་ཆབ་སྲིད་ཀྱི་སྐུ་དབང་བཞེས་མིན་ལ་མ་ལྟོས་པར། ག་དུས་ཡིན་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་བསམ་པ་ཞིག་དགོས་སྐོར། བོད་མི་ཚོར་སྟོན་རྒྱུ་ཞིག་ཡོད་པ་ནི་ནང་ཆོས་ཡིན་སྟབས། ནང་ཆོས་ནི་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། དེར་སློབ་སྦྱོང་གིས་སོ་སོའི་ཀུན་སྤྱོད་ཡག་པོ་ཡོང་ཐབས་བྱ་དགོས་སྐོར་སོགས་གསུངས་ཡོད།
དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་འཕྲིན་གནང་སྐབས། སློབ་ཕྲུག་ཚོས་ཀྱང་༸གོང་ས་མཆོག་གི་དགོངས་བཞེད་དང་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར། དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པ་དང་། ལྷག་པར་དུ་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་དོ་སྣང་ཆེན་པོས་སྦྱང་བརྩོན་ཐོག་འདབ་གཤོག་གཉིས་ལྡན་ཞིག་ཆགས་རྒྱུར་འབད་བརྩོན་བྱ་དགོས་སྐོར། འདས་པའི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་གུང་ཁྲན་དམར་པོ་གཞུང་གིས་བོད་མིར་གསོད་རྡུང་མནར་གཅོད་དང་། ཁོར་ཡུག་གཏོར་བཅོམ་སོགས་ཚད་ལས་བརྒལ་བ་བྱས་པར་བརྟེན། བོད་མི་རྣམས་ཐབས་ཟད་འུ་ཐུག་གིས་རང་ལུས་མེར་བསྲེགས་གནང་སྟེ། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་མིའི་ཆོས་དང་རིག་གཞུང་།སྐད་ཡིག་བཅས་ཁོང་རྣམ་པས་སོ་སོའི་སྲོག་ལས་གལ་ཆེ་བར་འཛིན་གྱི་ཡོད་པ་ལྟར། བཙན་བྱོལ་བོད་མི་ཚོས་ཁོང་རྣམ་པའི་ཕུགས་བསམ་རྣམས་དུས་རྟག་ཏུ་ཡིད་ལ་བཅང་དགོས་སྐོར་གསུངས་ཡོད།
མཐར་སྐུ་མགྲོན་གཙོ་རྒྱལ་བ་ཀརྨ་པ་མཆོག་གིས།འདས་པའི་ལོ་ ༥༠ རིང་བོད་ཕྲུག་ཁྱིམ་སྡེ་ཡིས་བཙན་བྱོལ་དུ་ཡོད་པའི་བོད་ཕྲུག་ཚོར་བདེ་ཐང་ལྡན་པའི་འཚོ་བ་དང་སློབ་གསོ་གནང་པར་བསྔགས་བརྗོད་དང་སྦྲགས། འཛམ་གླིང་འདི་ཉིད་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་པ་ལྟར། སྤྱི་ཚོགས་དང་རིག་གཞུང་གང་འདྲ་ཞིག་ཡིན་ཡང་དེ་བཞིན་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་ཚན་རིག་ལག་རྩལ་དེས་བས་ཡར་རྒྱས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། བོད་མི་ཚོས་གཅིག་ནས་དུས་རབས་ཀྱི་རྗེས་ཟིན་པ་ཞིག་དང་། གཉིས་ནས་བོད་པའི་རིག་གཞུང་འདི་ཇི་ལྟར་སྲུང་སྐྱོབ་བྱ་དགོས་པ་དེ་དྲི་བ་ཆེན་པོ་ཞིག་ཡིན་པས། རྒྱ་གར་དུ་སྐྱེས་ཏེ་འཚར་ལོངས་བྱུང་པའི་བོད་མི་ཞིག་གི་ངོས་ནས་བཤད་ན། གཞན་ཡུལ་གྱི་སྤྱི་ཚོགས་གསར་པ་ཞིག་གི་ནང་དུ་ག་འདྲ་བྱས་ནས་སོ་སོའི་རྐང་པ་འཛུགས་ཐུབ་པར་བྱ་རྒྱུ་དང་། རང་མགོ་རང་ཐོན་བྱ་རྒྱུ་དེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད་སྐོར་གསུངས་སོང་།
ཡང་ཁོང་གིས་སློབ་ཕྲུག་ཚོར།གསེར་ལྟ་བུའི་གཞོན་ནུའི་དུས་འདི་འཕྲོ་བརླག་ཏུ་མ་བཏང་པར། སོ་སོ་སྒེར་གྱི་མི་ཚེ་དང་བོད་པའི་མ་འོངས་པའི་ཆེད་དུ་གཞི་རྩ་བཟང་པོ་ཞིག་འདིང་ཐུབ་པ་བྱ་རྒྱུའི་རེ་བ་དང་སྐུལ་འདེད་གནང་པ་མ་ཟད། བོད་ཕྲུག་ཁྱིམ་སྡེའི་ནང་གི་སློབ་ཕྲུག་མང་པོ་ཞིག་སོ་སོའི་ཆོས་དང་རིག་གཞུང་ལ་རང་དབང་གི་སྒོ་ནས་སློབ་སྦྱོང་བྱ་རྒྱུའི་ཕུགས་བསམ་བཟུང་སྟེ། ལ་རྒྱབ་ཆུ་བརྒལ་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ཡོད་པ་ལྟར། ཚང་མས་ཐོག་མའི་ཕུགས་བསམ་ཡོད་པ་ནང་བཞིན་སོ་སོའི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱས་ཏེ། མ་འོངས་པར་ཕྱི་ནང་གང་ཞིག་དུ་ཕྱག་ལས་གནང་ཡང་། བོད་སྤྱི་ཚོགས་ཀྱི་དོན་དུ་ཞབས་ཞུ་བསྒྲུབ་ཐུབ་པའི་མི་ཞིག་བྱ་རྒྱུའི་རེ་བ་དང་སྙིང་སྟོབས་ཡོད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད།
མཛད་སྒོའི་གསུང་བཤད་ཁག་གྲུབ་རྗེས་རྐང་སྤོལ་ཐང་ཆེན་དུ་བོད་ཁྱིམ་སློབ་ཕྲུག་ཚོས་གཞས་སྣ་གཟིགས་འབུལ་དང་། ༡༩༥༩ ནས་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བརླག བོད་མིར་གསོད་རྡུང་མནར་གཅོད་བཏང་བ། བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་དོན་སོགས་མཚོན་པའི་འཁྲབ་སྟོན་བྱས་པ་དང་། དེ་བཞིན། འདི་ལོ་ནི་བོད་ཁྱིམ་ནང་ཁུལ་གྱི་ལོ་བཞི་རེའི་མཚམས་ཀྱི་ལུས་རྩེད་འགྲན་བསྡུར་གྱི་ལོར་འཁེལ་ཡོད་པ་ལྟར། བོད་ཁྱིམ་སློབ་གྲྭ་ཁག་ཚང་མ་ནས་རྩེད་འགྲན་པ་མང་པོ་ཞིག་འདིར་ཡོང་སྟེ། འདས་པའི་ཉིན་འགའི་རིང་ནང་ཁུལ་རྩེད་འགྲན་བྱས་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་མཐའ་མའི་རྩེད་འགྲན་བྱ་རྒྱུ་ཡིན་འདུག
གསར་འགོད་པ། བནྡེ་སྐྱབས།
བཀུར་འོས་སྤྱི་འཐུས་ཚོགས་གཙོ་མཆོག་གིས། “སློབ་ཕྲུག་ཚོས་ཀྱང་༸གོང་ས་མཆོག་གི་དགོངས་བཞེད་དང་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར། དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པ་དང་། ལྷག་པར་དུ་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་དོ་སྣང་ཆེན་པོས་སྦྱང་བརྩོན་ཐོག་འདབ་ཤོག་(གཤོག)གཉིས་ལྡན་ཞིག་ཆགས་རྒྱུར་འབད་བརྩོན་བྱ་དགོས་སྐོར། “ཞེས་གསུངས་པ་ལྟར།
“འཛིན་སྐྱོང་གི་ངོས་ནས་༸གོང་ས་མཆོག་གི་དགོངས་བཞེད་དང་། ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལ་ཕྱར་གྲུ་མཉམ་འདེགས་གནང་ཐབས་ལ་འབད་དགོས་གསུངས་ན་ཅི་མ་རུང་སྙམ་བྱུང་། ”
༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། འདས་དང་ད་ལྟའི་མཛད་རྗེས་ཅན་གྱི་འཛིན་སྐྱོང་གི་སྡེ་ཁག་དང་། དགེ་ལས། འབྱོར་ལྡན་གྱི་སྦྱིན་བདག་སོགས་ཀྱི་ཐུན་མོང་གི་ནུས་སྟོབས་དང་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་ཕྲུག་ཁྱིམ་སྡེའི་འདས་པའི་གྲུབ་འབྲས་དང་། ད་ལྟའི་གནས་སྟངས་འདི་ལྟ་བུ་བྱུང་ཡོད་སྟབས། དེར་ཡིད་ཚིམས་འདོད་ཁེངས་ཙམ་མ་ཡིན་པར་འབྱུང་འགྱུར་གྱི་བོད་མི་རིགས་ཀྱི་ཤེས་རིག་གི་ཞིང་ས་གཤིན་པོར་རེ་བའི་འབྲས་བཟང་སྔར་ལས་ལྷག་པ་སྨིན་པའི་ཆེད། ཐབས་བརྒྱ་བྱུས་སྟོང་དང་། དབུ་འོག་དཔུང་འདེགས། ལ་ཉག་མཛོ་གཟེངས་ལྟ་བུ་གནང་དགོས་པའི་གནད་འགག་ཅིག་ཀྱང་མཐོང་བས་དེ་དོན་ཐུགས་བསམ་བཞེས་དགོས་འདུག
ལོ་ངོ་བཅུ་གཉིས་གཞུང་ཚད་སྦྱང་ས་དང་། །
ལོ་ངོ་བཅུ་གཉིས་༸གོང་ས་མཆོག་དང་ལྷན། །
མི་ལོ་བཅུ་གཉིས་བསྐྱལ་ས་དྷ་སའི་གྲོང་། །
མི་ལོ་བཅུ་གཉིས་བསྐྱལ་བས་དོན་ལྡན་བྱུང་། །
དིང་གི་གཞིས་བྱེས་བོད་སློབ་བོད་དགེ་ཚོས། །
དིང་གི་ཚན་རིག་སློབ་སྦྱོང་རྗེས་ཟིན་ཐོག །
དེང་སང་བོད་ཀྱི་ཆབ་སྲིད་གཉན་ཕྲང་འདིར། །
དེང་སང་བོད་རིགས་ལ་རྒྱ་སོམས་རན་འདུག །
ཀ་ནས་དག་ཞིང་ཡིན་པ་དྷ་སའི་གྲོང་། །
ཁ་བ་གངས་ལྗོངས་སློབ་གྲྭ་བུ་གསོ་ཁང་། །
ག་ནས་བསམས་ཀྱང་དགའ་བ་སྒོམ་ནའང་འགྲིག །
ང་ཅག་བོད་རིགས་ཤེས་ཡོན་དར་རྒྱས་ཤོག །
ལོ་གཅིག་གི་རིང་འགྲོ་སོང་ཧིན་སྒོར་དུང་ཕྱིར་ལྔ་ལྷག ལོ་གཅིག་གི་ནང་བོད་ཀྱི་སྐད་ཡིག་གི་ཤེས་ཚད་རྩེ་སོན་བྱུང་པའི་སློབ་མ་ལྔ། བོད་ཁྱིམ། བོད་ཁྱིམ བོད་་་་་་་་་་ཁྱིམ