དེ་རིང་གཟའ་ཕུར་བའི་ཉིན་བོད་མདོ་སྨད་རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བའི་བོད་མི་ཞིག་གིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག
སུད་སི་གནས་སྡོད་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། དེ་རིང་ཕྱི་ཟླ་ ༡༡ པའི་ཚེས་ ༡༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཡས་མས་སུ་བོད་མདོ་སྨད་རེབ་གོང་རྒྱལ་བོ་ཀླུ་ཆུ་ཐང་ནས་རོང་བོ་གྲོང་རྡལ་དུ་ཡོང་སའི་ལམ་ཁ་ཁོང་གསེང་མདོ་ས་གནས་སུ། རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་མཁའ་འབུམ་རྒྱལ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག་ལ། གནས་ཚུལ་བྱུང་རྗེས་རེབ་གོང་ཚ་རྒྱ་དགོན་པའི་དགེ་འདུན་པ་གཙོས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཞུགས་འབུལ་བྱས་ཡོད་འདུག
རྒྱལ་གཅེས་དཔའ་བོ་མཁའ་འབུལ་རྒྱལ་ལགས་ཀྱི་ཕ་མིང་ལ་རྟ་མགྲིན་རྒྱལ་དང་མ་མིང་ལ་སྒྲོལ་དཀར་མཚོ་འབོད་ཀྱི་ཡོད་པ་དང་། ཁོང་ལ་ཁྱོན་མིང་སྲིང་ ༦ ཡོད་པ་ལས། ཆེ་བའི་མིང་ལ་བསོད་ནམས་ལྷུན་གྲུབ་དང་འབྲིང་བའི་མིང་ལ་ཀླུ་མོ་འཚོ། ཆུང་བའི་མིང་ལ་གུ་རུ་སྐྱིད་འབོད་ཀྱི་ཡོད་འདུག་ལ། དཔའ་བོ་ཁོང་ནི་གུ་རུ་སྐྱིད་ཀྱི་གོང་མ་དེ་ཡིན་འདུག
གསར་འགོད་པ། དོན་གོ