དེ་རིང་ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མགོ་ཁྲིད་གསར་བ་ཚོ་ཡོངས་བསྒྲགས་ཐོག་གསར་འགོད་ལྷན་ཚོགས་སུ་ངོ་བཅར་བྱས་ཡོད་ལ། ཧུའུ་ཡིས་ཏང་སྲིད་དམག་གསུམ་གྱི་དབང་ཆ་མཉམ་དུ་རྩིས་སྤྲོད་བྱ་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༤ བརརྒྱ་དམར་སྐབས་ ༡༨ ཚོགས་འདུ་ཚོགས་ཏེ། དམར་ཤོག་མགོ་ཁྲིད་གསར་བ་འདེམས་སྒྲུག་བྱས་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཞི་ཅིན་ཕེན་གྱིས་སྣེ་ཁྲིད་དེ་རྒྱ་གཞུང་དཔོན་རིགས་གསར་པ་རྣམས་གསར་འགོད་ལྷན་ཚོགས་སུ་ངོ་བཅར་བྱས་ཡོད། ཡིན་ནའང་། ཡོངས་བསྒྲགས་གཏན་འབེབ་ཀྱི་ཆུ་ཚོད་ཏག་ཏག་ལ་བསླེབས་མ་ཐུབ་པར་ཧ་ལམ་གཅིག་ཙམ་རྗེས་ལུས་ཐེབས་ཡོད་ལ། ཞི་ཅིན་ཕིན་གྱིས་རྒྱ་གཞུང་གི་ཆེས་མཐོའི་མགོ་ཁྲིད་ཀྱི་མིང་ཐོག་གཏམ་བཤད་དང་པོ་སྤེལ་སྐབས། དུས་བསླེབས་མ་ཐུབ་པར་རྗེས་ལུས་ཐེབས་པའི་ཐད་གསར་འགོད་པ་ཚོར་དགོངས་དག་ཞུས་འདུག ཞི་ཡིས་གཏམ་བཤད་སྐབས་ཏུན་གྱི་རིག་པའི་གཞུང་ལུགས་དང་། ཅཱང་གི་མཚོན་བྱེད་གསུམ། ཧུའུ་ཡི་ཚན་རིག་འཕེལ་རྒྱས་ལྟ་བ་སོགས་གླེང་མེད་སྟབས། ཆབ་སྲིད་དབྱེ་ཞིབ་པ་དག་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག
གསར་དུ་འདེམས་སྒྲུག་བྱུང་པའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་དག་ནི། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་སྔོན་ནས་ཡོངས་གྲགས་ངོས་འཛིན་བྱེད་བཞིན་པའི་ཞི་ཅིན་ཕེན་དང་ལི་ཁི་ཆཱང་གཉིས་ལས་གཞན། སྲིད་བློན་གཞོན་པ་དང་ཁྲུང་ཆིན་དམར་ཤོག་དྲུང་ཆེ་ཀྲང་ཏིག་ཅཱང་། ཧྲང་ཧེ་དམར་ཤོག་དྲུང་ཆེ་ཡུས་ཀྲིན་ཧྲིན། དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོ་ལིག་ཡོན་ཧྲན། སྲིད་བློན་གཞོན་པ་ཝང་ཆིས་ཧྲན། ཐེན་ཅིན་དམར་ཤོག་དྲུང་ཆེ་ཀྲང་ཀོ་ལིས་བཅས་རེད།
གསར་འགོད་ལྷན་ཚོགས་ཐོག་ངོ་བཅར་སྐབས་ཀྱི་པང་རིམ་གཞིར་བཟུང་ཚོད་དཔག་བྱས་པ་ལྟར་ན། ཞི་ཅིན་ཕེན་སྲིད་འཛིན་དང་ལི་ཁི་ཆཱང་སྲིད་བློན་དུ་གཏན་ཁེལ་ཡོད་པ་ཕུད། གཞན་ཀྲང་ཏིག་ཅཱང་མི་དམངས་འཐུས་མིའི་ཚོགས་གཙོ་དང་། ཡུས་ཀྲིན་ཧྲིན་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ། ལིག་ཡོན་ཧྲན་གྱིས་དམར་ཤོག་པའི་བསམ་སྤྱོད་ཀྱི་འགན། ཀྲང་ཀའོ་ལིན་རྒྱུན་ལས་སྲིད་བློན་བཅས་ཀྱི་འགན་འཁུར་རྩིས་ཡིན་འདུག
ཐེངས་འདིའི་མགོ་ཁྲིད་གསར་རྙིང་བརྗེ་སྤོར་ཐད་སྔར་དང་མ་འདྲ་ས་ནི། དེ་སྔའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ ༩ ནས་ ༧ ལ་ཉུང་འཕྲི་བྱས་ཡོད་པ་དང་། ཧུའུ་ཅིན་ཐའོ་ཡིས་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་དང་དམག་དོན་སྤྱི་ཁྱབ་དྲུང་ཆེ་གཉིས་ཀྱི་གོ་གནས་མཉམ་དུ་ཞི་ཅིན་ཕིན་ལ་རྩིས་སྤྲོད། དེ་བཞིན། ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་རྒྱ་གཞུང་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་། རྒྱལ་ཁབ་ཀྱི་སྲིད་འཛིན་གོ་གནས་ཀྱང་ཞི་ཅིན་ཕིན་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་སྟབས། སྔོན་མ་ཅཱང་ཙེ་མཱེན་ནང་བཞིན་ལོ་རེ་གཉིས་དུས་འགྱང་གིས་དབང་ཆ་རྩིས་སྤྲོད་བྱེད་མ་དགོས་པར། ལོ་རྗེས་མ་ནས་བཟུང་ཞི་ཅིན་ཕིན་རྒྱ་གཞུང་གི་དམར་ཤོག་དང་། སྲིད། དམག་གསུམ་གྱི་དབང་འཛིན་པ་མཐོ་ཤོས་ཆགས་རྒྱུ་ཡིན་འདུག
དེ་མིན། ཆབ་སྲིད་ལྷན་གྱི་རྒྱུན་ཚོའི་གོ་གནས་རིམ་པ་བགར་སྟངས་ཐད། དེ་སྔོན་སྲིད་བློན་གོ་གནས་ནི་ཨང་རིམ་གསུམ་པ་ཆགས་ཀྱི་ཡོད་མོད། ཐེངས་འདིར་རྒྱུན་ལས་མི་བདུན་གསར་འགོད་ལྷན་ཚོགས་སུ་ངོ་བཅར་སྐབས། ལི་ཁི་ཆང་ཨང་རིམ་གཉིས་པའི་མིང་ཐོག་ནས་བསླེབས་ཡོད་པ་མ་ཟད། ཞི་ཅིན་ཕིན་གྱིས་རྒྱུན་ལས་གསར་བ་རྣམས་ངོ་སྤྲོད་བྱེད་སྐབས་ཀྱང་། ལི་ཁི་ཆང་ཐོག་དང་པོར་ངོ་སྤྲོད་བྱས་ཡོད་པ་རེད།
ཉེ་སྔོན་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འོས་མིའི་ཁྲོད་བསླེབ་རྒྱུར་གླེང་སློང་ཤུགས་ཆེན་བྱུང་ཡོད་པའི། ཧུའུ་ཅིན་ཐའོ་ཡི་ཐུན་ཤོག་གི་མི་སྣ་ལིས་ཡོན་ཁྲའོ་དང་། ཆབ་སྲིད་བཅོས་བསྒྱུར་ལྟ་བ་འཛིན་མཁན་ཀུང་ཏུང་དམར་ཤོག་དྲུང་ཆེ་ཝང་ཡཱང་གཉིས་རྒྱུན་ལས་མི་ ༧ གྲས་སུ་བསླེབས་ཐུབ་མི་འདུག སྐབས་དོན་དཔྱད་བརྗོད་མང་པོས་ཐེངས་འདིའི་མི་སྣ་འདེམས་སྒྲུག་གི་ཐད་ནས། རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་ཁྲོད་ཅཱང་ཤོག་གི་སྟོབས་ཤུགས་སྔར་བཞིན་ཆེ་བ་མངོན་ལ། རྒྱ་གཞུང་གི་དཔོན་རིགས་གསར་པ་དེ་དག་གི་སྐབས་སུ། རྒྱ་གཞུང་གི་ཆབ་སྲིད་བཅོས་སྒྱུར་ཐད་རེ་བ་ཆེན་པོ་ཡོད་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག
དེ་སྔའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་ ༢༥ གྲས་ནས། སྒྲིག་འགལ་ནག་ཉེས་འོག་པའོ་ཞི་ལའེ་དམར་ཤོག་རྩ་འཛུགས་ཁྲོད་ཕྱིར་ཕུད་ཟིན་པ་ལས་གཞན་ད་དུང་། ཧུའུ་ཅིན་ཐའོ་དང་། ཝུའུ་པང་ཀའོ། ཝུན་ཇ་པའོ། ལི་ཁྲང་ཁྲོན། ཅ་ཆིན་ལིན། ཧི་གོ་ཆང་། ཀྲིག་ཡུང་ཁཱང་བཅས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་རྙིང་པ་རྣམས་གཙོས། ཆབ་སྲིད་ལྷན་ཁང་གི་འཐུས་མི་ ༡༤ ཐེངས་འདིར་བརྗེ་སྤོར་བྱས་ཡོད་ལ། གསར་དུ་ཆབ་སྲིད་ལྷན་ཁང་གི་འཐུས་མིའི་ཁྲོད་བསླེབས་མཁན་གྲས་སུ། གླེང་གཞི་ཅན་གྱི་མི་སྣ་གཙོ་བོ་ལིས་ཅན་ཀྲུའུ་དང་། ཧུའུ་ཁྲོན་ཧྭ། ཀྲའོ་ལིག་ཅི། ལིས་ཀྲན་ཧྲུའུ། ཀྲིག་ཆཱང་། ཀྲང་ཁྲོན་ཞན་སོགས་ཡོད་པ་རེད།
གཞན་ཡང་། སྐབས་ ༡༨ རྒྱ་གཞུང་དབུས་དམར་ཤོག་འཐུས་མི་ ༢༠༥ བདམས་སྒྲུག་བྱས་ཡོད་པའི་ཁྲོད། བོད་རིགས་གཅིག་ཡོད་པ་ནི་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་དམར་དྲུང་ཆེ་གཞོན་པ་པདྨ་འཕྲིན་ལས་རེད་འདུག དེ་སྔའི་སྐབས་ ༡༧ རྒྱ་གཞུང་དབུས་དམར་ཤོག་འཐུས་མིའི་གྲས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་མགོ་གཙོ་ལེགས་མཆོག་གཉིས་ཐེངས་འདིར་ཕྱིར་ཕུད་འདུག དེ་བཞིན། སྐབས་ ༡༨ རྒྱ་གཞུང་དབུས་དམར་ཤོག་རྗེས་སྣོན་འཐུས་མི་ ༡༧༡ འདེམས་སྒྲུག་བྱས་ཡོད་པའི་ཁྲོད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་བློ་བཟང་རྒྱལ་མཚན་དང་མགོན་པོ་བཀྲ་ཤིས། དེ་མིན། ཡུལ་ཤུལ་བོད་རིགས་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་བསྟན་ཁོ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་ལིས་ཁྲང་ཕིན་བཅས་བོད་རིགས་ ༤ ཡོད་པ་དང་། སྐབས་སྔོན་མའི་རྗེས་སྣོན་འཐུས་མིའི་གྲས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་རྒྱུན་ལས་དྲུང་ཆེ་གཞོན་པ་རྡོ་རྗེ་ཐེངས་འདིར་ཕྱིར་ཕུད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
རྒྱ་གཞུང་དབུས་དམར་ཤོག་འཐུས་མིའི་གྲས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་མགོ་གཙོ་ལེགས་མཆོག་གཉིས་ཐེངས་འདིར་ཕྱིར་ཕུད་བྱས་པ་འདི་ཡང་།
ཁོང་གཉིས་ཀྱིས་བོད་པར་ཕན་པའི་ལས་བྱས་ནས་ཕུད་པ་ཡིན་ནམ། ཡང་ན། རྒྱ་གཞུང་ལ་ཕན་པའི་ལས་མ་བསྒྲུབས་ནས་ཕུད་པ་རེད་དམ། ལགས། སུས་གང་གསུངས་ཐུབ་བམ།
ཀརྨ་རྡོ་རྗེ་ལགས། ཁྱེད་ཀྱི་དྲི་བ་དེ་གནད་འགག་ཅིག་རེད་ལ། དེ་དང་མཉམ་དུ་
དེ་སྔའི་སྐབས་ ༡༧ རྒྱ་གཞུང་དབུས་དམར་ཤོག་འཐུས་མིའི་གྲས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་མགོ་གཙོ་ལེགས་མཆོག་གཉིས་ཐེངས་འདིར་ཕྱིར་ཕུད་བྱས་པའང་དྲི་བ་ཞིག་ལོས་ཡིན་སྙམ་་་་་དེ་ནས་་་
གང་ལྟར་དམར་གཞུང་གི་མགོ་ཁྲིད་གསར་བ་དག་གིས་ཀྱང་༸གོང་ས་མཆོག་བོད་དུ་གདན་འདྲེན་མ་ཞུས་ན་བོད་མི་དག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་རྟགས་མཚན་དུ་བོད་མི་གཉིས་ཀྱིས་འབོད་ཚི
་་་་་་ སྐབས་ ༡༨ རྒྱ་གཞུང་དབུས་དམར་ཤོག་འཐུས་མི་ ༢༠༥ བདམས་སྒྲུག་བྱས་ཡོད་པའི་ཁྲོད། བོད་རིགས་གཅིག་ཡོད་པ་ནི་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་དམར་དྲུང་ཆེ་གཞོན་པ་པདྨ་འཕྲིན་ལས་རེད་འདུག ་་་་ཟེར་བ་འདི་ཡག་རྟགས་ཡིན་ནམ། སྡུག་རྟགས་རེད། ལགས།