གཟའ་མིག་དམར་ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། དགེ་ལས་སློབ་ཕྲུག་ཚོར་དབུ་མའི་ལམ་དང་དེའི་སྲིད་བྱུས་སྐོར་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད།
ཕྱི་ཚེས་ ༡༣ ཉིན་རྒྱབ་ངྷ་ས་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག ཤེས་རབ་དགའ་ཚལ་སློབ་གླིང་གི་ཚོགས་ཁང་དུ། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་། སློབ་གྲྭའི་ངེས་སྟོན་པ་དང་སློབ་སྤྱི་བཅས་གཙོས་པའི་དགེ་ལས་སློབ་ཕྲུག་ཚོ་ལྷན་འཛོམས་ཐོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ལའི་ལམ་དང་དེའི་སྲིད་བྱུས་སྐོར་ལ་གསུང་བཤད་དང་། དགེ་ལས་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་བཅས་གནང་ཡོད།
བཀའ་བློན་ཁྲི་ཟུར་མཆོག་གིས་དགེ་ལས་སློབ་ཕྲུག་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོའི་ཆ་ནས་མིང་དོན་མཚུངས་པའི་ཐོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་འགྲོ་བའི་མཐའ་དང་། ད་ལྟའི་བོད་ནང་གི་ཆབ་སྲིད་གནས་བབ་ཀྱི་མཐའ་གཉིས་སྤངས་པའི་དབུས་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲོམ་གཞིའི་འོག ཆོལ་གསུམ་ཡོངས་རྫོགས་ལ་བོད་ཟེར་བའི་ཆབ་སྲིད་དང་ས་མཚམས་ཀྱི་གྲུབ་ཆ་གཅིག་གི་ནང་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་པ་ཞིག་རྩོད་ཀྱི་ཡོད་པ་དང་། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བེད་སྤྱོད་བྱེད་བཞིན་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་། མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གང་ཡོད་པ་རྣམས་ཡིག་ཐོག་ཏུ་ཡོད་ཀྱང་དོན་ལ་མེད་པ་ཞིག་མ་ཡིན་པའི་ཐོག དངོས་དོན་ཁ་ཡོད་ལག་ཡོད་ཡིག་ཐོག་ཏུ་གང་གསལ་བ་དེ་ལག་བསྟར་བྱ་ཐུབ་པ་ཡིན་ན། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་དགོས་མཁོ་སྟེ། རྒྱལ་ཁབ་ཁ་བྲལ་འགྲོ་མ་དགོས་པ་སྲུང་སྐྱོང་བྱ་ཐུབ་པ་ཞིག་དང་། བོད་མིའི་དགོས་མཁོ་སྟེ། མི་རབས་ནས་མི་རབས་བརྒྱུད་ཡོང་བའི་སྲོག་ལས་གཅེས་པར་འཛིན་པའི་ཆོས་དང་ལེགས་བྱང་། སྐད་ཡིག ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་རང་དབང་གི་ཐོག་ནས་མ་ཉམས་རྒྱུན་འཛིན་བྱ་ཐུབ་པ། དེ་བཞིན་འགྲོ་བ་མིའི་རིགས་ཤིག་ཡིན་པའི་ཆ་ནས་གཞི་རིམ་གྱི་རང་དབང་དང་ཐོབ་ཐང་། གུ་ཡངས་གང་ཡོད་པ་དག་འཐོབ་ཐུབ་པ་ཞིག་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་རིགས་ཡོངས་རྫོགས་ནང་ཁུལ་ཁ་བྲལ་དུ་མ་སོང་བའི་ཐོག་གོང་བུ་གཅིག་གྱུར་དུ་གནས་ཐུབ་པ། དེའི་ཐོག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དགོས་མཁོ་གང་ཡོད་པ་བསྒྲུབ་ཐུབ་པ་ཞིག་ལ་དམིགས་ཡུལ་བཟུང་ཡོད་སྐོར་གསུངས་སོང་།
ཡང་ཁོང་གིས་དབུ་མའི་ལམ་གྱི་གྲུབ་འབྲས་སྐོར་ནས། དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ལག་བསྟར་བྱས་པ་ལ་བརྟེན་ནས། རྒྱལ་སྤྱིའི་སྟེང་བོད་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཐད་ཕན་ཐོགས་དང་གྲུབ་འབྲས་ཆེན་པོ་བྱུང་ཡོད་སྐོར། ལོ་ངོ་དྲུག་ཅུ་བདུན་ཅུ་ནི་མི་ཞིག་གི་མི་ཚེ་ལ་མཚོན་ན་རིང་པོ་ཡིན་ཡང་། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཐད་ནས་དུས་ཡུན་ཐུང་ཐུང་ཡིན་ལ། དུས་ཐུང་ཞིག་གི་ནང་འཐབ་རྩོད་ལ་གྲུབ་དོན་རྙེད་པའམ་ཐག་གཅོད་བྱུང་བ་ཞིག་ཁག་པོ་ཡིན་པ། ལྷག་པར་དུ་ཆབ་སྲིད་དང་མི་འབོར། སྤྱི་ཚོགས། དབང་སྒྱུར་བྱེད་མཁན་རྒྱལ་ཁབ་ཀྱི་སྟོབས་ཤུགས། རང་ཡུལ་དུ་ཡོད་པ་དང་བཙན་བྱོལ་དུ་ཕྱིན་པ་སོགས་གནས་ཚུལ་མང་པོ་ཞིག་གི་ཐད་ནས། མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་བྱེད་མཁན་གྱི་བྱུང་རིམ་གང་ལ་བལྟས་ཀྱང་། བོད་པའི་གནས་སྟངས་ལ་ཞན་ཆ་མང་པ་དང་ཟུར་དུ་ཐོན་བསྡད་པ། མཚུངས་བསྡུར་བྱེད་དཀའ་བ་ཞིག་ཡིན་སྟབས། དབུ་མའི་ལམ་ཀྱི་སྲིད་བྱུས་གཏན་འབེབ་བྱ་དགོས་པ་དང་། དེའི་དགོས་དོན་ལ་ངོས་འཛིན་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད།
སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་པ་དེས་རང་བཙན་དོར་བ་ཞིག་ཡིན་མིན་ཐད་ཁོང་གིས། “དབུ་མའི་ལམ་གྱི་སྲིད་བྱུས་ངོས་ལེན་བྱེད་པའི་སྐབས་ལ་རང་བཙན་དོར་བ་རེད་ཟེར་བ་དང་། རང་བཙན་བློས་བཏང་བ་རེད་ཟེར་བ་དེ་སྐད་ཆ་བཤད་སྟངས་ཤིག་རེད། སྤྱིར་བཏང་དོར་བ་དང་བློས་བཏང་བ་ཟེར་བའི་ཐ་སྙད་དེ་ནི། ང་རང་ཚོར་ཡོད་པ་ཞིག་དོར་བ་དང་བློས་བཏང་བ་ཡོད་པ་ལས། ང་ཚོ་ལ་མེད་པ་ཞིག་དོར་བ་དང་བློས་བཏང་བ་ཟེར་བ་ནི་ཚིག་རང་རེད།” ཅེས་གསུངས་ཏེ། ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་ཡིག་ཆ་དེར་མིང་རྟགས་བཀོད་ཡོད་པ་དང་། དེའི་རྗེས་ཀྱི་ཉིན་ཤས་ནས་བོད་དབུས་གཞུང་ནས་དེར་ངོས་ལེན་བྱས་པའི་བརྡ་ལན་བཏང་བའི་ཉིན་དེ་ནས་བོད་པའི་རང་བཙན་རྫོགས་ཡོད་པས། བོད་ཀྱི་རང་བཙན་ཤོར་བ་ཡིན་ན་འདྲ། དོར་བ་ཡིན་ན་འདྲ། བློས་བཏང་བ་ཡིན་ན་འདྲ། ཉིན་མོ་དེ་ནས་བོད་ལ་རང་བཙན་མེད་པར་གྱུར་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ས་གནས་སྲིད་གཞུང་ཞིག་ཆགས་ཡོད་ལ། བོད་ཕྱོགས་ནས་དེར་ངོས་ལེན་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་གནས་བབ་དེའི་ཐད་ནས་བསྡད་ཡོད་ཚུལ། སྤྱིར་བོད་པའི་དེ་བྱུང་རིག་པར་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་དང་གསལ་པོ་ཞིག་མེད་པ་དང་། རང་བཙན་ཟེར་བའི་ཚིག་དེའང་ལྔ་བཅུ་ང་གྲངས་གོང་བོད་མིའི་འདུ་ཤེས་ནང་རྒྱུན་ལྡན་བེད་སྤྱོད་བྱེད་པའི་ཚིག་སྦྱོར་ཞིག་ཆགས་མེད་ཚུལ། བོད་པའི་ཆབ་སྲིད་དང་བྱུང་རབས་དེ་རྒྱལ་སྤྱིའི་མདུན་ལ་འཇོག་དགོས་དུས་ཁག་པོ་ཞིག་ཆགས་ཡོད་སྐོར་སོགས་ལན་འདེབས་གནང་ཡོད།
དེ་བཞིན། ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་པ་དེས་རང་བཙན་འཐབ་རྩོད་ཀྱི་ཐོབ་ཐང་དོར་བ་ཞིག་མིན་པར། རང་བཙན་རྩོད་ལེན་གྱི་ཐོབ་ཐང་དེ་འདས་པའི་བྱུང་རབས་དང་ལྟའི་གནས་བབ་གཉིས་ཀྱི་སྟེང་ནས་འགྲོ་དགོས་པ་ཞིག་ལས། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་དེར་འགལ་ཟླ་འགྲོ་བ་ཞིག་མིན་པ། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་པའི་སྐབས་སུ། བོད་མིའི་རྩོད་ལེན་གྱི་ཁ་ཕྱོགས་དེ་རང་བཙན་ལ་མ་སོང་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོག་འགྲོ་རྒྱུ་ཡིན་པར་བཤད་བཞིན་པ་ཞིག་དང་། གལ་སྲིད་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་པ་ཡིན་ནའང་། རང་བཙན་རྩོད་རྒྱུའི་ཐོབ་ཐང་དེ་མེད་པ་ཆགས་འགྲོ་བ་ཞིག་དང་། བོད་རིགས་དེ་རྒྱ་རིགས་ལ་འགྱུར་འགྲོ་བ་ཞིག་དང་། བོད་སྐད་དེ་རྒྱ་སྐད་ལ་འགྱུར་འགྲོ་བ། བོད་ཀྱི་ས་ཆ་དེ་རྒྱའི་ས་ཆའི་ནང་འཐིམ་འགྲོ་བ་ཞིག་མིན་པ་མ་ཟད། རང་སྐྱོང་ཞིག་ཐོབ་པའི་རྗེས་སུ་དེ་མིང་དོན་མཚུངས་པ་ཞིག་མ་བྱུང་བ་ཡིན་ན་ཡང་བསྐྱར་རང་བཙན་རྩོད་མི་སྲིད་པ་ཞིག་མིན་སྐོར་གསུངས་ཡོད།
གོང་གི་དྲི་བར་ལན་འདེབས་དང་འབྲེལ་ཏེ་ཁོང་གིས། ༡༩༥༡ གོང་བོད་ལ་མངོན་འདོད་ཀྱི་ཆ་ནས་རང་བཙན་ཡོད་པ་བོད་མི་ཚོར་ཡོད་པའི་མྱོང་ཚོར་ཞིག་དང་། ཁོང་རང་ཉིད་ཀྱི་མི་ཚེའི་མྱོང་སྣང་ཐད་ནས་ཤེས་ཚོར་ཡོད་པ་ཞིག་ཡིན་ལ། གཞན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་ཀྱང་དེ་ཤེས་ཀྱི་ཡོད་ཀྱང་། ཁོ་ཚོར་དགོས་མཁོ་ཡོད་པའི་སྐབས་སུ་རང་བཙན་ཡིན་པར་རྩི་ཡི་ཡོད་པ་དང་། དགོས་མཁོ་མེད་པའི་སྐབས་སུ་རང་བཙན་ཡིན་པར་རྩི་ཡི་མེད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར། རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པའི་སྙན་ཐོའི་ནང་ ༡༩༡༣ ནས་ ༡༩༥༡ བར་བོད་དེ་མངོན་འདོད་ཀྱི་རང་བཙན་རེད་འདུག འོན་ཀྱང་ཁྲིམས་མཐུན་གྱི་རང་བཙན་རེད་མི་འདུག་ཅེས་བཀོད་ཡོད་སྐོར་གསུངས་ཏེ། ག་དུས་ཡིན་ནའང་བོད་རང་བཙན་རྩོད་ལེན་བྱེད་མཁན་བོད་མི་གཞོན་སྐྱེས་ཚོ་དང་། ལྷག་པར་དུ་ཤེས་ཡོན་ཅན་ཚོས། རྒྱལ་སྤྱིའི་ནང་རྙོག་འཛིང་ཡོད་པའི་བོད་ཀྱི་འདས་པའི་བྱུང་རབས་དེ་གསལ་བོ་བཟོ་དགོས་པ་དང་། ཕར་ཕྱོགས་ནས་བཤད་པ་དེ་བདེན་པ་མ་ཡིན་པ་དང་འཁྱོག་བཤད་ཡིན་པ་ངོས་འཛིན་ཐུབ་པའི་བདེན་རྟགས་བསྒྲུབ་དགོས་པ་གལ་ཆེན་པོ་ཡིན་པ་ལས། སེམས་ཚོར་ཙམ་གྱིས་རང་བཙན་བཤད་བསྡད་པ་ཡིན་ན། དོན་དམ་སྟེང་རང་བཙན་ལག་ཏུ་ལོན་རྒྱུར་ལག་ལེན་ཐོག་གོམ་པ་རྒྱག་ཐུབ་མིན་བཤད་ཁག་པོ་ཡིན་སྐོར་གསུངས་སོང་།
ཡང་ཁོང་གིས། རང་བཙན་ཟེར་བ་དེ་བརྒྱ་ཆ་ ༥༠ འདས་པའི་བྱུང་རབས་ལ་བལྟ་དགོས་པ་དང་། བརྒྱ་ཆ་ ༥༠ ད་ལྟའི་གནས་བབ་ཀྱིས་བསྐྲུན་ཐུབ་པ་ཞིག་ཡིན་ལ། ༡༩༥༡ བར་དུ་བོད་དེ་རང་བཙན་གཙང་མ་ཡིན་པ་དང་། དེ་ནས་རང་བཙན་ཤོར་ཡོད་པ་བོད་མི་ཚོས་ཁས་ལེན་བྱེད་ཀྱི་ཡོད་པ་དང་། བོད་མིའི་བསམ་བློའི་འདུ་ཤེས་འཛིན་ཕྱོགས་དང་ལངས་ཕྱོགས་ཀྱང་དེ་ལྟར་ཡིན་པ་དངོས་དོན་ཡིན་སྟབས། རང་བཙན་རྩོད་རྒྱུ་དེ་བོད་མི་ཚོའི་ཐོབ་ཐང་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་པ་ལྟར། ལངས་ཕྱོགས་དེར་དེ་བྱུང་རིག་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་དང་། འདས་པའི་དུས་ཀྱི་བོད་མི་ཚོའི་བྱེད་ཕྱོགས་མ་འདང་པ་དང་མ་འགྲིག་པ་བྱུང་ཡོད་རིགས་ཡོ་བསྲང་བྱས་ཏེ། བོད་མིར་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་པ་དེ། རྒྱལ་སྤྱིའི་ནང་མ་བརླག་པར་ཉར་ཐུབ་རྒྱུར་ཐབས་ཤེས་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་པའང་གསུངས་སོང་།
བོད་ནང་གི་རང་ལུས་མེར་བསྲེགས་སྐོར་ལ་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར། བཀའ་བློན་ཁྲི་ཟུར་མཆོག་གིས་ “བོད་ནང་ ༢༠༠༩ ནས་ད་ལྟའི་བར་དུ་རྒྱལ་སྤྱིའི་བྱུང་རབས་ནང་ནམ་ཡང་བྱུང་མ་མྱོང་བའི་མི་འབོར་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་རེད། ཁོང་ཚོའི་ལྷག་བསམ་དང་སྙིང་སྟོབས། ཆོད་སེམས། བློས་བཏང་། དཀའ་ཐུབ་དང་ལེན་བཅས་བསམ་ཡུལ་ལས་འདས་པའི་རླབས་ཆེན་རྨད་དུ་བྱུང་བ། ཧ་ལས་དགོས་པ་ཞིག་ཡིན་པ་དེ་བཤད་མ་དགོས་པ་རེད། ཁོང་ཚོ་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དང་། ང་ཚོ་གྲྭ་རྐྱང་ཞིག་ཡིན་པའི་ཆ་ནས་སྨོན་ལམ་རྒྱག་རྒྱུ་དང་མཆོད་འབུལ་བྱ་རྒྱུ་བཅས་ཡིན་པ་ལས། སྲིད་དོན་ཀྱི་ཐད་ནས་འགྲེལ་བརྗོད་གང་ཡང་ཞུ་འདོད་མེད་ལ་ཞུ་རྒྱུ་ཡང་ཁག་པོ་རེད།”ཅེས་གསུངས་ཏེ། བོད་མི་ཚོའི་བསམ་བློའི་ནང་རེ་བ་ཞིག་དང་གདེང་ཚོད་ཅིག་ཡོད་དགོས་པ་དང་། གལ་སྲིད་མེད་ན་བསྐྲུན་དགོས་པ་ཞིག་ཡིན་པ། ཁོང་ཚོའི་རླབས་ཆེན་གྱི་བློས་གཏོང་དེར་སྔ་ཕྱི་མ་གཏོགས། བློས་གཏོང་དང་མཉམ་པའི་གྲུབ་འབྲས་ཡང་དག་པ་ཞིག་ཡོང་པའི་རེ་བ་བྱེད་དགོས་ལ། རེ་བ་དང་མཉམ་དུ་གདེང་ཚོད་ཀྱང་དགོས་པ་དང་། ཁོང་རང་ཉིད་ཀྱི་ངོས་ནས་ཁོང་རྣམ་པའི་བློས་གཏོང་ཆེན་པོ་དེ་ཆུད་ཟོས་སུ་མི་འགྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
གསར་འགོད་པ། བནྡེ་སྐྱབས།
དྲ་གྲོགས་ཚོ་གཟིགས་དང་། ཡང་རྒྱ་མིའི་རྒྱུག་ཁྱི་བྱམས་མེ་མགོན་བསོད། ( སྨྱུག་སྨྱོན)ཟེར་བ་ཞིག་སླེབས་ནས་ངུ་ཟུགས་རྒྱག་བཞིན་འདུག་པས་ཁ་ནང་དུ་ཐལ་བ་ཐོབ་དང་་་་་་་་་་་་་་་་
དུས་བབ་ཚང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་འབྲས་སྤུངས་གླིང་བར་ན་ཚགས་པར་འཚོང་བཞིན་འདུག་ ཁོ་ལ་ཉེས་པ་ཁ་རེ་ཕོག་པ་ཡིན་ནམ། རྩོམ་སྒྲིག་ལས་རོགས་དང་གསར་འགོད་པ་ཚོས་ཡིན་ནོར་དོན་ནོར་མང་པོ་སྤེལ་ཡོང་གི་འདུག
ཁྱེད་ཚོས་གོ་བ་ལོན་སོང་ངམ། ཟམ་གདོང་གིས་སྐད་ཆ་བསྐོར་གྱིན་དུ་བོད་རང་བཙན་དོར་བ་སྟེ་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཆེས་ཆེ་བའི་ནག་ཉེས་ཀྱི་ཞྭ་ནག་དེ་ང་ཕོད་དང་། ང་ཕོད་དང་། སྐུ་ན་གཞོན་པའི་རྒྱལ་བ་རིན་པོ་ཆེའི་དབུ་ལ་བསྐོན་འདུག་པ་དེ།
བོད་མིའི་མངོན་འདོད་གཙོ་བོ་གཉིས་ཐད་ལ་གསལ་བཤད་ཁ་གསལ་གོ་བདེ་གནང་བར་རྗེས་སུ་ཡི་རང་ཞུ།། མ་ཟད་མངོན་འདོད་སྒྲུབ་བྱེད་ཀྱི་ཐབས་ལམ་སོགས་ལ་གསལ་བཤད་མང་པོ་གནང་བ་ལེགས་སོ་ཞུ།།
བོད་ཀྱི་མདུན་སྟོན་པ་ཆེན་པོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་ལ་གུས་ཕྱག་འཚལ། འཕྲལ་མར་ཐལ་སོང་བ་ནི་་་་་ལྟོས་ཨ་་་་་་
བློ་གྲོས་བང་མཛོད་ཤེས་བྱས་གཏམས། །
བཟང་པོའི་ལམ་གྱི་དེད་དཔོན་མཆོག །
བསྟན་པའི་དཔལ་གྱི་ཐུཌ་སྟོབས་ཅན། །
འཛིན་མའི་ཕང་དུ་ཁྱོད་ཉིད་བསྔགས། །
་་་་་་ གལ་སྲིད་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་པ་ཡིན་ནའང་། རང་བཙན་རྩོད་རྒྱུའི་ཐོབ་ཐང་དེ་མེད་པ་ཆགས་འགྲོ་བ་ཞིག་དང་། བོད་རིགས་དེ་རྒྱ་རིགས་ལ་འགྱུར་འགྲོ་བ་ཞིག་དང་། བོད་སྐད་དེ་རྒྱ་སྐད་ལ་འགྱུར་འགྲོ་བ། བོད་ཀྱི་ས་ཆ་དེ་རྒྱའི་ས་ཆའི་ནང་འཐིམ་འགྲོ་བ་ཞིག་མིན་པ་མ་ཟད། རང་སྐྱོང་ཞིག་ཐོབ་པའི་རྗེས་སུ་དེ་མིང་དོན་མཚུངས་པ་ཞིག་མ་བྱུང་བ་ཡིན་ན་ཡང་བསྐྱར་རང་བཙན་རྩོད་མི་སྲིད་པ་ཞིག་མིན་སྐོར་གསུངས་ཡོད། ་་་་ཟེར།
གསར་འགོད་པ་བནྚེ་སྐྱབས་ལགས། སྔོན་མ་དང་བསྡུར་ན་ཞེ་དྲགས་ཡར་རྒྱས་འགྲོ་འདུག འོན་ཀྱང་ཡར་རྒྱས་ལ་མཐའ་མེད་པ་ལྟར་ད་དུང་ཡར་རྒྱས་འགྲོ་དགོས་པ་མང་པོ་ཞིག་བསྡད་འདུག འདི་ལྟ་བུའི་གནད་འགག་དང་ལས་དོན་གལ་ཆེན་གྱི་སྐབས་སུ་གནད་དོན་གཙོ་བོ་འཇུ་མ་ཐུབ་པ་དང་། ཡང་ན་གནས་ཚུལ་གཙོ་བོ་དེ་ཆ་མ་ཚང་པ་དང་ཁ་མི་གསལ་བ་སོགས་ཀྱི་སྐྱོན་གནད་མང་པོ་ཞིག་ཡོང་གི་འདུག དེ་ནས་ཡིག་ནོར་ཅུང་ཙམ་མང་པོ་སྤེལ་གྱི་འདུག འདི་དག་ལ་གཟབ་དགོས་པའི་གནས་རེད། ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིན་ལགས་སོ་།