མིག་མི་འཛུམ།
ཉི་མ་རེར་ཁྱེད་ཀྱི་མིག་མདུན་དུ་འབར་གྱིན་པའི་སྤུན་ཟླའི་བེམ་པོ་རེ་མངོན་ཚེ་སེམས་ལ་ཅི་ཞིག་དྲན་གྱི་འདུག་གམ། མ་གསང་དྲང་བོར་ཤོད་དང་། ང་ཚོའི་ངོས་ནས་ཁ་གྲངས་རྩི་བའི་གསར་འགྱུར་ཞིག་དང་དཀའ་ལས་གང་ཡང་མེད་པའི་པར་རིས་འདྲེན་བཀོད་རེ་བྱས་པས་ཆོག་གམ། ཡང་ན་བྱང་ཆུབ་སེམས་མཆོག་མ་རེ་འདོན་ཞོར་མར་མེ་ཁྲོམ་སྐོར་རེ་བྱས་བས་འགྲིག་གམ། སེམས་ཀྱི་རྫུ་བག་དོར་ནས་ཚོར་བ་དམར་རྗེན་དེ་ཤོད་དང་། ཆོས་དང་ཟང་ཟིང་གི་ཡོལ་རས་ཕབ་ནས་ངོ་གདོང་གནད་མ་དེ་སྟོན་དང་། དགྲ་དང་གཉེན་གྱི་འདུ་ཤེས་ཀྱིས་བཅིངས་པའི་ཁོང་ཁྲོ་དང་ཤ་འཁོན་དེ་མི་འདུག་གམ།
བྱམས་དང་སྙིང་རྗེ། ཡ་རབས་བཟང་སྤྱོད་ཀྱི་སློབ་གསོའི་འོག་ནས་ཁྱེད་ཀྱིས་ཤ་འཁོན་དང་སྙིང་ནད། ཁོང་ཁྲོ་དང་ཞེ་སྡང་གླེང་མི་ཕོད་པ་བདག་གིས་སྔ་ས་ནས་ཤེས་ནའང་། ད་ནི་འུ་ཅག་ལ་མཁོ་བ་ནི་འུ་ཅག་གི་ཆོས་བརྫུ་དེ་མ་ཡིན་པར། བོད་མི་རེ་རེ་དང་རེ་རེའི་སེམས་གཏིང་གི་ཚོར་བ་དངོས་མ་དེ་བརྗོད་རྒྱུ་ཁོ་ན་ཡིན། དེའི་སྟབས་ཀྱིས་ལུག་བསད་ན་སྡིག་པ་དང་སྤྱང་ཁུ་བསད་ན་དགེ་བ་ཡིན་པའི་རང་ཅག་གི་གནའ་རབས་སློབ་གསོ་དེ་ལ་འགྱུར་བ་ཞིག་གཏོང་དགོས་པར་མཐོང་བྱུང་ན། དྲ་གྲོགས་རྣམས་ཀྱིས་ཀྱང་དྲང་ལྡོག་གཉིས་ཕྱོགས་ཀྱི་བསམ་ཚུལ་ལྷུག་པོར་འབེབས་རྒྱུའི་རེ་བ་བཟུང་ཡོད།
ངས་སྔ་གཞུག་ཏུ་བསམ་ཚུལ་མཁྲེགས་པོ་ཁག་ཅིག་བཏོན་པའང་དགོས་པ་ཞིག་དང་རྒྱུ་མཚན་ཞིག་གི་རྩ་བར་འཇུ་ཁུལ་ཡིན་ཡང་། དོན་དངོས་དེ་བློ་ལྡན་གཟུ་བོར་གནས་པའི་ཁ་ན་ཡོད་སྟབས་ཅིས་ཀྱང་ལྷ་འདྲེའི་བྲན་དུ་ཁོལ་བའི་རང་གཤིས་དེ་དོར་ནས་དང་། ལས་དང་རྒྱུ་འབྲས་ཀྱིས་མི་རུང་བའི་ཆོས་བརྫུའི་སྦམ་མདོག་དེ་སྤང་ནས་མྱི་སྐད་ངོ་མ་ཞིག་བརྗོད་རན་རེད། མེ་ལྕེ་ལྷབ་ལྷུབ་ཁྲོད་ཀྱི་ཚེ་སྲོག་གསོན་པོ་དེ་དག་དང་དེ་དག་གི་འབོད་སྒྲ་དེ་ ཐོས་སྐབས་ད་དུང་རྫུ་བག་དང་ཚུལ་འཆོས་ཀྱི་འོག་ཏུ་སྐུང་སྡོད་རྒྱུ་མི་གནོང་ངམ།
ཁ་གསང་ནས་བཤད་ན། བོད་ཀྱི་དཔའ་བོ་དཔའ་མོ་ཚོས་ལུ་གུ་བརྒྱུད་དུ་ཉི་མ་རེར་མེར་བསྲེགས་ངོ་རྒོལ་གནང་གིན་པ་འདི་ཁ་ཚ་དགོས་གཏུགས་ཀྱི་ཚད་མཐོ་བའི་ལས་འགུལ་ཞིག་ཡིན་པ་དང་། སུ་དང་གང་གིས་ཀྱང་རྣམ་པ་འདིའི་ཚབ་བྱེད་མི་ཐུབ་པས་ན། ཁ་སྟོང་ནང་གི་ཚིག་སྟོང་གི་དཔེ་བཞིན། དེང་སང་མི་འགའ་རེས་ད་མཚམས་འཇོག་དགོས་པ་དང་བཞག་ན་འགྲིག་རབས་སོགས་མང་བོ་བཤད་ཀྱིན་ཡོད་ཀྱང་། དོན་དངོས་ཀྱིས་དགྲ་གཉེན་སུ་ལའང་མི་ཕན་པའི་སེམས་ཁྲལ་ཤི་རོ་ཞིག་ལས་མ་འདས།
གལ་སྲིད་མཚམས་འཇོག་དགོས་ན། ༸གོང་ས་མཆོག་བོད་དུ་ཕེབས་རྒྱུ་དེ་ཁོ་ན་ཡིན་སྟབས། མི་རེ་རེའི་ངོས་ནས་ཁོང་བོད་དུ་ཕེབས་ཐུབ་རྒྱུའི་ལས་གཞི་ཅི་ཞིག་རྩོམ་ནུས་མིན་ལ་རག་ལས་པས། ཚུལ་འཆོས་ཀྱི་སྙིང་རྗེ་སྟོང་བ་ཞིག་ཁ་ལ་འཁུར་ནས་གང་ཟག་ཕལ་བ་ཞིག་བྱང་ཆུབ་སེམས་དཔའི་ངོ་བོར་འཕོ་བ་ནི་རང་ཉིད་ཀྱིས་རང་ཉིད་སྡོམ་ཚུལ་ཁོ་ན་ལས་མ་འདས།
མེར་བསྲེགས་གནང་མཁན་གྱི་དཔའ་བོ་དཔའ་མོ་དགུ་བཅུའི་ནང་གི་རྣམ་ཤེས་དགུ་ཅུས་༸གོང་ས་མཆོག་བོད་དུ་ཕེབས་རྒྱུར་དུར་ཁྲོད་ན་སྒུག་ནས་ཡོད། ཁོང་ཅག་གིས་གཟི་བརྗིད་ངང་རང་ལུས་མེར་བསྲེགས་གནང་བའི་མཇུག་འབྲས་ཅི་འབྱུང་གི་རེ་བ་ཉག་ཅིག་ནི་༸རྒྱལ་བ་རིན་པོ་ཆེ་མགྱོགས་མྱུར་ངང་བོད་དུ་ཕེབས་ནས་མི་རིགས་ཀྱི་སྙིང་གི་རེ་བ་དེ་འགྲུབ་ཐུབ་བྱ་རྒྱུ་དེ་ཡིན་ན། ཆབ་སྲིད་པ་ཐེབས་ཆག་འགའ་རེས་སྐད་འབོད་རང་བཙན་ཡིན་མིན་དང་རང་དབང་ཡིན་མིན་གྱི་ཤགས་འགྱེད་དེས་ཁོང་ཅག་གི་ལས་འགུལ་ལ་གནོད་ཚབས་ཆེ་ཙམ་སྐྱེལ་གྱི་མེད་འགྲོ་སྙམ་པའང་བདག་ལ་བྱུང་།
གང་ལྟར་ད་ནི་མེར་བསྲེགས་ཀྱི་ལས་འགུལ་རྒྱུན་བསྟུད་དགོས་པ་མ་ཟད་མཚམས་ཆོད་པའམ། ཡང་ན་འུ་ཅག་གི་བླ་ཆེན་དཔོན་ཆེན་ཁ་ངན་རེ་འགས་མི་ལེགས་ཚུལ་དང་ཉེས་དམིགས་ཀྱི་རབས་དང་རིམ་པ་མང་བོ་ཞིག་གསུང་བ་ཡིན་ཚེ། འདས་པའི་ཤུལ་དུ་ལྷག་པའི་ཕ་མ་དང་བཟའ་ཟླ་བུ་ཕྲུག་གི་སེམས་ལ་ནམ་ཡང་སོས་ཐབས་མེད་པའི་རྨ་ཁ་ཞིག་བཞག་པ་ཡིན་པས། ༸གོང་ས་མཆོག་གིས་ད་བར་དུ་ལེགས་ཉེས་ཀྱི་བཀའ་སློབ་གང་ཡང་མ་གནང་བའི་རྒྱུ་རྐྱེན་ཡང་དེ་ག་ལས་མ་འདས།
ཡང་གཅིག་བཤད་ན། ཕྱི་ལོགས་ཀྱི་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་སམ་སྐུ་ངོ་བློ་བཟང་སེང་གེའི་ངོས་ནས་བུ་བཙའ་རྒྱུ་མེད་པར་ལྟོ་བ་འབུར་འབུར་གྱི་དཔེ་བཞིན། ད་བར་བོད་ནང་དུ་གནས་ཚུལ་ཆེན་པོ་ཅི་བྱུང་ལ་བཙན་བྱོལ་དུ་འཁོད་པའི་བོད་མི་དག་རུབ་རུབ་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སྐད་འབོད་ཁྲོམ་སྐོར་རེ་བྱེད་རྒྱུ་ཙམ་ལས་རྒྱལ་སྤྱིའི་སྡིངས་ལ་བསྐྱལ་ཐུབ་པའི་ནུས་པ་མི་འདུག དེ་ཙམ་ཡང་མེད་སྟབས་གཞིས་ལུས་སྤུན་ཟླ་ཚོས་ཆེས་ཚད་མཐོ་བའི་རང་བསྲེག་ལས་འགུལ་གྱིས་དགྲ་བོའི་སྒེར་གཅོད་དང་དྲག་བསྡམས་ཀྱི་སྲིད་ཇུས་དེ་འཛམ་གླིང་མི་མང་གི་མདུན་དུ་ལྷང་ལ་འབུད་དུ་འཇུག་གི་ཡོད།
དགྲ་ཕྱོགས་ནས་ད་དུང་མ་གོ་མ་ཐོས་པའམ་ཡང་ན་བཟའ་ཚང་འགལ་འཁྲུག་གི་ཕྱོགས་སུ་ཁ་དཀྱུས་ནས་བོད་མི་ཚོའི་མངོན་འདོད་སྒྲུབ་རྒྱུ་ཕར་བཞག་ནས། ད་དུང་སྙིང་ལ་གཟན་པའི་གསར་འགྱུར་རྫུན་མ་དང་དྲིལ་བསྒྲགས་བཅོས་མ་དེ་འདྲ་བྱས་ཚེ། བོད་མི་དག་ཨུ་ཐུག་པའི་རིམ་པ་གཉིས་པ་སྟེ། དྲག་སྤྱོད་དང་དྲག་རྒོལ་གྱི་རྣམ་པའི་སྟེང་ལ་སྤོ་མི་སྲིད་པ་མིན་པས་ན། དགྲ་ཕྱོགས་རང་ཕྱོགས་གཉིས་ཀ་ནས་ཡིད་གཟབ་ཙམ་གནང་བའི་དུས་ལ་སླེབས་ཡོད་པ་སྔ་མེད་ན་འཕྱི་མེད་པར་མཐོང་ངོ་།།
ད་དུང་ནན་གྱིས་བརྗོད་འོས་པ་ཞིག་ལ། དགྲ་བོའི་ངོས་ནས་ཚུར་ཇི་ལྟར་བསད་པ་དང་བཟུང་བ། བཙོན་འཇུག་མནར་གཅོད་བཏང་བའི་རིམ་པ་དེ་ཕྱིར་དྲན་གྱིས་བོད་མི་རིགས་ལ་ཁོང་ཁྲོ་ལང་རྒྱུ་ཞིག་ཡོད་པ་དེ་ངེས་པར་ཤེས་གལ་ཆེ་ལ། ཁོང་ཁྲོའི་མཇུག་འབྲས་ཀྱང་ངེས་པར་དུ་ཚོད་དཔག་བྱ་དགོས་པའི་དུས་ཡིན་པས་ན། ད་ནི་སྔར་བཞིན་ནར་འགྱངས་དང་འགྲོ་ཐབས་འདུག་ཐབས། ཡང་ན་དྲག་བསྡམས་སོགས་བྱས་ནས་༸གོང་ས་མཆོག་བོད་དུ་ཕེབས་མ་ཐུབ་པར་ཕྱི་ལོགས་ནས་མ་བཞུགས་པའི་ཉིན་མོ་དེར། འཚེམ་མི་ཤེས་པའི་རལ་སྟངས་ངན་པ་ཞིག་གི་སྒང་ལ་འགྲོ་མི་འགྲོ་དེ་ད་ལྟའི་ལས་འགུལ་གྱི་རྣམ་པ་འདིས་གསལ་བཤད་ཡང་དག་བྱེད་ཀྱི་ཡོད།
༢༠༡༢ ། ༡༢ ། ༡༡ ལ་བྲིས།
ལགས་སོ་འཇམ་གཅེས་ལགས། ཁྱེད་ཀྱི་མིག་ཟུང་ཆེ་དྲག་ནས་དོན་དག་ཁ་ཤས་ཆེ་རུ་མཐོང་ཡོད་ན་མ་གཏོགས་ང་ཚོའི་གང་ཟག་ཕལ་བའི་ཆུ་བུར་གྱི་མིག་གིས་དེ་འདྲ་མཐོང་མ་བྱུང་ཞུ་རྒྱུ་དང་། གཞན་དུ་ན། སྨྲ་བརྗོད་རང་དབང་གི་སྐྱིབས་ལ་འཛུལ་ནས་སྤུན་ཟླ་ནང་ཁུལ་ལ་དམོད་རེས་དང་མ་ཉེས་ཁ་གཡོག་བྱས་ན་ལེགས་པོ་ཡོད་མེད་གང་ཤེས་ཞུ་རྒྱུ་ཡིན། ཡང་གཅིག་བཤད་ན། བོད་ནང་ན་རང་གི་སྤུན་ཟླའི་ཆེད་མེར་བསྲེག་གནང་གི་ཡོད་པ་དང་ཡང་ཕྱོགས་གཞན་ནས་ཁྱེད་དང་ཁྱེད་ལྟ་བུ་མཁན་ཁག་ཅིག་གིས་ནང་དཀྲུག་དང་དཀྲོག་རྐྱེན་བཟོས་ནས་ཞབས་འདྲེན་ཞུ་ཡི་འདུག་པ་སོགས་ལ་བསྡུར་རྒྱུ་ཧ་ཅང་མང་བ་མ་ཟད། ཡ་ང་བ་དང་ཞེ་ཁྲེལ་བའང་ཞོར་དུ་འབྱུང་གི་ཞུ། གནས་ལུགས་ཟེར་བ་དེ་བཤད་མི་ཤེས་ཚེ་ཁ་བཙུམ་ནས་བསྡད་ཀྱང་གཞན་པས་ལྐུགས་པ་རེད་དུས་ནམ་ཡང་ལབ་མི་སྲིད། སེམས་གཏམ་ཙམ་ལས་མཐོང་ཆུང་གི་སྐད་ཆ་མིན། དེ་ལུགས་སེམས་ལ་འཛིན་རོགས།
ཡོད་ཚད་ཆོས་ལུགས་ལ་ངན་ཁག་འགེལ་བས་སྤྱོད་ངན་ཞིག་ལ་རྣག་ཐོག་གཙག་འཁེལ་བྱས་པ་ཡིན་་་་མིག་ཟུང་ཆེ་ཚམ་བགྲད་ནས་ཞིབ་དཔྱོད་བྱོས་་་་རེ་་རེ་བཞིན་འདི་ཡིན་བཤད་མི་འདོད། སྡུག་སྐད་འདོན་མ་ཡོང་། ང་ཡིས་སྨ་བརྗོད་རང་དབང་འགོག་ཐུབ་ཀྱི་མ་རེད
འཇམ་གཅེས་ཞུ་བ་འདི་ལ་ཁྱི་སྨྱོན་གྱིས་སོ་བརྒྱབས་པ་བཞིན། རྩོམ་ཡིག་གི་ནང་དོན་དང་འབྲེལ་བ་མེད་པའི་བྱིས་པའི་ལབ་བརྡོལ་འདྲ་ཞིག་བྱེད་ཀྱི་འདུག སྐབས་འདི་ནས་ཁྱེད་ཀྱིས་དུས་བབ་དྲ་ཐོགས་པ་ཚོར་ནང་ཆོས་ངོ་སྤྱོད་བྱེད་ཀྱི་ཡོད་ན་མ་གཏོགས་འབྲེལ་མེད་དོན་གཞན་དང་ཡིག་ནོར་བརྡ་ནོར་ཅན་གྱི་མཆན་བུ་འདིས་གོང་གི་རྩོམ་ཡིག་གི་བརྗོད་གཞིའི་ནང་དོན་ཐད་བགྲོ་གླེང་གནང་རྒྱུའི་ཁ་ཕྱོགས་གཞན་དུ་བསྒྱུར་གྱི་འདུག་པས། རྗེས་མར་འདི་ལྟར་ལེན་རྒྱུ་བསམ་རྒྱུ་གང་ཡང་མེད་པའི་གཏམ་ཡན་བཤད་པ་ནི་ཉེས་པ་རང་དུ་མཐོང་།
སྤུན་ཟླ་མིག་འཛུམ་ལགས། ཁྱོད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་སྤྱི་བ་ལ་སེམས་ཤུགས་དང་ལྷག་བསམ་ཡོད་ལོས་ཆེ། འོན་ཀྱང་། དོན་དམ་པར་བཤད་ན་ཁྱོད་ཀྱི་སེམས་ཤུགས་དང་ལྷག་བསམ་ཡོད་ཚད་གློ་བུར་བའི་རང་བཞིན་ཅན་ཀྱི་ཚོར་སྣང་སྐམ་པོ་ཞིག་རེད། ཕུགས་སེམས་དང་སྙིང་གཅུད། ཐབས་ཇུས་དང་ལམ་སྟོན། ཟབ་དོན་དང་མིག་དཔེ་སོགས་གང་ཡང་མི་འདུག་པས་སྐུ་ཉིད་ངལ་གསོ་བྱེད་ན་འོས་འཚམས་རེད། སྐུ་ཉིད་ཀྱི་རྩོམ་ཡིག་འཆན་འདེབས་མཁན་མང་བ་དེ་ཁྱོད་ཀྱིས་བཤད་སྟངས་དེས་ང་ཚོའི་སྤྱི་ཚོགས་འདིར་ཡང་བསྐྱར་བརྡབ་གསིག་ཆེན་པོ་ཞིག་གཏོང་བར་སེམས་ཁྲེལ་ནས་དེ་ལྟར་ཡིན་པ་ཤེས་བར་བྱས།
ལས་བྲེལ་དབང་གི་ཡིག་ནོར་མང་པོ་ཤོར་བ་དང་བཅོས་ཐུབ་མ་སོང་བས་དྲ་གྲོགས་ཚོར་དགོངས་སེལ་ཞུ།
རྩོམ་ཡིག་སྤེལ་ཙམ་མ་ཡིན་པ་སྤེལ་ཤེས་པ་དགོས། དེ་མིན་བོད་ཡིག་འབྲི་ཤེས་ཙམ་ལ་མོས་མཐུན་མེད་ལ་དེ་བཞིན་རྒྱབ་བསྐྱོར་ཡང་མེད། གང་ཡིན་ཟེར་ན་བོད་ཀྱིས་དཔའ་བོ་དཔའ་མོ་དག་གིས་ཉིན་རེ་བཞིན་མེ་བསྲེགས་བཏུད་མར་སྤེལ་མཚམས་མི་ཆད་པ་བོད་མི་ཡོད་ཚད་ཤེས་གསལ་རེད་ལ། དེ་བཞིན་ཁོང་ཚོས་འབོད་སྒྲ་དང་ཞལ་ཆེན་ཡང་གསལ་པོ་མཁྱེན་གསལ་རེད། ཁོང་ཚོས་སྐད་ཡིག་རང་དབང་དང་། ཆོས་དད་རང་དབང་། མི་རིགས་འདྲ་མཉམ། དེ་བཞིན་༧གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་ཟེར་བ་སོགས་དང་། བོད་རང་བཙན་ཡིན་ཞེས་འབོད་མཁན་ཡང་བྱུང་ཡོད། མདོར་བསྡུས་ནས་བཤད་ན། ཁོང་ཚོས་སོ་སོའི་ཆོས་དང་རིག་གཞུང་གི་ཆེད་དུ་རང་སྲོགས་བློས་བཏང་གནང་བར་ང་ཚོས་ངོས་མ་ཟིན་ན་ངོ་མ་ཁ་བཙུམས་ནས་བསྡད་ན་ལེགས་ཆར་ཆེ། མ་ཟད་བོད་བརྒྱུད་ནང་བསྟན་འདི་ནི་འགྲོ་བ་མིའི་བདེ་བསྐྱིད་འབྱུང་ཁུངས་དང་། འགྲོ་བ་མིའི་ཉིན་རེའི་འཚོར་ཐབས་ནང་དུ་ཡང་མེད་དུ་རུང་བས་ལེགས་ཆར་མང་པོ་ཞིག་བེད་བསྐྱོད་གཏོང་ཤེས་ན་འདི་ཡི་ནང་དུ་ཡོད་པ་ཡིན། དེང་གི་དུས་འདིར་མཁས་བླུན་དང་། མཐོ་དམན། དབུར་ཕྱུགས་ཚང་མའི་སྐྱབས་ཡུལ་དུ་ངོས་འཛིན་སར་གཟུར་གནས་ཅན་གྱི་ཚན་རིག་པ་ཚོས་ཀྱང་། བོད་ཀྱིས་ཆོས་ལུགས་ནི་ཆོས་ལུགས་གཞན་དང་མི་འདྲ་བ་བརྒྱུ་མཚན་དང་ལྟ་གྲུབ་གང་ཅིའི་ཐད་ནས་ཆེས་སྔོན་ཐོན་དང་། ཆེས་ཕུལ་དུ་ཕྱིན་པ་ཞིག་ལ་ངོས་འཛིན་ཐོག་ཁོང་ཚོས་ཀྱང་བསམས་པའི་དཔལ་ཡོན་གང་འཕེལ་གཏོང་ཆེད་དུ་ལེགས་ཆར་ལེན་གང་ཐུབ་བཟོ་གྱི་ཡོད་པ་ནི་རྣམ་དཔྱོད་ལྡན་པའི་སྐྱེ་བོ་ཀུན་གྱི་མཁྱེན་གསལ་རེད། བོད་རང་གི་ཡ་རབ་གམ་གཤིས་ཟེར་ན་འདྲ། བཟང་སྤྱོད་ཟེརན་ཡང་འདྲ། འདི་དག་འབྱུང་ཁུང་ངོ་མ་དེ་ནང་ཆོས་ནས་ཡིན་པར་བོད་མི་རིགས་ལ་དག་སྣང་ཡོད་མཁན་ཤེས་ལྡན་པ་ཚོས་ངོས་འཛིན་གནང་བཞིན་ཡོད་པ་བཞིན་དོན་དངོས་ཡང་དེ་རང་ཡིན། དེ་གཅིག་ཡིན། གཉིང་པ་རང་ཉིད་རྣམ་དཔྱོད་ལྡན་པའི་སྐྱེས་བུ་ཞིག་དང་། དཔའ་མཛངས་ལྡན་པའི་ཨ་མིའི་བུ་རྒོད་ཞིག་ཡིན་ཚེ་མདུང་རྩེ་དགྲ་ལ་བསྐོར་དགོས་པ་ལས། སོ་སོའི་ཆོས་དང་རིག་གཞུང་། དེ་བཞིན་སོ་སོའི་དབུ་འཁྲིད་མཁན་དང་། སོ་སོའི་མི་མང་ལ་བསྐོར་མི་རུང་། འདྲེ་ཤར་སྒོ་དང་། ཀླུད་ནུབ་སྒོར་མ་སོང་བ་གནང་རོགས། སྤྲང་པོའི་ནོར་ཉམས་མ་ཆོད་ན་འདི་ལྟ་བུ་ལས་གང་མི་ཡོང་། ལྟས་ངན་ཡོད་ཚད་ཆོས་ལུགས་དང་རིགས་གཞུང་ལས་བྱུང་བ་ངོས་འཛིན་ནི་ཐལ་ཆ་ཆེ་བས་བསམ་བློའི་ཞེན་ཆ་ཞིག་ལས་གཟི་བརྗིད་ལྡན་པ་ཞིག་ག་ལ་ཡིན། །
དངོས་ནས་གནས་ལུགས་བཤད་སྟངས་རེད། རྒྱབ་སྐྱོར་ཡོད། ད་ལྟའི་དཀའ་ངལ་ཆེ་ཤོས་དེ་ཡུལ་གྱར་གཞུང་འབངས་འདིས་རང་ལུས་མེར་བསྲེགས་ཀྱི་གནས་སྟངས་ཉེན་ཚབས་ཅན་དུ་འགྱུར་བཞིན་པ་ལ་བསམ་བློ་མི་གཏོང་བར། གྲུབ་འབྲས་ཡན་གར་བ་ཞིག་ལ་དམིགས་ནས་བསྡད་ཡོད་བ་རེད། དེར་བརྟེན་ཡུལ་གྱར་བོད་མི་ཚོས་རང་ཉིད་ཀྱི་སེམས་ཁམས་སྟེང་གི་ཚོར་བ་དངོས་མ་དེ་ཕྱི་ལ་འདོན་ཐུབ་པ་བྱེད་དགོས་བ་རེད།