མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོག་གི་བསམ་ཚུལ་ཡག་སྡུག་ཆ་ཚང་སྒང་གི་མི་མཐོ་ཤོས་དེའི་རྣ་ཅོག་བར་བསླེབས་ཐུབ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་སྤྱི་ཚོགས་ནང་དགེ་རྒན་གྱི་དཔུང་སྡེ་སྲ་བརྟན་མེད་པ་དེ་ནི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་སྟབས། སློབ་གསོའི་ལས་གནས་དངོས་ནས་ལོ་ ༡༤ ལྷག་ལ་དགེ་རྒན་གྱི་ཕྱག་ལས་གཉེར་མྱོང་མཁན།  སུ་ཇཱ་སློབ་གྲྭའི་དགེ་རྒན་ངག་དབང་ཚེ་བརྟན་ལགས་སུ་སློབ་གསོ་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐད་བཅར་འདྲི་ཞུས་ཡོད།

            དྲི་བ། ཐོག་མར་ཁྱེད་རང་གི་སློབ་སྦྱོང་དང་དགེ་རྒན་གྱི་ཕྱག་ལས་གནང་པའི་བརྒྱུད་རིམ་དང་འབྲེལ་ཏེ་རང་ཉིད་ངོ་སྤྲོད་རགས་བསྡུས་ཤིག་གནང་རོགས།

            ལན། ངའི་མིང་ལ་ངག་དབང་ཚེ་བརྟན་ཟེར། ༡༩༨༣ ལོར་བོད་ནས་ཚུར་བཙན་བྱོལ་དུ་བསླེབས་པ་ཡིན་ལ། ངའི་ཕ་ཡུལ་གཉའ་ལམ་ནས་ཡིན། འདི་གར་འབྱོར་རྗེས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་ལོ་ ༡༠ རིང་ལ་སློབ་སྦྱོང་བྱས་པ་དང་། དེ་ནས་ཅན་དྷི་གྷར་དུ་མཐོ་རིམ་སློབ་གྲྭ་འགྲིམས་ཏེ་སློབ་མཐར་ཕྱིན་རྗེས།  བོད་ཁྱིམ་སུ་ཇ་སློབ་གྲྭར་དགེ་རྒན་གྱི་ལས་ཀ་གཉེར་ཏེ་ད་ལྟ་ ༡༤ ལྷག་ཕྱིན་ཡོད།

            དྲི་བ། ཁྱེད་ལ་དགེ་རྒན་གྱི་ཕྱག་ལས་འདི་གནང་འདོད་ཀྱི་ཐོག་མའི་བསམ་འདུན་ཇི་ལྟར་འཁོར་བ་ཡིན་ནམ།

            ལན། ཆུང་དུས་ང་རང་བོད་ནང་སྡོད་པའི་སྐབས་སུ། བོད་ནང་དུ་ང་ཚོ་གྲོང་གསེབ་ཁུལ་དུ་ཡིན་ནའང་། དགེ་རྒན་ལབ་དུས་མཐོང་ཆེན་པོ་ཞིག་ཡོད་པ་རེད། དེར་བརྟེན་སོ་སོའི་ཕ་མའི་ངོས་ནས་ཀྱང་དགེ་རྒན་ཞིག་བྱེད་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་མཐོང་གི་ཡོད། འདིར་བཙན་བྱོལ་ནང་དུ་བསླེབས་པའི་རྗེས་སུའང་ང་རང་གི་ངོས་ནས་དགེ་རྒན་དེ་གལ་ཆེན་པོ་ཞིག་ལ་མཐོང་སོང་། དེ་བཞིན། སློབ་གྲྭའི་ནང་ནམ་རྒྱུན་སློབ་གྲོགས་ཕན་ཚུན་བར་ལབ་གླེང་བྱེད་པའི་སྐབས་སུ། ངའི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་སོགས་ཀྱི་ཐད་ནས།  ཁོང་ཚོས་སྐབས་རེར་ཁྱེད་རང་རྗེས་མ་དགེ་རྒན་བྱས་ན་ཡག་པོ་ཡོང་ས་རེད་ཅེས་ལབ་ཡོང་གི་ཡོད་དུས།  སོ་སོའི་ངོས་ནས་ཀྱང་རང་བཞིན་གྱིས་དགེ་རྒན་ཞིག་བྱེད་རྒྱུའི་སྤྲོ་སྣང་འོང་གི་ཡོད།  རྒྱུ་རྐྱེན་དེ་དག་ལ་བརྟེན་རང་ཉིད་དགེ་རྒན་ཞིག་བྱ་རྒྱུའི་ཀུན་སློང་དང་དམིགས་ཡུལ་བྱུང་བ་ཡིན་ལ།  དེ་ལྟར་རིམ་པས་སོ་སོ་འདི་ལྟར་དགེ་རྒན་ཞིག་ཆགས་སོང་བ་རེད།

            དྲི་བ།  ཁྱེད་རང་སྒེར་ངོས་ནས་སྤྱི་ཚོགས་ཁྲོད་དགེ་རྒན་ནི་གལ་ཆེ་ལོས་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

            ལན། སྔོན་མ་ནས་སོ་སོའི་ངོས་ནས་དགེ་རྒན་ཞེས་པ་འདི་གལ་ཆེན་པོར་ཚོར་གྱིན་ཡོད་ལ།  དངོས་སུ་དགེ་རྒན་གྱི་ཕྱག་ལས་འདི་གཉེར་བ་ནས་བཟུང་སྔར་ལས་ལྷག་པར་དགེ་རྒན་ནི་སྤྱི་ཚོགས་ནང་ཧ་ཅང་གལ་ཆེན་པོ་ཡིན་པ་མཐོང་སོང་། དམིགས་བསལ་ང་ཚོ་བཙན་བྱོལ་བ་ཞིག་ཆགས་ཡོད་སྟབས། སོ་སོའི་མི་རིགས་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་གང་ལ་བལྟས་པ་ཡིན་ནའང་། ང་ཚོའི་ལུང་པ་ཕུངས་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་དེང་དུས་ཤེས་ཡོན་གཙོས་སློབ་གསོའི་གནས་སྟངས་མ་འགྲིག་པའི་ཐོག་ནས་ཕུངས་བསྡད་ཡོད་པ་ཞིག་ངས་མཐོང་གི་འདུག དེར་བརྟེན། སློབ་ཕྲུག་དང་མ་འོངས་པའི་མི་རབས་དེ་ཚོ་ཡག་པོ་ཞིག་དང་སོ་སོའི་སྤྱི་ཚོགས་ཡག་པོ་ཡོང་དགོས་ཀྱི་ཡོད་ན། དགེ་རྒན་གྱི་དཔུང་སྡེ་ཧ་ཅང་ཡག་པོ་དགོས་པ་དེ་གནད་འགག་ཆེན་པོ་མཐོང་གི་འདུག གལ་སྲིད་དགེ་རྒན་ཡག་པོ་ཞིག་མེད་པ་ཡིན་ན། སྤྱི་ཚོགས་སྲ་བརྟན་དང་ཡར་རྒྱས་ཡོང་ཐུབ་རྒྱུ་དཀལ་ལས་ཁག་པོ་རེད།

            དྲི་བ། བཙན་བྱོལ་སྤྱི་ཚོགས་ཀྱི་བཤད་རྒྱུན་ཞིག་ལ།  མཐོ་སློབ་ཐོན་རྗེས་ཡར་མར་ནས་ལས་ཀ་ཡག་པོ་མ་རག་པ་ཡིན་ན། གཞི་ནས་དགེ་རྒན་བྱེད་དུ་འོང་གི་ཡོད་པ་རེད་ཟེར། དགེ་རྒན་གྱི་ལས་གནས་ལ་མཐོང་མེད་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པ་རེད།

            ལན། དེ་ནི་ཕྱོགས་མང་པོ་ཞིག་ལ་རག་ལས་ཀྱི་ཡོད་པ་རེད་བསམ་གྱི་འདུག  མཐོ་རིམ་སློབ་གྲྭ་ཐོན་ཚར་བའི་རྗེས་ལ། མང་པོ་ཞིག་དགེ་རྒན་བྱེད་དུ་ཡོང་གི་ཡོད་པ་མ་རེད། ལས་ཀ་མང་པོ་བཙལ་ཏེ་མཐའ་མ་ལས་ཀ་མ་རག་པ་ཡིན་ན། གཞི་ནས་དགེ་རྒན་བྱེད་དུ་ཡོང་བཞིན་ཡོད་པ་དེ་ནི། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་ལྟ་བུ་ཞིག་ཆགས་ཡོད་པ་རེད། གཅིག་ནས་དེང་སྐབས་སྤྱི་ཚོགས་ནང་མིའི་རིན་ཐང་ནི་ཕལ་ཆེར་རྒྱུ་ཡོད་མེད་སྒང་ལ་ཆགས་བསྡད་པའི་བཟོ་ཞིག་ཡོད་པ་རེད། དེ་འདྲ་ཡིན་དུས། ང་ཚོའི་སྤྱི་ཚོགས་ནང་གཞུང་དང་སྤྱི་སྒེར་ཚོགས་པ་གང་གི་ངོས་ནས་ཀྱང་དགེ་རྒན་གྱི་ལས་ཀ་དེར་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཐུབ་ཀྱི་མེད་སྟབས། མི་སྒེར་སོ་སོར་དགེ་རྒན་བྱེད་འདོད་ཀྱི་འདུན་པ་ཡོད་ནའང་། དགེ་རྒན་ལ་གསོལ་ཕོག་ཡག་པོ་མེད་པ་དང་། ང་ཚོའི་སྤྱི་ཚོགས་ནང་དགེ་རྒན་གྱི་ལས་ཀར་བརྩི་མཐོང་ཆེན་པོ་མེད་པ་སོགས་ལ་བརྟེན་ནས། སློབ་མཐར་ཕྱིན་རྗེས་ཐོག་མར་དགེ་རྒན་གྱི་ལས་ཀ་དེ་བདམས་ཁག་པོ་ཆགས་ཏེ།  ཡར་མར་ནས་ལས་ཀ་བཙལ་ཏེ་དངུལ་ཡག་པོ་རག་ས་ཞིག་ཡོད་པ་ཡིན་ན།  སོ་སོའི་འཇོན་ན་མ་འཇོན་ན་ལས་ཀ་དེར་འཛུལ་ཐབས་བྱེད་པ་དང་།  གལ་སྲིད་དངུལ་ཡག་པོ་རག་ས་ཞིག་མ་རྙེད་པ་ཡིན་ན།  མཐའ་མ་དེ་ལ་དགེ་རྒན་བྱེད་དུ་ཡོང་གི་ཡོད་པ་རེད། མདོ་རྩ་རྡོག་རྡོག་དེ་ནི་དགེ་རྒན་གྱི་ལས་གནས་འདིར་དཔལ་འབྱོར་གྱི་རྒྱབ་བརྟེན་སྲ་ཐག་ཐག་ཅིག་མེད་པའི་རྐྱེན་གྱིས། དགེ་རྒན་བྱེད་དུ་ཡོང་མཁན་ཉུང་ཉུང་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག 

            དྲི་བ། འདས་པའི་ལོ་བཅུ་གྲངས་ལྷག་དགེ་རྒན་གྱི་ཕྱག་ལས་གཉེར་བའི་བརྒྱུད་རིམ་ཁྲོད་དཀའ་ངལ་གང་དག་འཕྲད་སོང་། རང་ཉིད་ཀྱིས་ལས་གནས་འདི་བདམས་པར་འགྱོད་སེམས་སྐྱེས་མྱོང་ཡོད་དམ།

            ལན། དགེ་རྒན་གྱི་ཕྱག་ལས་འདི་གཉེར་དེ་ལོ་ ༡༤ ལྷག་ཕྱིན་པའི་དུས་ཡུན་ནང་། རང་ཉིད་ཀྱིས་ལས་གནས་འདི་བདམས་པར་བློ་ཕམ་རྩ་བ་ཉིད་ནས་བྱུང་མྱོང་མེད། ད་ལྟའི་ཆར་ཡིན་ནའང་ངས་དགེ་རྒན་ལས་རོགས་ཚོར་འདི་ལྟར་བཤད་ཀྱིན་ཡོད། འཛམ་གླིང་ནང་མི་ཧ་ཅང་མང་པོ་ཞིག་དགེ་རྒན་བྱ་རྒྱུའི་འདོད་པ་ཡོད་ནའང་། ཁོ་ཚོའི་ནུས་པ་དང་ལས་ཀྱི་དབང་གིས་ཆགས་མ་ཐུབ་པར་སྡོད་མཁན་བགྲང་ལས་འདས་པ་ཡོད་པ་རེད། ང་ཚོར་མཚོན་ན་དགེ་རྒན་འཇོན་གྱི་ཡོད་ན་མེད་ན། ལས་གནས་འདིའི་སྟེང་སྐྱིད་སྡུག་ག་འདྲ་ཞིག་བྱུང་བ་ཡིན་ནའང་། མི་ཚེ་འདིའི་ནང་དགེ་རྒན་ཆགས་པ་དེ་ནི། མ་འོངས་པར་སོ་སོའི་མི་ཚེ་ལ་ཕྱིར་བལྟ་བྱེད་སྐབས། སྔོན་མ་རང་ཉིད་ཀྱིས་བྱས་པའི་ལས་ཀ་དེ་འགྲིག་བསྡད་འདུག་བསམ་པ་ཞིག་ཡོང་གི་རེད་ཟེར་གྱིན་ཡོད།  གཞན་དཀའ་ངལ་གྱི་ཕྱོགས་ནས་བཤད་ན། སྤྱིར་ལས་ཀ་ག་རེ་བྱས་པ་ཡིན་ནའང་དཀའ་ངལ་ནི་འཕྲད་ངེས་པ་རེད། ང་ལ་མཚོན་ན་སུ་ཇཱ་སློབ་གྲྭར་དགེ་རྒན་བྱེད་ཀྱིན་ཡོད་པ་རེད། སྤྱིར་བཏང་ང་རང་སློབ་ཕྲུག་མཉམ་དུ་དཀའ་ངལ་ཞེ་དྲགས་འཕྲད་མྱོང་མེད། སུ་ཇཱ་སློབ་གྲྭའི་ནང་སློབ་ཕྲུག་ཚོ་ཏོག་ཙམ་ལོ་ཆེ་པོ་ཡོད་སྟབས་བསམ་བློ་གཏོང་སྟངས་ཡང་ཏོག་ཙམ་རྒྱ་ཆེན་པོ་ཡོད་པ་རེད། སྐབས་རེར་སོ་སོའི་ཤེས་ཡོན་གྱིས་མ་འདང་བའི་ཐོག་ནས་དཀའ་ངལ་དེ་འདྲ་ཡོང་གི་ཡོད་པ་རེད། སྐབས་རེར་ང་ཚོའི་དགེ་རྒན་ནང་ཁུལ་ཡིན་ན་རེད། དགེ་རྒན་དང་འཛིན་སྐྱོང་བར་ལ་ཡིན་ན་རེད། གོ་བརྡ་ཡག་པོ་མ་འཕྲོད་པའི་ཐོག་ནས་དཀའ་ངལ་རེ་ཟུང་ཡོང་བསྡད་ཀྱི་ཡོད་རེད།

            དྲི་བ། བཙན་བྱོལ་ནང་དགེ་རྒན་གྱི་སྤུས་ཚད་ཀྱིས་འདང་གི་མེད་པ་དང་། དགེ་རྒན་མང་པོ་ཞིག་ལས་གནས་ནས་ཐོན་བཞིན་པའི་དཀའ་ངལ་འདི་སེལ་ཕྱོགས་ཐད་ཐབས་ལམ་ག་རེ་མཐོང་གི་འདུག

            ལན། སྒང་དང་འོག་སུ་ལ་དྲིས་པ་ཡིན་ནའང་དཀའ་ངལ་དེ་ཚང་མས་ཤེས་ཀྱི་ཡོད་པ་རེད།  དཀའ་ངལ་དེའི་ཐབས་ལམ་ག་རེ་ཡིན་པ་དེའང་ང་ཚོས་ཧ་གོ་ཚར་ཡོད་པ་རེད། དཀའ་ངལ་དེའི་མདོ་རྩ་རྡོག་རྡོག་དེ་ནི་བརྒྱ་ཆ་མང་ཆེ་བ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དགེ་རྒན་མང་པོ་ཞིག་ལ་སོ་སོར་འཇོན་ཐང་དང་ལྷག་བསམ་ཡོད་པ་ཡིན་ནའང་། རྒྱབ་ལོགས་ནས་སོ་སོའི་སྤུན་མཆེད་སོགས་དཔལ་འབྱོར་གྱི་རོགས་པ་བྱེད་མཁན་མེད་པ་དང་། དེ་བཞིན། དགེ་རྒན་སོ་སོར་ཁྱིམ་ཚང་དང་བུ་ཕྲུག་ཡོད་པ་རེད། བུ་ཕྲུག་དེ་ཚོ་མ་འོངས་པར་མཐོ་རིམ་སློབ་གྲྭ་འགྲོ་དགོས་ཀྱི་ཡོད་སྟབས།  དེང་སྐབས་མཐོ་སློབ་ཀྱི་ཟས་སོང་དང་ཤེས་ཡོན་འགྲོ་གྲོན་རིན་གོང་མཐོན་པ་རེད། དེ་ལྟར་རྗེས་ཕྱོགས་ཀྱི་སོ་སོའི་ནང་མི་དང་བུ་ཕྲུག་གི་མདུན་ལམ་ལ་དཀའ་ངལ་འཕྲད་ཡོང་དུས། དགེ་རྒན་མང་པོ་ཞིག་ལས་གནས་ནས་ཕྱིར་ཐོན་འགྲོ་བཞིན་ཡོད་པ་རེད། ལྟེ་བ་དེ་དཔལ་འབྱོར་རང་གི་དཀའ་ངལ་ལ་ཐུག་བསྡད་འདུག ང་ཚོའི་སྤྱི་ཚོགས་ཁྲོད་ལྷག་བསམ་དང་སེམས་ཤུགས་གལ་ཆེན་པོ་ཡིན་པ་གླེང་གི་ཡོད་པ་རེད། ཡིན་ནའང་། དངོས་སུ་དཔལ་འབྱོར་གྱི་དཀའ་ངལ་དེ་ཐོག་ལ་བསླེབས་ཡོང་དུས། ལྷག་བསམ་དང་སེམས་ཤུགས་དེའང་མང་པོ་ཞིག་གིས་འཁུར་ཐབས་ཡོད་པ་མ་རེད། ང་ཚོ་གཅིག་པུ་ཙམ་མ་ཡིན་པར་སྤྱིར་འཛམ་གླིང་གི་སྤྱི་ཚོགས་ཧྲིལ་པོའི་གནས་སྟངས་དེ་འདྲ་རེད།  དེར་བརྟེན། སློབ་གསོ་ནི་དངོས་ནས་གལ་ཆེན་པོར་མཐོང་གི་ཡོད་ན། སྤྱི་སྒེར་ཚོགས་པ་ཚང་མས་དཔལ་འབྱོར་གྱི་སྒང་ནས་དགེ་རྒན་ཚོར་རྒྱབ་རོགས་དང་། སྤྱི་ཚོགས་ཀྱི་གོང་འོག་རིམ་པ་ཚང་མས་དགེ་རྒན་གྱི་ལས་གནས་འདིར་བརྩི་མཐོང་ཆེན་པོ་གནང་ཐུབ་པ་ཡིན་ན། དགེ་རྒན་བྱེད་མཁན་མང་པོ་ཡོང་གི་རེད་ལ། སྔར་ཡོད་ཀྱི་དགེ་རྒན་རྣམས་སྲ་བརྟན་དང་སྤུས་དག་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་འདོད།

            དྲི་བ། སྤྱི་ཚོགས་ཁྲོད་སློབ་གསོའི་ལས་དོན་ལ་བརྩི་མཐོང་ཡོང་ཆེད། གཞུང་དང་ཕ་མ། དགེ་རྒན་སོགས་ཀྱི་ངོས་ནས་ལེགས་བཅོས་བྱ་དགོས་པའི་གནད་དོན་གང་དག་མཐོང་གི་འདུག

            ལན། སྤྱི་ཡོངས་ཀྱི་ཐོག་ནས་ཕ་མའི་ངོས་ནས་བྱེད་དགོས་པ་མང་པོ་ཡོད་ལ། ཕ་མ་ཚང་མའི་བསམ་འདུན་ཡང་སོ་སོའི་བུ་ཕྲུག་ལ་ཤེས་ཡོན་ཡག་པོ་འཐོབ་རྒྱུ་དེ་རེད། ཡིན་ནའང་། བསམ་འདུན་དེ་འགྲུབ་བྱེད་ཀྱི་ཐབས་ལམ་དངོས་སུ་སྒྲུབ་མཁན་ཕ་མ་ཧ་ཅང་ཉུང་ཉུང་ལས་མེད། ཕ་མ་མང་པོ་ཞིག་གིས་བུ་ཕྲུག་ལ་ཤེས་ཡོན་ཡག་པོ་ཡོང་བའི་རེ་བ་ཆེན་པོ་རྒྱག་གི་ཡོད་པ་མ་གཏོགས།  བུ་ཕྲུག་སྐྱོང་སྟངས་ཀྱི་སྒང་ནས་བྱིས་པར་ཤེས་ཡོན་འབྱོར་ཐབས་ཀྱི་སྐྱོང་སྟངས་རེད་མི་འདུག བྱིས་པར་དངུལ་དང་རྩེད་ཆས། ཞོར་ཟས་གང་ཡག་སྤྲོད་ཕྱོགས་ཀྱི་ཐོག་ནས་ནང་མི་ཕན་ཚུན་བར་འགྲན་བསྡུར་བྱས་ཡོང་དུས། བྱིས་པར་ཤེས་ཡོན་ཡག་པོ་ཡོང་རྒྱུ་དེ་དཀའ་ལས་ཁག་པོ་རེད། ཕ་མ་ཚོས་ངོས་ནས་སོ་སོའི་བུ་ཕྲུག་ཚོར་ཤེས་ཡོན་ཡོད་མཁན་ལ་གུས་ཞབས་དང་བརྩི་མཐོང་གནང་དགོས་པའི་འདུ་ཤེས་སྐྱེད་སྲིང་དང་། ཤེས་ཡོན་ཅན་ལ་སྤྱི་ཚོགས་ནང་མཐོང་ག་འདྲ་ཡོད་མེད་ཀྱི་མིག་དཔེ་སྟོན་དགོས་ལ། ཁ་ནས་བཤད་པ་ཙམ་མ་ཡིན་པར་ཕ་མ་སོ་སོའི་ངོས་ཐད་ནས་ཀྱང་ཤེས་ཡོན་ཅན་ལ་བརྩི་མཐོང་བྱེད་དགོས་པ་རེད། འཛིན་སྐྱོང་གི་ངོས་ནས་ཀྱང་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཤེས་ཡོན་དེ་དངོས་ནས་གལ་ཆེན་པོར་བརྩིས་ཏེ།  ནམ་རྒྱུན་བཀའ་སློབ་དང་སློབ་གསོ་རྒྱག་པ་གཅིག་པུ་མ་ཡིན་པར། སོ་སོའི་ལབ་པ་ནང་བཞིན་དངོས་ཡོད་ལག་ལེན་གྱི་ཐོག་ནས་སློབ་ཕྲུག་གི་མདུན་ལམ་དང་སློབ་གསོའི་ལས་དོན་གཙིགས་འཛིན་བྱེད་དགོས་པ་རེད། དགེ་རྒན་ཚོར་ཆ་བཞག་པ་ཡིན་ནའང་། སློབ་ཕྲུག་གི་ངོས་ནས་དགེ་རྒན་ལ་བརྩི་མཐོང་དགོས་པ་དེ། དགེ་རྒན་སོ་སོ་རང་ངོས་ནས་བཟོ་དགོས་པ་དེ་འདྲ་ཡོད་པ་རེད། ང་དགེ་རྒན་ཡིན། ང་ལ་གུས་ཞབས་དགོས་ཀྱི་ཡོད་ཟེར་ནས་ཡིན་ཤག་མི་བྱེད་པར། གུས་ཞབས་དེ་རང་བཞིན་གྱིས་བསླེབས་དགོས་པ་ཞིག་ཡིན་དུས། དགེ་རྒན་གྱི་ངོས་ནས་སློབ་ཕྲུག་ལ་དངོས་གནས་བརྩེ་བ་དང་སློབ་སྦྱོང་སྤྲོད་ཐུབ་དགོས་པ་སོགས། ཕྱོགས་ཡོངས་ནས་ལེགས་བཅོས་བསྐྱར་གསོ་དགོས་པའི་རིགས་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག

            དྲི་བ། དགེ་རྒན་ཞིག་ལ་མཚོན་ན་སློབ་མར་རྒྱུས་ལོན་ཡག་པོ་གནང་དགོས་པ་དེ་ཐོག་མའི་སློབ་ཁྲིད་ཀྱི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། ཁྱེད་རང་ཉིད་ཀྱི་ཉམས་མྱོང་ལྟར་ན་དགེ་རྒན་གྱིས་སློབ་མར་རྒྱུས་ལོན་ཇི་ལྟར་གནང་དགོས་པར་མཐོང་གི་འདུག 

            ལན། གལ་ཆེ་ཤོས་འཛིན་གྲྭ་ནང་ལོགས་གཅིག་པུ་མིན་པར། ག་ས་གང་དུ་སློབ་ཕྲུག་ལ་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་རེད། དེ་བཞིན། སོ་སོའི་སློབ་ཕྲུག་ཚོར་འབྲེལ་བ་ཡོད་མཁན་གྱི་སློབ་ཕྲུག་གཞན་པ་དང་། སློབ་མའི་ཕ་མ་སོགས་འབྲེལ་ཡོད་ཀྱི་མི་མང་པོར་འབྲེལ་བ་བྱེད་དགོས་ཀྱི་འདུག སློབ་ཕྲུག་གཅིག་གི་རྒྱུས་ཆ་ཚང་ལོན་རྒྱུར་འཛིན་གྲྭའི་ནང་ཁོ་ནར་བསྡད་ན་ཁག་པོ་རེད། སློབ་ཕྲུག་ཚོའི་ངོས་ནས་འཛིན་གྲྭ་ནང་ལ་སྒྲིག་འཛུགས་འཁུར་ཏེ་བསྡད་དགོས་ཡོད་བསམ་པའི་ཐོག་ནས་ཁ་གྲགས་ཡོང་གི་མ་རེད། སྐབས་རེར་ཟ་རྒྱུ་དང་འཐུང་རྒྱུ་ཏོག་ཙམ་ཉོས་ཏེ་སློབ་ཕྲུག་ཚོ་ཕྱི་ལོགས་སུ་ཁྲིད་པ་ཡིན་ན་ཁོ་ཚོས་ཁ་སངས་ཡོང་གི་རེད། དེ་ལ་བརྟེན་ནས་སློབ་ཕྲུག་ཚོར་དཀའ་ངལ་ག་རེ་ཡོད་མེད་ཀྱང་རྒྱུས་ལོན་ཐུབ་ཀྱི་རེད།  དེ་བཞིན་སློབ་ཕྲུག་ཚོར་རྒྱུས་ལོན་ཡོང་བའི་ཆེད་དུ།  སློབ་ཕྲུག་ཚོའི་མདུན་ནས་བསམ་བློ་རྒྱ་ཆེན་པོ་བཏང་སྟེ། སློབ་ཕྲུག་ཚོས་ལན་རེར་དྲི་བ་ཐེབས་ཆག་དེ་འདྲ་བཏང་བ་ཡིན་ནའང་། ཁོ་ཚོའི་སྐད་ཆ་ལ་མང་པོ་ཉན་རྒྱུ་དེ་གལ་ཆེན་པོ་རེད། ཁོ་ཚོའི་དཀའ་ངལ་ལ་ཡག་པོ་ཉན་པ་ཡིན་ན། ཁོ་ཚོའི་སེམས་ནང་དུའང་ངའི་དཀའ་ངལ་བཤད་ས་དེ་དགེ་རྒན་ཡིན་བསམ་པ་ཡོང་གི་རེད། གལ་ཆེ་ཤོས་དེ་དགེ་རྒན་གྱི་སྤྱོད་པ་དང་རྣམ་འགྱུར་གུ་ཡངས་པོ་དགོས་ཀྱི་འདུག  

            དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་ཡིག་རྨོངས་པ་ཧ་ཅང་ཉུང་ཉུང་རེད།  ཡིན་ནའང་བཙན་བྱོལ་བོད་མིའི་ཁྲོད་དཔེ་ཀློག་གི་གོམས་གཤིས་ཆེན་པོ་མི་འདུག དེའི་ཐད་ཁྱེད་ཉིད་ལ་དགོངས་ཚུལ་ག་རེ་ཡོད།

            ལན།  སློབ་གྲྭ་ཐོན་ཏེ་སྤྱི་ཚོགས་ནང་བསླེབས་རྗེས་དཔེ་དེབ་ཉོ་བ་དང་ཀློག་པའི་གོམས་གཤིས་མེད་པ་དེ་ནི།  གཅིག་ནས་སློབ་གྲྭའི་ནང་དཔེ་དེབ་ཀློག་རྒྱུའི་རྨང་གཞི་སྲ་བརྟན་ཞིག་གཏོང་ཐུབ་མེད་པའི་རྟགས་རེད། གལ་སྲིད་སློབ་གྲྭའི་ནང་དཔེ་ཀློག་གི་གོམས་གཤིས་ཤུགས་ཆེན་པོ་ཡོད་པ་ཡིན་ན། སྤྱི་ཚོགས་ཁྲོད་བསླེབས་པའི་རྗེས་སུའང་མུ་མཐུད་དུ་དཔེ་ཆ་ཀློག་གི་རེད།  སློབ་གྲྭའི་ནང་དཔེ་ཀློག་གི་ཁོར་ཡུག་ཡག་པོ་ཞིག་མེད་པ་ཡིན་ན། སློབ་གྲྭ་ཐོན་ཏེ་སྤྱི་ཚོགས་ནང་ལས་ཀ་བྱེད་དུ་འགྲོ་སྐབས། གཅིག་ནས་སློབ་གྲྭའི་ནང་དཔེ་ཀློག་གི་གོམས་གཤིས་མེད་པ་དང་། གཉིས་ནས་ལས་ཀ་དང་དངུལ་ཁོ་ནའི་ཐོག་ལ་མགོ་འཐོམ་སྟེ་དེབ་ཀློག་རྒྱུ་སྣང་མེད་དུ་གཡུགས་འགྲོ་གི་ཡོད་པ་རེད། དེར་བརྟེན། དང་ཐོག་སློབ་གྲྭ་རང་གི་ནང་ལོགས་ནས་སློབ་ཕྲུག་ལ་དེབ་ཀློག་རྒྱུ་གལ་ཆེན་པོ་ག་འདྲ་ཡོད་མེད་དང་།  དེབ་ཀློག་ན་སོ་སོར་ཕན་ཐོགས་ག་རེ་ཡོད་མེད་ཤེས་རྟོགས་བྱེད་འཇུག་རྒྱུ་དང་།  མཚམས་རེར་ཆེད་དུ་དེབ་ཀློག་གི་དུས་ཚོད་བཟོས་ཏེ་དེབ་ཀློག་འཇུག་པ། དགེ་རྒན་གྱི་ངོས་ནས་སློབ་ཕྲུག་ཆུང་ཆུང་ཚོར་དེབ་ཀློག་པ་དང་། སློབ་ཕྲུག་རྒན་པ་ཚོར་དེབ་ངོ་སྤྲོད་བྱེད་པ་སོགས་སློབ་གྲྭའི་ནང་དེབ་ཀློག་གོམས་གཤིས་འཇགས་ཐབས་ཀྱི་འཆར་གཞི་མང་པོ་གཏོང་དགོས་ཀྱི་འདུག  ང་རང་ངོས་ནས་ང་ཚོའི་སྤྱི་ཚོགས་ཁྲོད་དཔེ་ཀློག་གི་ཁོར་ཡུག་དང་གོམས་གཤིས་འཇགས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོར་མཐོང་ཡོད། 

            དྲི་བ། བྱིས་པར་ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་འཇགས་རྒྱུ་དེ་གལ་ཆེན་པོ་རེད། ཕ་མའི་ངོས་ནས་སོ་སོའི་ཁྱིམ་དུ་བྱིས་པར་དཔེ་ཀློག་གི་ཁོར་ཡུག་ཇི་ལྟར་བསྐྲུན་དགོས་པར་མཐོང་གི་འདུག་གམ།

            ལན། ཕ་མ་ཚོའི་ངོས་ནས་ཡིན་ནའང་། སོ་སོའི་ཁྱིམ་ཚང་ནང་ལོགས་ལ་དེབ་འཇོག་སའི་དཔེ་སྒྲོམ་བཟོས་ཏེ་དེབ་སྒྲིག་བཤམས་བྱེད་པ་དང་།  བུ་ཕྲུག་ལ་དེབ་ཀློག་དགོས་པའི་སྐོར་ཁ་ནས་བཤད་པ་ཙམ་མ་ཡིན་པར།  ཕ་མ་རང་ངོས་ནས་ནམ་རྒྱུན་སོ་སོས་ཀྱང་བུ་ཕྲུག་དང་མཉམ་དུ་དགོང་མོ་དཔེ་ཀློག་བྱེད་པ་སོགས། ཁྱིམ་ཚང་ནང་དུའང་དཔེ་ཀློག་གི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེན་པོ་རེད། དེང་སང་གི་ཕ་མ་གཞོན་སྐྱེས་མང་པོ་ཞིག་གིས་ཁྱིམ་ཚང་ནང་བུ་ཕྲུག་ལ་སྟོད་ལོག་དང་ཞོར་ཟས་སྣ་ཚོགས། རྩེད་ཆས་འདྲ་མིན་སོགས་ཀྱིས་བཀང་ཡོད་རེད་མ་གཏོགས། ཁྱིམ་ཚང་ནང་དུ་དེབ་གཅིག་ཀྱང་མཐོང་རྒྱུ་ཡོད་པ་མ་རེད། གལ་སྲིད་ཕ་མས་ཡི་གེ་ཤེས་ཀྱི་མེད་ནའང་། ཕྱི་ལོག་ཏུ་ཁྲོམ་ལ་འགྲོ་སྐབས་བྱིས་པ་ཁྲིད་དེ་དེབ་ཁང་ནང་སྐོར་བ་རྒྱག་པ་དང་། བྱིས་པའི་དེབ་ཉོ་འདོད་ཡོད་ན་དེ་ལ་འགྲོ་སོང་གཏོང་དགོས་པ་གལ་ཆེན་པོ་རེད། ག་དུས་ཡིན་ནའང་སྟོད་ལོག་བཙོང་ས་ཟ་མ་བཟའ་ས་ཁོ་ནར་མི་འཁྲིད་པ་དང་། དེ་བཞིན། ཕ་མས་ཐག་རིང་པོ་ནས་ཁ་པར་སོགས་ཀྱི་བརྒྱུད་ལམ་ནས་སོ་སོའི་བུ་ཕྲུག་ལ་འབྲེལ་བ་བྱེད་སྐབས་ཀྱང་། དང་ཐོག་བྱིས་པར་སློབ་སྦྱོང་དང་འཕྲོད་བསྟེན་གྱི་གནས་སྟངས་དང་། དེབ་ག་རེ་ཀློག་གི་ཡོད་མེད། སློབ་སྦྱོང་གི་ཡོ་ཆས་ཐོག་དཀའ་ངལ་ཡོད་མེད་སོགས་འདྲི་རྒྱུ་དེ་གལ་ཆེན་པོ་རེད། སྤྱིར་ཕ་མས་བུ་ཕྲུག་ལ་འབྲེལ་བ་མང་ཙམ་བྱེད་དགོས་པ་རེད། ཡིན་ནའང་། འབྲེལ་བ་བྱེད་པའི་སྐབས་ལ་ཁ་སང་སྐུར་པའི་དངུལ་དང་རྔན་པ་རྫོགས་ཡོད་མེད། སྟོད་ལོག་ཡག་པོ་ཅི་ཞིག་ཉོ་དགོས་མིན་སྐོར་གྱི་སྐད་ཙམ་མ་ཡིན་པར་སློབ་སྦྱོང་གི་སྐོར་ནས་སྐད་ཆ་མང་ཙམ་དྲིས་པ་ཡིན་ན། རིམ་གྱིས་བྱིས་པའི་ངོས་ནས་ཀྱང་ངའི་ཕ་མས་ནམ་རྒྱུན་གལ་ཆེ་ཤོས་སློབ་སྦྱོང་དང་སྤྱོད་ལམ་དྲིས་ཡོང་གི་འདུག་བསམ་ཏེ། ཁོང་ཚོ་རང་ངོས་ནས་ཀྱང་སློབ་སྦྱོང་དང་སྤྱོད་ལམ། དེབ་ཀློག་རྒྱུ་སོགས་གལ་ཆེན་པོར་མཐོང་ཡོང་གི་རེད།  དེ་ལས་ལྡོག་སྟེ་བྱིས་པའི་རྣ་སྒོར་ནམ་རྒྱུན་དངུལ་དང་ཁ་ལག  སྟོད་ལོག་སོགས་ཀྱི་སྐོར་རྐྱང་གླེང་བསྡད་པ་ཡིན་ན། ཁོ་ཚོའི་སེམས་ནང་དུའང་སློབ་སྦྱོང་བྱེད་པ་དང་དེབ་ཀློག་རྒྱུ་གལ་ཆེན་པོ་མིན་པའི་འདུ་ཤེས་བསླེབས་ཡོང་གི་རེད། 

            དྲི་བ། སློབ་གསོ་ཕྱོགས་ཡོངས་ནས་ཡར་རྒྱས་ཚགས་ཚུད་ཡོང་བ་ལ།  སློབ་གསོའི་ལས་གནས་དངོས་ན་ཡོད་པའི་དགེ་རྒན་ཚོར་བསམ་ཚུལ་གང་ཡོད་པ་རྣམས། སྒང་ན་སྡོད་མཁན་གྱི་གཞུང་གི་མགོ་ཁྲིད་ཚོས་མཁྱེན་རྟོགས་ཡོང་རྒྱུ་དེ་གལ་ཆེན་པོར་མཐོང་གི་འདུག་གམ།

            ལན། དེ་ངས་གལ་ཆེན་པོ་མཐོང་གི་འདུག  སྒང་གི་བསམ་ཚུལ་དེ་འོག་ལ་གསལ་པོ་བྱས་ནས་བསླེབས་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དེའང་དུས་ཚོད་ལ་ཏག་ཏག་བསླེབས་པ་ཞིག་དགོས་ཀྱི་འདུག སྒང་གི་བསམ་ཚུལ་ཁ་ཤས་འོག་ལ་བསླེབས་སྐབས་དུས་ཚོད་རྗེས་ལུས་ཞེ་དྲགས་ཐེབས་ཏེ་འཐུས་ཤོར་ཡོང་གི་ཡོད་པ་རེད། དེ་བཞིན། འོག་གི་བསམ་ཚུལ་ཡག་སྡུག་གང་ཡོད་པ་ཆ་ཚང་དུས་ཐོག་ཏུ། སྒང་གི་མི་མཐོ་ཤོས་དེའི་རྣ་ཅོག་བར་དུ་བསླེབས་ཐུབ་པ་དགོས་ཀྱི་དེའང་གལ་ཆེན་པོ་མཐོང་གི་འདུག ང་ཚོའི་སྤྱི་ཚོགས་ནང་བསམ་ཚུལ་ཁ་ཤས་ལོ་གཅིག་གཉིས་ཀྱི་རྗེས་སུ་མ་གཏོགས་བསླེབས་ཐུབ་ཀྱི་ཡོད་པ་མ་རེད། བསམ་ཚུལ་ཁ་ཤས་ཐེངས་མང་པོར་ཡར་བསླེབས་ཡོང་གི་ཡོད་པ་རེད། བསམ་ཚུལ་གཅིག་ཐེངས་མང་པོ་བསླེབས་པའི་སྐབས། ཡིན་གཅིག་མིན་གཅིག་བསམ་ཚུལ་དེ་ཤུགས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གྱི་ཐོག་ནས་ལག་བསྟར་བྱེད་དགོས་པ་དང་། དེ་བཞིན། ཡར་བསླེབས་བསྡད་པའི་བསམ་ཚུལ་རྣམས་ལ་མར་ལན་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག སྐབས་རེ་བསམ་ཚུལ་ཡར་བསླེབས་ཚར་རྗེས་ཕྱིར་ལན་ཡོད་པ་མ་རེད། ལན་མེད་དུས་སྐབས་ལ་འོག་ནས་ག་རེ་ཡིན་ན་བསམ་ཏེ་ལྷག་བསྡད་ཀྱི་རེད། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ནང་བཞིན་ང་ཚོ་བཙན་བྱོལ་ནང་གི་ཚོགས་པ་སྤྱི་སྒེར་དང་། སྒང་འོག་བར་གསུམ་ཚང་མའི་ལས་ཀ་རྣམས་མང་གཙོ་ཡང་དག་པ་དང་ཕྱི་གསལ་ནང་གསལ་ཆགས་ཐུབ་པ་ཡིན་ན། སྤྱི་ཚོགས་ཡར་རྒྱས་ཡག་པོ་འགྲོ་གི་རེད། དེ་དང་མཉམ་དུ་ང་ཚོས་སློབ་ཕྲུག་ཚོ་གལ་ཆེན་པོར་བརྩི་གི་ཡོད་པ་ལྟར། ཚང་མས་སློབ་ཕྲུག་ཚོའི་དོན་དག་ལ་སྐད་ཆ་ལབ་ཡོང་གི་ཡོད་སྟབས། སྐབས་རེ་རྩད་ཤོར་བ་དེ་འདྲ་ཡོང་གི་རེད། ཡིན་ནའང་ང་ཚོ་གཅིག་གིས་གཅིག་ལ་སྒེར་ངོས་ཀྱི་ཕོག་ཐུག་འགྲོ་དགོས་པ་གང་ཡང་ཡོད་པ་མ་རེད། དགེ་རྒན་གྱི་བསམ་ཚུལ་སྒང་ལ་བསླེབས་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེར་བརྟེན། གཞུང་དང་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དགེ་རྒན་ལ་སྐད་ཆ་བཤད་སའི་སྡིངས་ཆ་བསྐྲུན་ཏེ། དགེ་རྒན་ཆ་ཚང་འཛོམས་མ་ཐུབ་པ་ཡིན་ནའང་། དགེ་རྒན་གྱི་སྐུ་ཚབ་བདམས་ཏེ་ལོ་གཅིག་རེའི་ནང་དགེ་རྒན་གྱི་ཚོགས་ཆེན་དེ་འདྲ་འཚོགས་དགོས་རྒྱུ་གལ་ཆེན་པོ་རེད། དེ་འདྲ་བྱུང་བ་ཡིན་ན་དགེ་རྒན་ཚང་མའི་དཀའ་ངལ་ཚོགས་ཆེན་དེ་ཐོག་བཤད་བསླེབས་ཡོང་གི་རེད། དེ་ལ་དཔག་པའི་ཤེས་ཪིག་གི་ངོས་ནས་ཀྱང་ཞིབ་འཇུག་དང་ཤེས་ཡོན་གྱི་ཐོག་ལ་གོམས་པ་གསར་པ་ཞིག་རྒྱག་ཐུབ་ཀྱི་རེད། ངས་ནམ་རྒྱུན་བཤད་ཀྱིན་ཡོད། ང་རང་གིས་ཆབ་སྲིད་དང་དཔལ་འབྱོར་སོགས་གཞན་གང་ཡང་ཞེ་དྲགས་མགོ་ཚོས་ཀྱི་མེད། ཡིན་ནའང་། བཀའ་བློན་ཁྲི་པས་ཤེས་ཡོན་གྱི་ཐོག་ལ་གོམ་པ་ཤུགས་ཆེན་པོ་ཞིག་རྒྱག་མ་ཐུབ་པ་ཡིན་ན། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཐོག་ནས་ཕྱག་ལས་གནང་སྟངས་མ་འགྲིག་པ་ཞིག་ཏུ་མཐོང་ངེས་རེད་ལ། སོ་སོས་མི་ཚེ་ཧྲིལ་པོ་ཤེས་ཡོན་སློབ་གསོའི་སྒང་ལ་བསྐྱལ་བསྡད་ཡོད་སྟབས། དེའི་ཐད་ལ་རང་བཞིན་གྱིས་སེམས་ཚོར་ཤུགས་ཆེ་བ་ཡོད་པ་རེད།

            དྲི་བ། མཇུག་མཐར། ཁྱེད་རང་སློབ་གསོའི་ལས་གནས་དངོས་ན་ཡོད་པའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། སློབ་ཕྲུག་ཚོར་བརྗོད་འདོད་པའི་སྐད་ཆ་ག་རེ་ཡོད་དམ།

            ལན། ང་རང་ཉིད་ཀྱི་སློབ་ཕྲུག་ཚོར་ནམ་རྒྱུན་ནས་ལབ་བསྡད་ཀྱི་ཡོད། རྗེས་མ་ང་རང་ཚོའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་དཀའ་ངལ་ལ་དཔག་པའི་གོམ་པ་དང་པོ་དེ་ང་ཚོས་རྒྱག་དགོས་པ་རེད། དེ་ཡིན་དུས། ག་དུས་ཡིན་ནའང་མི་ཚེ་དམིགས་ཡུལ་ལྡན་པ་ཞིག་བསྐྱེལ་དགོས་པ་རེད་མ་གཏོགས། མི་ཚེ་འགྲོ་ཐབས་བྱེད་དགོས་པ་མ་རེད། སྤྱི་ཚོགས་ནང་མི་ཚེ་འགྲོ་ཐབས་བྱེད་མཁན་ཁེངས་བསྡད་ཡོད་པ་རེད། དེར་བརྟེན། མི་ཚེ་ལ་རིན་ཐང་ལྡན་པ་ཞིག་དགོས་ཀྱི་ཡོད་ན། སོ་སོས་སློབ་སྦྱོང་ག་རེ་ཐོན་ཚར་བའི་རྗེས་ལ། མི་ཚེ་ཆ་གཉིས་སུ་བགོས་ཏེ་བསམ་བློ་གཏོང་དགོས། ག་རེ་མ་བྱུང་བ་ཡིན་ནའང་། སོ་སོའི་ནང་མི་དང་རང་ཉིད་ཀྱི་དོན་ལ་མི་ཚེ་ཕྱེད་ཀ་དང་། སོ་སོའི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཆེད་དུ་མི་ཚེ་ཕྱེད་ཀ་གཏོང་རྒྱུའི་བསམ་བློ་འཛིན་དགོས་པ་གལ་ཆེན་པོ་རེད། སོ་སོའི་ལུང་པ་དང་སྤྱི་ཚོགས་ལ་བསམ་བློ་བཏང་བ་ཡིན་ན་སྒེར་གྱི་མི་ཚེའང་རང་བཞིན་གྱིས་འགྲིག་ཡོང་གི་རེད། སྒེར་ཞེས་པ་དེ་མི་གཅིག་དང་སྤྱི་ཚོགས་ཞེས་པ་དེ་མི་ཕོན་ཆེན་པོ་ཡིན་དུས་སོ་སོའང་སྐྱིད་པོ་ཡོང་གི་རེད། ཤེས་ཡོན་གྱི་ཐོག་ནས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མ་ཐུབ་པ་ཡིན་ནའང་། ཕྱོགས་གཞན་པ་ནས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུའི་ལམ་ཁ་མང་པོ་ཡོད་པ་རེད། མདོར་བསྡུས་ཏེ་བཤད་ན། སོ་སོ་རིམ་བཞིན་ལོ་ཡར་རྒས་ཡོང་དུས་རང་ཉིད་ཀྱི་མི་ཚེ་ལ་འགྱོད་པ་མ་སྐྱེས་པ་ཞིག་བྱེད་རྒྱུ་དེ་གནད་འགག་ཆེན་པོར་མཐོང་གི་འདུག ཆེས་མ་མཐའ་ཡང་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་མ་ཐུབ་པ་ཡིན་ནའང་། སྤྱི་ཚོགས་ལ་གནོད་མི་སྐྱེལ་མཁན་ཞིག་གནང་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༦༧ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ སོ་སོའི་ནང་མི་དང་རང་ཉིད་ཀྱི་དོན་ལ་མི་ཚེ་ཕྱེད་ཀ་དང་། སོ་སོའི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཆེད་དུ་མི་ཚེ་ཕྱེད་ཀ་གཏོང་རྒྱུའི་བསམ་བློ་འཛིན་དགོས་པ་གལ་ཆེན་པོ་རེད། སོ་སོའི་ལུང་པ་དང་སྤྱི་ཚོགས་ལ་བསམ་བློ་བཏང་བ་ཡིན་ན་སྒེར་གྱི་མི་ཚེའང་རང་བཞིན་གྱིས་འགྲིག་ཡོང་གི་རེད། སྒེར་ཞེས་པ་དེ་མི་གཅིག་དང་སྤྱི་ཚོགས་ཞེས་པ་དེ་མི་ཕོན་ཆེན་པོ་ཡིན་དུས་སོ་སོའང་སྐྱིད་པོ་ཡོང་གི་རེད། ་་་་་ཟེར།

    Reply
  2. རི་བོང། says:
    ལོ་ 14 སྔོན།

    དགེ་རྒན་ཟེར་བ་དེ་འདྲ་གི་མ་རེད། དངོས་གནས་ཡག་པོ་གསུངས་འདུག བཀྲ་ཤིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese