ཁ་སང་གཟའ་མིག་དམར་ཉིན་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བདུན་གྱི་སློབ་མ་བཞི་བཅུར་བོད་སྐད་ཡིག་སློབ་ཁྲིད་ཀྱི་དམིཊ་བསལ་འཛིན་གྲྭ་ཞིག་མགོ་འཛུཊ་གནང་འདུག
ཁ་སང་ཕྱི་ཚེས་ ༡ ཉིན་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དུ་། ཀིརྟིའི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༧ གྱི་འཛིན་རིམ་དགུ་བ་ནས་བཅུ་གཅིག་བར་གྱི་སློབ་མ་ ༤༠ ལ་ཟླ་གཅིག་རིང་སུམ་རྟགས་དང་སྙན་ངག ནང་ཆོས་ངོ་སྤྲོད། རིགས་ལམ་བཅས་ཀྱི་དམིགས་བསལ་འཛིན་གྲྭ་ཞིག་མགོ་འཛུགས་གནང་ཡོད་འདུག
ཐེངས་འདིའི་དམིགས་བསལ་འཛིན་གྲྭ་འདི་ནི། སློབ་གྲྭ་ཁག་གི་གུང་གསེང་དང་སྟབས་བསྟུན་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། དམིགས་ཡུལ་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོར། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རྨང་གཞི་སྲ་བརྟན་དུ་གཏོང་ཆེད་དང་མི་ཉམས་རྒྱུན་འཛིན་ཡོང་ཆེད་ཡིན་འདུག་ལ། དུས་ཡུན་ཟླ་གཅིག་གི་སློབ་ཁྲིད་ཁྲོད་སློབ་མ་ཚོར་ཕྲད་དང་རྣམ་དབྱེ། བདག་གཞན་དུས་གསུམ་བཅས་ཀྱི་སྐོར་དང་། སྙན་ངག་སྤྱི་དོན་གཞིར་བཟུང་རང་བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན་སོ་གཉིས། རིགས་ལམ་གྱི་རྣམ་གཞག་སློབ་ཁྲིད། ནང་ཆོས་ཀྱི་ཐད་ནས་སྐྱབས་འགྲོ་དང་ལས་འབྲས་སོགས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
དམིགས་བསལ་འཛིན་གྲྭར་ཞུགས་པའི་སློབ་གྲྭ་ཁག་ནི། གྷོ་པ་པུར་དང་མ་སུ་རི། སེ་ལཱ་ཀོ། ཅོང་ཏ་རཱ། སུ་ཇཱ། ངྷ་སྟེང་བོད་ཁྱིམ། རཱ་ཇུར་པུར་སློབ་གྲྭ་བཅས་ཡིན་འདུག