ཇོ་ནང་སྨོན་ལམ་ཆེན་མོ་ཐེངས་བཅུ་གཅིག་པ་རྡོ་གདན་དུ་ཚོགས་ཡོད་ལ། ཇོ་ནང་བའི་བླ་སྤྲུལ་མཁན་གསུམ་གྱི་གཙོས་རིས་མེད་དགེ་འདུན་ཆིག་སྟོང་ལྷག་འཛོམས་ཡོད་འདུག
༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ནས་དབུ་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་དང་། སྨོན་ལམ་ཆེན་མོའི་ཐོག་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་གཙོས་བླ་གྲྭ་ ༡༠༠༠ ལྷག་འཛོམས་ཡོད་པ་དང་། ཉིན་བཞི་བའི་སྨོན་ལམ་གྱི་ཚོགས་མགོན་དུ་རྒྱལ་བ་ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཡོད་འདུག
ཐེངས་འདིའི་སྨོན་ལམ་འཚོགས་ཡུན་ཉིན་བདུན་ཡིན་པ་དང་། སྨོན་ལམ་སྐབས་ཇོ་ནང་བའི་ཆོས་བརྒྱུད་འཛིན་མཁན་གྱི་བླ་སྤྲུལ་མཁན་གསུམ་གྱི་གཙོས་རིས་མེད་དགེ་འདུན་པ་ཆིག་སྟོང་ནས་ལྔ་སྟོང་བར་ལ་བསྙེན་བཀུར་གནང་བཞིན་ཡོད་པ་དང་། སྨོན་ལམ་གྱི་ཞལ་འདོན་ལ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་བོ། དཔལ་ཇོ་ནང་བའི་ལུགས་ཀྱི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོ། བླ་མ་མཆོད་པ། སྒྲོལ་མའི་མཎྜལ་ཆོ་ག་ཚོགས་གཉིས་སྙིང་བོ་སོགས་དང༌། དངོས་གཞིར་འཇམ་དཔལ་མཚན་བརྗོད་དང་། བཟང་སྤྱོད་སྨོན་ལམ། མཇུག་ཏུ་རིས་མེད་བསྟན་རྒྱས་སྨོན་ལམ་དང་། ཐུན་མོང་མ་ཡིན་པའི་དཔལ་ཇོ་ནང་བའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་དང་དུས་འཁོར་སྨོན་ལམ། ༧གོང་ས་མཆོག་གི་ཞལ་གསུང་བྱིན་རླབས་ཅན་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་འདོན་བཞིན་ཡོད་འདུག
ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་དོན་ལྟར་ན། སྨོན་ལམ་འདི་ལྟ་བུ་ཞིག་འཚོགས་དགོས་པའི་དམིགས་ཡུལ་ནི། འཛམ་གླིང་ཡོངས་ལ་དུས་མིན་གྱི་ནད་རིམས་འཁྲུགས་རྩོད་ཉེ་བར་ཞི་བ་དང་། ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ས་ལམ་ལེགས་པར་བགྲོད་ནུས་པ་དང་། ཡངས་པའི་འཇིག་རྟེན་འདིར་འཕྲལ་ཕུགས་གཏན་བདེའི་ལམ་བཟང་ཉེ་བར་སྟོན་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་མཆོག་དང་། དཔལ་རྒྱལ་དབང་ཀརྨ་པ་མཆོག ཇོ་ནང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཀུན་དགའ་ངག་དབང་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་། མཛད་འཕྲིན་རྒྱས་པ་དང་། ལྷག་པར་དུ་ཇོ་ནང་བསྟན་པའི་མངའ་བདག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྤྲུལ་ཉི་གཞོན་མགྱོགས་མྱུར་ཤར་བའི་ཆེད་དུ་ཡིན་ཚུལ་སོགས་བཀོད་འདུག
དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཞེས་པ་དེ་ནི། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ ༢༠༠༠ ལོར་ཐོག་མར་གསར་འཛུགས་མཛད་པ་ཞིག་ཡིན་ལ། ད་བར་དུ་ཐེངས་བཅུ་གཅིག་ཚོགས་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།