མཱོ་ལུ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
ཊུའུ་ནི་ཤི་ཡ་(Tunisia)ཡི་ཚོང་པ་ཆུང་ཆུང་མོ་ཧཱ་མེཌ་བྷའུ་རྫེ་རྫེ་(Mohamed Bouazizi)ཡིས་རང་སྲེག་བྱས་པ་དེས་རྒྱལ་སྤྱིར་ཤན་ཤུགས་ཆེན་པོ་ཐེབས་ཏེ་སྒེར་གཅོད་སྲིད་དབང་ཞིག་གི་མགོ་གཏིང་བསློགས། དེ་ལ་འཛམ་གླིང་ལོ་རྒྱུས་ནང་དཔེ་མཚུངས་གཅིག་བྱུང་ཡོད་པ་ནི། མི་ལོ་བཞི་བཅུའི་ཡར་སྔོན་ལ་བེ་ཏི་ནཱམ་(Vietnam)གྱི་གྲྭ་བ་ཧྲ་ཀོང་ཏིག་ཟེར་བ་ཞིག་གིས་རང་སྲེག་བྱས་པ་དེ་ཡིན།
དེ་ཡང་ ༡༩༢༣ ལོའི་ཟླ་ ༦ ཚེས་ ༡༡ ཉིན། ལོ་ ༦༦ ལ་སོན་པའི་གྲྭ་བ་ཐིཀ་ཀོན་ཌའུ་(Thich Quang Duc)མཆོག་གིས་ཝུ་ཐེན་ཡན(Ngo Dinh Diem)སྲིད་གཞུང་གིས་ནང་པའི་གྲྭ་བ་ལ་རྡུང་རྡེག་དང་གཉའ་གནོན་བྱེད་པར་ངོ་རྒོལ་བྱེད་ཆེད་“ཞི་ཀོན”བཞི་མདོ་ནས་རང་ལུས་མེར་བསྲེགས་བྱས་ཤིང་། དེ་ཨ་རིའི་གསར་འགོད་པ་ཞིག་གིས་དངོས་སུ་པར་རྒྱབ་ནས་ཉིན་གཉིས་པའི་ཚགས་པར་སྟེང་བཀོད་དེ་ཀུན་གྱིས་ཚ་ཚ་འུར་འུར་དུ་དོ་སྣང་ཤུགས་ཆེན་བྱུང་། མི་ཚང་མས་རང་སྲེག་དེ་ནི་ནང་ཆོས་གཉན་འཕྲང་གི་དཀྱོགས་མཚམས་ཤིག་ལ་ལྟ་བཞིན་ཡོད་ལ། དེ་བེ་ཏི་ནཱམ་སྲིད་འཛིན་ཝུ་ཐེན་ཡན་མགོ་གཏིང་བསློགས་པའི་ཕུགས་ཀྱི་སྒུལ་ཤུགས་སུ་ཡང་གྱུར་སོང་།
འདི་འདྲའི་རྒྱལ་ཁ་འཐོབ་པའི་རང་སྲེག་གི་དཔེ་མཚོན་ཞིག་ལ་བརྟེན་ནས་བོད་མིའི་རང་སྲེག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་མིའི་སྨྱུག་ཐོགས་པ་ཁ་ཤས་ཀྱིས་རང་སྲེག་ནི་ཕན་ཐོགས་ཆེ་བའི་ངོ་རྒོལ་གྱི་རྣམ་པ་ཞིག་ལ་འདོད་ཀྱི་ཡོད། ཡིན་ན་ཡང་ཁོ་བོས་བསམ་པར་བེ་ཏི་ནཱམ་གྱི་གྲྭ་བ་དེ་ཡི་ཁ་གཏད་བྱེད་ས་དང་། སྐབས་དེིའི་རྒྱལ་སྤྱིའི་གནས་སྟངས་དེ་ཁ་སང་དེ་རིང་གི་བོད་མིའི་ཁ་གཏད་བྱེད་ས་དང་གཏན་ནས་མི་འདྲ་སྟབས། སྐབས་དེར་རྒྱལ་ཁ་འཐོབ་ཡོད་ཀྱང་དེང་གི་བོད་མིའི་རང་སྲེག་དང་བསྡུར་ཐབས་ཁྱོན་ནས་མེད།
དང་པོ། ངོ་རྒོལ་བྱེད་སའི་ཁ་གཏད་མི་འདྲ།
དེ་ཡང་བེ་ཏི་ནཱམ་གྱི་གྲྭ་བ་ཐིཀ་ཀོན་ཌའུ་ཡིས་ཁ་གཏད་བྱེད་སའི་སྲིད་འཛིན་ཝུ་ཐེན་ཡན་ནི་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན། གནམ་བདག་ཆོས་ལུགས་ཀྱིས་ཚེ་སྲོག་ནི་རྩ་ཆེན་ཡིན་པའི་བསླབ་བྱ་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ལ། མི་ཡི་ཚེ་སྲོག་ནི་གནམ་བདག་གིས་བསྐྲུན་པ་དང་གནམ་བདག་གིས་གནང་བའི་ལེགས་སྐྱེས་ཤིག་ཡིན་པར་འདོད་ཀྱི་ཡོད་པས་རང་སྲོག་རང་གིས་གཅོད་པར་རྒོལ་བ་བྱེད། དེ་བས་རང་སྲེག་ནི་ཆོས་ཕྱོགས་ཀྱི་འཛེམ་བྱ་ཞིག་ཏུ་གྱུར་ཡོད་ཅིང་། གྲྭ་བ་ཐིཀ་ཀོན་ཌའུ་ཡིས་རང་སྲོག་ལ་མ་འཛེམས་པར་རང་ལུས་མེར་བསྲེགས་བྱེད་སྐབས། གནམ་བདག་ཆོས་ལུགས་པ་ཚོར་བློ་འཚབ་ཧ་ཅང་ཆེན་པོ་ཡོད། དེར་བརྟེན། སྲིད་གཞུང་གི་ངོས་ནས་ནང་པའི་གྲྭ་བཙུན་ལ་རྡུང་རྡེག་བྱེད་པའི་སྲིད་ཇུས་དེ་ཕྱིར་འཐེན་མི་བྱེད་རང་བྱེད་དུ་གྱུར་ཡོད།
ཡིན་ན་ཡང་། རྒྱ་གཞུང་གིས་“གུང་ཁྲན་ཏང་གི་མི་ནི་དམིགས་བསལ་ཅན་གྱི་རྒྱུ་ཆ་ལས་གྲུབ་ཡོད་”ཅེས་སྒྲོག་གིན་ཡོད། སི་ཏ་ལེན་གྱིས་ཀྱང་དམིགས་བསལ་གྱི་རྒྱུ་ཆ་ལ་“རྣོ་ལྕགས་ཀྱི་སྙིང་རུས་ཡོད་”ཅེས་བརྗོད་ཡོད། གང་ལྟར། རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་འཐབ་འཛིང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་མཁན་ཞིག་གིས་“དམིགས་བསལ་གྱི་རྒྱུ་ཆ་”ཞེས་རྗོད་བཞིན་པ་འདི་ལ་མི་སྤྱོད་ལས་འདས་ཤིང་ལས་རྒྱུ་འབྲས་ལ་མི་རུང་བ་ཤེས་ཡོད། ༡༩༨༩ ལོར་དམིགས་བསལ་རྒྱུ་ཆས་བསྐྲུན་པའི་རྒྱ་དམར་གཞུང་གིས་ལྕགས་འཁྲབ་འཁོར་ལོ་སྤྱད་དེ་ཀྲུང་གོའི་མཐོ་རིམ་སློབ་ཕྲུག་ཚོར་དྲག་གནོན་བྱས་ཡོད། དེ་དག་རྒྱ་མི་རིགས་རང་གི་ཤ་ལས་འཆད་པའི་བུ་ཕྲུག་རྐྱང་རྐྱང་ཡིན་ཡང་། གནད་དོན་དེ་ལ་ད་དུང་ཡང་འགྱོད་བཤགས་བྱེད་ཀྱི་མེད། བརླང་སྤྱོད་གདུག་རྩུབ་ཅན་གྱི་རྒྱ་གཞུང་གིས་བོད་མིའི་རང་སྲེག་ལ་གདུང་སེམས་མཉམ་སྐྱེད་ཅིག་གང་ནས་བྱེད་ཨང་།
གཉིས་པ། རྒྱལ་སྤྱིའི་གནས་སྟངས་དང་རྒྱལ་སྤྱིའི་འབྲེལ་བ་མི་འདྲ།
བེ་ཏི་ནཱམ་གྱི་ཝུ་ཐེན་ཡན་སྲིད་དབང་ནི་ཅུང་ཙམ་སྟོབས་ཆུང་གི་སྲིད་དབང་ཞིག་རེད། ལོ་རབས་ལྔ་བཅུའི་ནང་ལ་ཨ་རིའི་རྒྱབ་སྐྱོར་ལ་བརྟེན་ཏེ་དབུ་བརྙེས་པའི་“བེ་ཏི་ནཱམ་སྤྱི་མཐུན་རྒྱལ་ཁབ”ཀྱིོས་ཆོས་ལུགས་རྡོག་རོལ་གྱི་སྲིད་ཇུས་ལག་བསྟར་བྱེད་དུས། ཁོ་ཚོའི་ཕྱོགས་ལ་ཨ་རིའི་གནོན་ཤུགས་ཡོད་པ་མ་ཟད། ད་དུང་བེ་ཏི་ནཱམ་བྱང་ཕྱོགས་ཀྱི་ཧོ་ཏྲི་མིན་གུང་ཁྲན་ཏང་ཤོག་ཁག་གི་འཇིགས་སྣང་ཡང་ཡོད། དེ་ལྟར། ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཀའི་གནོན་ཤུགས་དང་ངོ་རྒོལ་ཐེབས་ཏེ་བེ་ཏི་ནཱམ་སྤྱི་མཐུན་རྒྱལ་ཁབ་རིམ་པར་ཉམས་མགོ་ཚུགས། གྲྭ་བ་ཐིཀ་ཀོན་ཌའུ་ཡིས་རང་སྲེག་ངོ་རྒོལ་བྱས་རྗེས། འཛམ་གླིང་ཡོངས་ཀྱིས་ཁོང་གི་འདྲ་པར་གང་སར་འགྲེམས་སྤེལ་བྱས་ཏེ་རིམ་གྱིས་གྱེན་ལངས་བྱུང་བ་རེད། དེ་བས། ཨ་རི་ཡིས་ཀྱང་ཝུ་ཐེན་ཡན་གྱིས་སྲིད་དབང་མུ་མཐུད་ནས་སྐྱོང་བར་བཟོད་བསྲན་བྱེད་མ་ཐུབ་པར་བརྟེན། ཝུ་ཐེན་ཡན་སྲིད་དབང་ཕམ་ཉེས་སུ་འགྲོ་བར་བརྩམས་ཡོད།
ཡིན་ན་ཡང་དེང་སྐབས་རྒྱ་གཞུང་གི་སྲིད་དབང་གནས་བབ་དེ་དང་ཆེར་མི་འདྲ་སྟེ། རྒྱ་དམར་གཞུང་གིས་ཁྲག་གི་འཁོར་ལོ་བསྐོར་ཡང་ལོ་ངོ་ ༣༠ ནང་ལ་དཔལ་འབྱོར་བཅོས་བསྒྱུར་ཁྲོད་ནས་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ཡོད། དེར་མ་ཟད་འཛམ་གླིང་གི་དཔལ་འབྱོར་རྒྱལ་སྤྱི་ཅན་གྱི་ཁབ་ཆེན་མོའི་གྲས་སུ་ཡང་འཛུལ་ཡོད། དེ་ནས། ཀྲུང་གོའི་ས་ཆ་དང་ངལ་རྩོལ་ནུས་ཤུགས་ཀྱི་གོང་ཚད་སླ་བོ་ཡིན་པའི་རྐྱེན་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་ཚོང་པ་མང་པོ་སྐོར་ཁག་དང་སྐོར་ཁག་བྱས་ཏེ་རྒྱ་ནག་ཏུ་བསླེབས་ཏེ་མ་རྩ་བཙུགས་ཏེ་ཁེ་ཕན་གཉེར་གྱིན་འདུག ཁ་གསལ་བོར་བཤད་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མ་རྩས་རྒྱ་དམར་གཞུང་གསོས་ཏེ་ཕག་པ་ནང་བཞིན་བཟོས་ཡོད། འདིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་སྔར་ལས་ཤུགས་ཆེ་རུ་བཏང་ཡོད།
ད་དུང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་གྱུར་བའི་རྗེས་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཀྱང་དེར་བསྟུན་གྱིས་ཇེ་ཞན་དུ་གྱུར་ཡོད་སྟབས། རྒྱ་གཞུང་ནི་ཨ་རིའི་བུ་ལོན་བྱེད་སའི་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། ཡུ་རོབ་ཀྱིས་ཀྱང་བུ་ལོན་གྱི་ཉེན་ཁ་སེལ་བར་རྒྱ་གཞུང་གི་རོགས་རམ་ལ་རེ་བ་བྱེད་ཀྱིན་ཡོད་རྐྱེན། འདི་འདྲའི་གནས་སྟངས་འོག་ནས་ཨ་རི་དང་ཡུ་རོབ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་གིས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་དང་། བརྒྱུད་ལམ་ཁག་ནས་བོད་དོན་དང་འབྲེལ་བའི་འབོད་སྐུལ་ཇི་ལྟར་ཞུས་ཀྱང་། དང་པོ་རྒྱལ་ཁབ་སོ་སོའི་གཞུང་གིས་ཁོ་ཚོའི་རང་ཕྱོགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་གི་ཡོད།
གསུམ་པ། བེ་ཏི་ནཱམ་གྱི་གྲྭ་བ་དེའི་རེ་འདུན་ཅུང་ཆིག་རྐྱང་དང་མངོན་གསལ་ཡིན།
ལོ་དེར་ཝུ་ཐེན་ཡན་གྱིས་གནམ་བདག་ཆོས་ལུགས་ནི་རྒྱལ་ཁབ་ཀྱི་ཆོས་ལུགས་བཟོ་བར་བྱེད་དུས། གྲྭ་བ་ཐིཀ་ཀོན་ཌའུ་ཡིས་རང་ལུས་མེར་བསྲེགས་གནང་སྟེ་ཝུ་ཐེན་ཡན་གྱིས་ནང་ཆོས་ལ་དམའ་འབེབས་དང་གཉའ་གནོན་མི་བྱེད་པའི་རེ་འདུན་བཏོན་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད། ཡིན་ན་ཡང་། བོད་མིའི་རང་སྲེག་བྱེད་མཁན་རྣམས་ཀྱིས་“བོད་མིའི་རང་དབང་”དང་“བོད་རང་བཙན”གྱི་འབོད་ཚིག་བསྒྲགས་སྟབས། ཀུན་གྱིས་དེ་ནི་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་མངོན་འགྱུར་བྱེད་ཐུབ་པའི་དམིགས་ཡུལ་ཞིག་མིན་པར་འདོད་ཀྱི་ཡོད། གཞན་ཡང་རྒྱ་མི་དུང་ཕྱུར་བཅུ་གསུམ་གྱིས་ད་དུང་རང་དབང་འཐབ་རྩོད་བྱས་ཏེ། ལེགས་འགྲུབ་བྱུང་མེད་ན་བོད་པ་ནི་ད་རུང་ཕ་རིའི་སྤང་རྒྱན་མ་ཡིན་ནམ། གང་ལྟར་ཀྱང་། ནུབ་ཕྱོགས་མི་མང་གི་རྩ་འཛུགས་དང་གནད་ཡོད་མི་སྣ་ཚོས་“བོད་རང་བཙན་”ལ་ངོས་ལེན་ཅི་ཙམ་བྱས་ཀྱང་། ད་བར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་གི་ངོས་ནས་བོད་རང་བཙན་ཡོངས་ཁྱབ་ཐོག་ངོས་ལེན་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་བྱུང་མེད། རྒྱུ་མཚན་དེ་དག་གི་དབང་གིས་ཁོ་རང་ཚོ་ཁ་ཁུ་སིམ་མེར་བསྡད་ཡོད་པ་རེད།
བོད་དུ་རྒྱལ་གཅེས་དཔའ་བོ་ཚོས་བོད་བསྐུལ་གཙོ་བོ་ནི་༸གོང་ས་མཆོག་༸བོད་ལ་གདན་ཞུ་དང། བོད་མིར་འགྲོ་བ་མི་ཐོབ་ཐང་དགོས་ཚུལ་ཁ་གྲགས་གཅིག་ཡིན་པ་ལས་རང་བཙན་གསུངས་མཁན་རེ་གཉིས་མ་གཏོགས་མེད་པས་དངོས་ཡོད་གང་བྱུང་བ་དངྲ གང་ཐོས་པ་དེ་ཚོར་བལྟ་དགོས་པ་ལས་གང་བྱུང་སྒྲོ་བཏགས་མི་ཉན།