དེ་རིང་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་དང་པོར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་གནད་ཡོད་སྣ་ཆེད་ཕེབས་ཀྱིས། མ་འོངས་པར་རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་དགོས་པའི་གཏམ་བཤད་གནང་སོང་།
དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༢།༡༥ སྟེང་། བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་གནང་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དེ་རྒྱལ་ས་ལྡི་ལི་གསར་པའི་ཊོལ་ཀཱ་ཊོ་རཱ་ (Talktora Stadium) རྩེད་རའི་ནང་ཚོགས་སོང་ལ། ལས་འགུལ་ཐོག་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་དང་བྷེ་རྗེ་པེའི་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་སྐུ་ཞབས་ཨ་ངྷི་ཝ་ནེ་ (L.K.Advani) མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་དང་ཀེང་རི་སིའི་སྐུ་ཚབ་ལྩམ་ཕུ་རེ་ཡཱ་ཌལ་ཐི་ (Priya Dutt) དང་ཀང་རི་སིའི་ཆབ་སྲིད་མགོ་ཁྲིད་ནཱན་ཇཱ་པཱ་ (Dr. E. M Sudarsan Natchiappan ) རྣམ་གཉིས་གཙོས། ཨ་ཀཱ་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་སུའུ་ཀེ་སྤིར་སེན་བྷ་ཏི་ (Sukhbir Singh Badal) ཇམ་མུ་ཀཱ་ཤི་མུར་མངའ་སྡེའི་ས་གནས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཧཱ་སེན་ཁེན་ ( Shri Hassan Khan) བཅས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཁག་དང་། སྲིད་སྐྱོང་བློ་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ། རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་ ༤༥༠༠ ལྷག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༡༠༠༠ ལྷག་བཅས་ཁྱོན་མི་ ༥༠༠༠ ལྷག་འདུ་འཛོམས་བྱུང་འདུག
མཛད་སྒོའི་ཐོག་རྒྱལ་ཁབ་ཁག་དྲུག་ནས་ཕེབས་པའི་ནང་པའི་དགེ་འདུན་པ་རྣམས་ཀྱིས་བསྔོ་བ་སྨོན་ལམ་གསུང་འདོན་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྣེ་འཁྲིད་འོག་རྒྱ་གར་གྱི་རྒྱལ་གླུ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན། བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་གནང་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་རེབ་ཀྱི་ལས་འགུལ་ནང་རྒྱ་བལ་འབྲུག་གསུམ་སོགས་ཕྱོགས་མཐའ་ཁག་ནས་དང་བླངས་མཉམ་ཞུགས་གནང་མཁན་བོད་མི་ ༤༥༠༠ ལྷག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ༡༥༠༠ ལྷག་བཅས་མཉམ་ཞུགས་གནང་ཡོད་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ཀྱིས་རྒྱ་གར་གྱི་གནད་ཡོད་མི་སྣར་རྒྱ་གར་གཞུང་གི་སྲིད་བྱུས་དང་མཐུན་པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་སོང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་རེ་འདུན་གཙོ་བོ། ༸གོང་ས་མཆོག་བོད་ནང་ཕེབས་རྒྱུ་དང་བོད་ལ་རང་དབང་ཐོབ་ཆེད་ཡིན་སྟབས། ཁོང་རྣམས་ཀྱི་མངོན་འདོད་ལ་ང་ཚོས་རྒྱབ་སྐྱོར་འགན་ལེན་དགོས་སྐོར་དང་། རྒྱ་གར་གྱི་ངོས་ནས་བོད་ཀྱི་ཁོར་ཡུག་དང་། རྒྱ་གར་དང་བོད་གཉིས་ཀྱི་བླ་སློབ་འབྲེལ་བ་བཅས་ལ་བརྟེན་ནས་མ་འོངས་པར་རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་སོང་།
དེའི་རྗེས་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་དང་བྷེ་རྗེ་པེ་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་སྐུ་ཞབས་ཨ་ངྷི་ཝ་ནེ་མཆོག་གིས། བོད་དོན་འཐབ་རྩོད་ཀྱི་རེ་བ་གཙོ་བོ་༸གོང་ས་མཆོག་ཡིན་པ་དང་། ༸གོང་ས་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པ་དེ་བོད་དོན་ལ་ཐུགས་འཁུར་དང་འགན་འཁུར་གནང་བ་ཞིག་ཡིན་ཚུལ་དང་། རྒྱ་གར་ལ་མཚོན་ན་དེ་སྔོན་དཀའ་ངལ་ཆེན་པོ་ཡོད་ཀྱང་། ༡༩༥༠ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༧ ཉིན་དེ་སྔོན་རྒྱ་གར་གྱི་ནང་སྲིད་བློན་ཆེན་སར་ཌར་པཱ་ཊེལ་ (Sardar Patel) མཆོག་གིས། བོད་དོན་ཐད་ཤོག་ངོས་བདུན་ཅན་གྱི་ཡི་གེ་ཞིག་སྲིད་བློན་ནེ་རུ་མཆོག་ལ་ཕུལ་ཏེ་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་སྐོར་སོགས་གསུངས་ཏེ། ༸གོང་ས་མཆོག་དང་བོད་དོན་ཐད་ཁོང་གིས། “༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ནམ་རྒྱུན་རྒྱ་གར་བོད་པའི་དགེ་རྒན་དང་བོད་མི་ཚོ་རྒྱ་གར་གྱི་སློབ་མ་ཡིན་ཞེས་ནམ་རྒྱུན་གསུངས་བསྡད་ཡོད་པ་རེད། བོད་མི་ཚོར་མཚོན་ནའང་རྒྱ་གར་གཞུང་དམངས་གཉིས་ལ་རེ་བ་དང་ཡིད་ཆེས་བྱས་བསྡད་ཡོད། ཡིན་ནའང་། ད་ལྟའི་བར་རྒྱ་གར་གཞུང་དམངས་གཉིས་ནས་བོད་མིའི་རེ་བ་བསྒྲུབ་ཐུབ་མེད་ཀྱང་། ང་རང་གི་ངོས་ནས་རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་རེ་བ་བསྐང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། འདས་པའི་དུས་རབས་ ༢༠ དེ་ནུབ་ཕྱོགས་པའི་དུས་རབས་ཆགས་ཡོད་ཀྱང་། མ་འོངས་པའི་དུས་རབས་ ༢༡ ཨེ་ཤ་ཡའི་དུས་རབས་ཆགས་ཡོད། ང་རང་ཉིད་ཀྱི་ངོས་ནས་དུས་རབས་འདི་རྒྱ་གར་གྱི་དུས་རབས་ཤིག་ཆགས་པའི་འདོད་པ་ཡོད། གལ་སྲིད་དེ་ལྟར་ཆགས་པ་ཡིན་ན། དུས་རབས་ཉེར་གཅིག་ནང་བོད་ཀྱི་དཀའ་རྙོག་འདི་སེལ་ཏེ། དུས་རབས་དེ་བོད་དང་རྒྱ་ནག་གི་དུས་རབས་ཤིག་ཏུ་འགྱུར་བར་རེ་བ་དང་སྨོན་ལམ་ཡོད། ” ཅེས་གསུངས་བྱུང་།
དེ་བཞིན། རྒྱ་གར་ཀང་རི་སི་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་ལྕམ་ཕུ་རེ་ཡཱ་ཌལ་ཐི་མཆོག་གིས། ཁོ་མོའི་ངོས་ནས་བོད་ཀྱི་གནས་སྟངས་ལ་གུས་བརྩི་དང་དམིགས་བསལ་རང་ལུས་མེར་བསྲེཊ་གནང་མཁན་ ༩༩ ལ་གུས་ཞབས་ཡོད་པ་དང་། ཁོང་གི་ཕ་དམ་པ་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་ཁོ་མོར་འཕྲད་པའི་དཀའ་སྡུག་གི་ཉམས་མྱོང་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཚུལ་དང་། མ་འོངས་པར་མོ་དང་མོའི་གྲོགས་པོ། ལས་རོགས་ཚོགས་པ་བཅས་ཀྱི་ངོས་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་གཏམ་བཤད་དང་། ཇམ་མུ་ཀར་ཤི་མིར་མངའ་སྡེའི་གཞུང་འཛིན་ཚོགས་པའི་འཐུས་མི་ཧཱ་སེན་ཁེན་དང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་ཀང་རི་སིའི་ཆབ་སྲིད་མགོ་ཁྲིད་ནཱན་ཇཱ་པཱ་རྣམ་གཉིས་ནས་ཀྱང་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་སོང་།
ཐེངས་འདིའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཐོག་རྒྱལ་བལ་འབྲུག་གསུམ་གྱི་བོད་མི་གནས་སྡོད་ས་གནས་ཁག་ཡོངས་ནས་དགེ་འདུན་པ་ ༤༨༨ དང་བཙུན་མ་ ༡༢༧། མི་སྐྱ་ཕོ་ ༡༤༤༤ དང་མོ་ ༥༩༣ ། ལྡི་ལི་ས་གནས་མི་མང་ ༡༢༠༠ ལྷག དེ་བཞིན་ས་གནས་ཁག་ནས་དང་བླངས་ཐོག་ཕེབས་པའི་མི་མང་དང་སོ་ཊ་འཚོང་མཁན་བཅས་ཁྱོན་བོད་མི་ ༤༥༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག
གསར་འགོད་པ་དོན་གོས་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤེལ།
མ་གཞི་བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱིས་ལས་འགུལ་སྤེལ་བར་བསྔགས་བརྗོད་ཡོད། ཡིན་ནའང་ལས་འགུལ་སྤེལ་སྟངས་ཀྱི་ཆད་ནས་ཉིན་མ་རྟག་པར་ཚོགས་འདུ་འདྲ་ཚོགས། བཀའ་སློབ་འདྲ་གནང་ནས་བསྡད་ཡོད་པ་ཞིག་ལ་མཐོང་སོང་། གཅིག་བྱས་ན་ཡག་པོ་ཡོད་སྲིད་པ་རེད་དེ་རྒྱ་ནག་ལ་འདི་འདྲའི་ཞི་འཇམས་རྐྱང་རྐྱང་གིས་ཡོང་ཐབས་མེད་པ་ཞིག་ཆགས་ཡོད་པ་རེད།
་་་་་་ འདས་པའི་དུས་རབས་ ༢༠ དེ་ནུབ་ཕྱོགས་པའི་དུས་རབས་ཆགས་ཡོད་ཀྱང་། མ་འོངས་པའི་དུས་རབས་ ༢༡ ཨེ་ཤ་ཡའི་དུས་རབས་ཆགས་ཡོད། ང་རང་ཉིད་ཀྱི་ངོས་ནས་དུས་རབས་འདི་རྒྱ་གར་གྱི་དུས་རབས་ཤིག་ཆགས་པའི་འདོད་པ་ཡོད། གལ་སྲིད་དེ་ལྟར་ཆགས་པ་ཡིན་ན། དུས་རབས་ཉེར་གཅིག་ནང་བོད་ཀྱི་དཀའ་རྙོག་འདི་སེལ་ཏེ། དུས་རབས་དེ་བོད་དང་རྒྱ་ནག་གི་དུས་རབས་ཤིག་ཏུ་འགྱུར་བར་རེ་བ་དང་སྨོན་ལམ་ཡོད། ་་་་ཟེར།