ཉེ་ལམ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་བ་ཞིག་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་འབྱོར་ཏེ། ས་གནས་བོད་མི་ཁྲི་གསུམ་ལྷག་གི་རེ་སྐུལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་རིན་པོ་ཆེ་ཁོང་བཙོན་གྲོལ་གྱིས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་ལེན་རྒྱུར་རེ་འབོད་ཞུ་བཞིན་ཡོད་འདུག
དེང་སྐབས་རྒྱའི་བཙོན་འོག་ཏུ་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་གནང་མྱོང་མཁན་བློ་བཟང་དམ་ཆོས་ལགས་ཉེ་ཆར་རྒྱ་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་ཐོས་འཕྲལ་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གསར་འགོད་པ་ཁོང་དང་ཐུག་འཕྲད་ཀྱིས། རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་སྐབས་ཀྱི་གནས་ཚུལ་དང་། ཁོང་གི་ད་ལྟའི་གནས་སྟངས་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།
བློ་བཟང་དམ་ཆོས་ལགས་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་ ༡༩༨༧ ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གར་ནས་ཕྱིར་རང་ཡུལ་ཏུ་ལོག་རྗེས། ཁམས་ལི་ཐང་ས་ཆར་༼ཁམས་ནཱ་ལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་༽ དང་༼འཇམ་དབྱངས་ཆོས་འཁོར་གླིང༽། ༼ཐེག་ཆེན་རྣམ་རྒྱལ་གླིང་༽། ༼བཙུན་མའི་དགོན་པ༽། ༼ཐང་ངོ་དགོན༽། ༼བསྡུས་ཚ་དགོན༽། ༼འབུམ་ཚོགས་ཀུན་དགའ་རྭ་བ༽སོགས་དགོན་པ་ ༦ དང་། ས་གནས་ཀྱི་བདག་མེད་རྒན་འཁོགས་ ༢༠ ལྷག་དང་། དྭ་ཕྲུག་དང་ཁྱིམ་ཚང་སྐྱོ་བོའི་བྱིས་པ་ ༨༠ ལྷག ཉག་ཆུ་རྫོང་དགེ་བཤེས་ལུང་པར་བྱིས་པ་ ༢༧༠ ཙམ་བཅས་ལ་རྒན་སྐྱོང་ཁང་དང་བྱིས་གཉོར་ཁང་། ༼ཞི་བདེ་བུ་གསོ་སློབ་གྲྭ༽སོགས་གསར་རྒྱག་གིས་རྒྱ་ནག་གི་སྲིད་ཇུས་དང་མཐུན་པའི་ཐོག་ནས་གཞོན་སྐྱེས་ལ་སློབ་སྦྱོང་དང་རྒན་པར་བལྟ་སྐྱོང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་ཕྱག་ལས་རླབས་ཆེན་གནང་ཡོད་ཀྱང་། ཕྱིས་སུ་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བླ་མ་དང་ཆོས་པའི་དར་ཆ་བསྒྲེངས་ཏེ་ཆོག་མཆན་མེད་པར་དགོན་པ་དང་སློབ་གྲྭ་གསར་འཛུགས་བྱས་ཚུལ་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱ་འཆར་ཡོད་པ་ཐོས་ཏེ་བྲོས་བྱོལ་གནང་དགོས་བྱུང་ཡོད་འདུག
ཕྱིས་སུ་ས་གནས་སྲིད་གཞུང་དང་མཉམ་འབྲེལ་ཐོག་སློབ་གྲྭར་བདག་སྐྱོང་བྱེད་དགོས་པའི་བཀོད་ཁྱབ་ལ་རིན་པོ་ཆེ་མཆོག་གིས་ངོས་ལེན་གནང་ཡོད་ཀྱང་། སློབ་གྲྭའི་ནང་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་དང་སློབ་གྲྭའི་སྒོ་བྱང་མར་གཡུག་པ་སོགས་བྱས་འདུག དེའི་རྗེས་རིན་པོ་ཆེ་མཆོག་གིས་རྒྱ་ནག་གི་རྒྱལ་དར་མར་ཕབ་པ་དང་སྒོ་བྱང་བསྐྱར་དུ་བཞག་པ་གཞུང་གིས་ཤེས་ཏེ། ཁོང་སླར་ཡང་ལོ་ ༡ ལྷག་རིང་ཉག་ཆུ་རྫོང་མགོ་ལོག་སྡེ་བའི་རི་མགོར་བྲོས་ཡིབ་གནང་དགོས་བྱུང་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་གི་ཉེ་འབྲེལ་ཚོང་པ་བློ་བཟང་དོན་འགྲུབ་ཁྲིན་ཏུའུ་ཐཱན་ཧྥུ་ཐང་ཆེན་དུ་འབར་རྫས་འཇོག་མཁན་ཡིན་པའི་ཉེས་འཛུགས་འོག ༢༠༠༢ ལོའི་ཟླ་ ༤ པའི་ཚེས་ ༢ ཉིན་ཁྲིན་ཏུའུ་རུ་འཇུ་བཟུང་དང་། ཁོང་ལ་སྐུལ་སློང་བྱེད་མཁན་ཡིན་པའི་ཉེས་མིང་རིན་པོ་ཆེ་མཆོག་ ༢༠༠༢ ལོའི་ཟླ་ ༤ བའི་ཚེས་ ༧ ཉིན་གྱི་མཚན་མོར་སི་ཁྲོན་ཞིང་ཆེན་གྱི་ཉེན་རྟོག་པས་ཉག་ཆུ་འཇམ་དབྱངས་ཆོས་འཁོར་གླིང་དགོན་པའི་ནང་འཛིན་བཟུང་བྱས་ཡོད་འདུག གཞན་སློབ་གྲྭའི་དགེ་རྒན་གྲྭ་བསྟན་པ་རབ་རྒྱས་དང་ཨ་ཁུ་ཆུ་རྡོ་གཉིས་ད་ལྟའི་བར་ལོ་ ༡༠ ལྷག་ཕྱིན་ཡོད་ཀྱང་། གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད་པ་མ་ཟད། རྒྱ་གཞུང་གིས་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་བའི་སྒེར་གཉེར་སློབ་གྲྭ་བཤས་རྭར་བསྒྱུར་བ་དང་། རྒན་སྐྱོང་ཁང་དང་བྱིས་གཉོར་ཁང་སོགས་ཀྱང་སྒོ་རྒྱག་ཏུ་བཅུག་ཡོད་འདུག
ལོ་གཉིས་ཀྱི་རྗེས་རྒྱ་གཞུང་གིས་དར་རྩེ་མདོ་ཁྲིམས་ཁང་དུ་བློ་བཟང་དོན་འགྲུབ་ཁྲིན་ཏུའུ་རུ་འབར་རྫས་འཇོག་མཁན་དང་། ཁྲིམས་འགལ་ཐོག་མེ་མདའ་བཟུང་ཡོད་ཚུལ་སོགས་དོན་ཚན་ ༣ གྱི་ནག་ཉེས་བཀལ་ཏེ་དམར་གསོད་བཏང་ཡོད་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ལོ་གཉིས་རིང་རྣམ་འགྱུར་ལ་བལྟས་རྗེས་ཁྲིམས་ཐག་གཅོད་རྒྱུ་ཡིན་པར་བསྒྲགས་ཡོད་པ་དང་། ཁྲིམས་ར་ཚོགས་པའི་ཉིན་དེར་རིན་པོ་ཆེ་མཆོག་གིས་དཀར་མཛེས་ཁུལ་གྱི་རྫོང་ཁག་ ༡༨ ཀྱི་མི་མང་འཛོམས་སར་ཁོང་འབར་རྫས་གས་གཏོར་དང་འབྲེལ་བ་གཏན་ནས་མེད་པར། དེ་ནི་རྒྱ་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འགེལ་བྱས་ཡོད་པ་དང་། གཙོ་བོ་རྒྱ་གཞུང་གིས་ཁོང་ལ་མི་རིགས་ཀྱི་རིག་གཞུང་གོང་འཕེལ་དང་ས་གནས་མི་མང་གི་བདེ་སྡུག་ཆེད་ལས་དོན་བསྒྲུབ་པར་བཀག་འགོག་བྱ་ཆེད་ཁོ་ན་ཡིན་པ། ཁོང་གི་དྲང་བདེན་གྱི་བྱ་བཞག་ལ་ས་གནས་མི་མང་གིས་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱིིའི་སྟེང་ཁྱབ་བསྒྲགས་བྱེད་དགོས་པ་བཅས་ཀྱི་བཀའ་སློབ་གནང་ཡོད་པ་མ་ཟད། ཁྲིམས་ཁང་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་སྟབས་རྒྱ་དམག་གིས་རིན་པོ་ཆེ་མཆོག་གི་ཞལ་ལ་རས་བརྫངས་ཏེ་བཙན་འཁྲིད་བྱས་ཡོད་འདུག
ལས་བྱེད་ཚོར་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཚེ་ལས་གནས་ལས་གནས་དབྱུང་དང་ཁྲིམས་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་དང་། ས་གནས་མི་མང་ལའང་དེའི་སྐོར་གྱི་གནས་ཚུལ་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་ཀྱང་། ༢༠༠༧ ལོ་ནས་བཟུང་མི་མང་གིས་རིན་པོ་ཆེ་མཆོག་ཀློད་གྲོལ་ཡོང་ཆེད་སྐད་འབོད་དང་རེ་སྐུལ་ཐེངས་མང་ཞུས་ཡོད་པ་དང་། རྒྱ་གཞུང་གིས་སྐབས་དེར་ས་གནས་སྐྱ་སེར་མི་མང་ ༡༠༠ ལྷག་འཛིན་བཟུང་གཅར་རྡུང་བྱས་ཡོད་འདུག ༢༠༠༨ ལོར་ལི་ཐང་རྫོང་དང་ཉག་ཆུ་རྫོང་གི་ཉེན་རྟོག་པ་གློ་བུར་དུ་འབྱོར་ཏེ་རིན་པོ་ཆེ་མཆོག་གི་ཉེ་འབྲེལ་སྒྲོལ་དཀར་ལྷ་མོ་དང་གྲུབ་མཐའ་གཉིས་ཁོང་ལ་ཐུག་འཕྲད་དུ་འགྲོ་དགོས་པ་དང་། རིན་པོ་ཆེར་ཁྲག་ཤེད་དང་སྙིང་རླུང་། རུས་ལྷག་བཅས་ཀྱི་ན་ཚ་ཡོད་ཚུལ་བཤད་ཡོད་ཀྱང་། ཁོང་གཉིས་རིན་པོ་ཆེ་མཆོག་ལ་མཇལ་སྐབས་ན་ཚ་གང་ཡང་མེད་པར་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། རིན་པོ་ཆེ་མཆོག་གིས་བཙོན་ཁང་དུ་བསྒྲོན་པའི་སྐུ་པར་ཞིག་དང་སྡེ་མི་ཡོངས་ལ་ཐུགས་འཁུར་གནང་མི་དགོས་པའི་གསུང་ལན་བཅས་གནང་ཡོད་འདུག སྐབས་དེ་ནས་བཟུང་རྒྱ་གཞུང་གིས་ཁོང་གཉིས་ལོ་རེར་ཐེངས་གཅིག་རེ་ཐུག་ཆོག་པའི་བཀའ་འཁྲོལ་རག་ཡོད་ཀྱང་། ༢༠༡༡ ལོར་ཐུག་འཕྲད་སྐབས་རིན་པོ་ཆེ་མཆོག་གིས་ཡི་གེ་ཞིག་བསྐུར་ཡོད་ཀྱང་། ཉེན་རྟོག་པས་ཞིབ་འཇུག་བྱས་རྗེས་སྤྲོད་རྒྱུ་ཡིན་ཚུལ་བཤད་དེ་འཕྲོགས་ཡོད་འདུག
མཇུག་ཏུ་ཁོང་ལ་ད་ལྟའི་ཆར་ས་གནས་མི་མང་གི་རེ་བ་གཙོ་བོ་ག་རེ་ཡིན་མིན་དྲིས་པར་ཁོང་གིས། “ མི་མང་གི་ངོས་ནས་རྒྱ་གཞུང་གིས་རིན་པོ་ཆེར་ལོ་གཉིས་ཀྱི་རྗེས་སུ་རྣམ་འགྱུར་ལ་བལྟས་ཏེ་ཁྲིམས་ཆད་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་དང་། ཕྱིས་སུ་ཁོང་དགྲོང་རྩིས་བྱེད་སྐབས་ཕྱི་རྒྱལ་ཁག་གི་གནོན་ཤུགས་འོག ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཞིག་ཐོས་ཡོད་པ་རེད། ད་ལྟའི་བར་ང་ཚོས་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ། རིན་པོ་ཆེ་མཆོག་ཀློད་གྲོལ་གྱིས་སྨན་བཅོས་ཀྱི་གོ་སྐབས་སྤྲོད་དགོས་པའི་ཞུ་འབོད་ཡང་ཡང་བྱས་ཀྱང་ལན་གང་ཡང་འབྱོར་མ་སོང་། སྔ་ལོར་བོད་པའི་བླ་ཆེན་མང་པོ་རྒྱ་གཞུང་གིས་ལྐོག་གསོད་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཞིག་ཐོས་ཏེ། མང་ཚོགས་ལ་སླར་ཡང་སེམས་འཚབ་ཆེན་པོ་སྐྱེས་ཏེ། རིན་པོ་ཆེ་མཆོག་སྨན་བཅོས་ཆེད་ཕྱི་ལོགས་སུ་འདོན་ཐབས་དང་། དེ་སྔོན་རིན་པོ་ཆེ་མཆོག་གིས་ཡི་གེ་ཞིག་བསྐུར་ཡོད་པ་དེ་རག་ཐབས་ཆེད་དཀར་མཛེས་ཁུལ་གྱི་བོད་མི་ཁྲི་ ༣ ལྷག་གི་རེ་འདུན་ཞུ་ཡིག་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ། ཉག་ཆུ་རྫོང་བཅས་སུ་སྤྲད་ཡོད་ཀྱང་ལན་གང་ཡང་འབྱོར་མ་སོང་།
ད་རེབ་ངས་རེ་འདུན་དེ་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱ་ཆེད་ཡོང་བ་ཡིན། མི་མང་གི་རེ་བ་གཙོ་བོ་དེ་སྔོན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག་གི་རོགས་རམ་འོག་ཆབ་སྲིད་བཙོན་པ་མང་པོ་ཀློད་གྲོལ་གྱིས་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ཏུ་བླངས་ཡོད་པའི་གནས་ཚུལ་གོ་བ་ལྟར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཀྱང་མྱུར་དུ་ཀློད་གྲོལ་ཐོབ་སྟེ། རང་དབང་གི་ལུང་པ་ཞིག་ལ་ལེན་རྒྱུ་དེ་རེད། ང་རང་ཉིད་ཀྱི་ལས་འགན་གཙོ་བོ་ཡང་དེ་ཡིན” ཞེས་བརྗོད་བྱུང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ནི། ༡༩༥༠ ལོར་ལི་ཐང་མཐིལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་ཐོག་ལི་ཐང་དགོན་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་༸གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ལོ་ ༦ རིང་གཞུང་ལུགས་ལ་སློབ་གཉེར་གནང་ཡོད་པ་དང་། ༡༩༨༣ ལོར་༸གོང་ས་མཆོག་གིས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་གྱིས་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་བསྩལ་ཡོད། ༡༩༨༧ ལོར་ཕྱིར་ཕ་ཡུལ་དུ་ལོག་སྟེ་དགོན་པ་དང་རྒན་སྐྱོང་ཁང་། བྱིས་གཉོར་ཁང་དང་སློབ་གྲྭ་སོགས་གསར་རྒྱག་གནང་བར་རྒྱ་གཞུང་གིས་ཆོག་མཆན་མེད་པར་བསྙད་འདོགས་ཀྱིས་ ༢༠༠༢ ལོའི་ཟླ་ ༤ པའི་ཚེས་ ༧ ཉིན་འཛིན་བཟུང་བྱས་ཏེ་ད་བར་ལོ་ ༡༡ ཙམ་འགྲོ་བཞིན་ཡོད།
གསར་འགོད་པ། དོན་གོ
༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽