ད་ལམ་སྤྱི་ལོ་ ༢༠༡༣ ཕྱི་ཟླ་ ༡ ཚེས་ ༢༥ ཉིན་སེང་བྲག་སྐུ་ཕྲེང་དྲུག་པ་ཡང་སྲིད་རིན་པོ་ཆེ་མཆོག་ལ་འདི་ ཕྱིའི་བླ་ན་མེད་པའི་སྐྱབས་གནས་དམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གཟིམ་ཆུང་མཇལ་ཁ་བསྩལ་བསྟུན་གཙུག་ཕུད་བཞེས་ཤིང་བསྟན་འཛིན་བཤད་སྒྲུབ་མཚན་གསོལ་མཛད་མཚམས་སྐྱབས་འགྲོ་དང་འཇམ་དབྱངས་གཟུང་སྔགས་བཅས་ཀྱི་ལྗགས་ལུང་བཀྲིན་བསྩལ། མགོན་པོ་མཆོག་གིས། མཆོག་སྤྲུལ་རིན་པོ་ཆེའི་དབུ་ཕྱག་གིས་ཕུར་ཕུར་མཛད་བཞིན། སེང་བྲག་གོང་མ་ཁོང་བླ་མ་ཉམས་ཆུང་བསྒྲུབ་པ་ལ་བརྩོན་མཁན་ཧ་ཅང་ཡག་པོ་ཞིག་ཡོད། ང་དང་འདྲིས་པོ་ཡོད། ཁྱོད་རང་དེའི་ཡང་སྲིད་རེད། སློབ་གཉེར་མཐར་ཕྱིན་པ་བྱེད་དགོས། ནང་ཆོས་ཕྱག་དཔེ་མགོ་རྒྱ་གར་སྐད་དུ་ནས་མཇུག་རྫོགས་སོ། བར་ཚིག་དོན་ཆ་ཚང་མཐིལ་ཕྱིན་པ་སྦྱང་ཏེ་རང་གིས་དོན་རྟོགས་གཞན་ལ་འཆད་ཐུབ་པ་བྱེད་ དགོས་སོགས་ཀྱི་བཀྲིན་བླ་ན་མེད་པའི་བཀའ་སློབ་ཟབ་གསལ་ཕེབས། དེ་ཡང་གངས་ལྗོངས་དབུས་གཙང་ཆོལ་ཁོངས་ལ་སྟོད་དིང་རིའི་ཕྱོགས་འདིར་སླར་ཡང་བསྟན་འགྲོའི་དཔལདུ་བྱོན་པའི་ཐུན་མོང་ཡོངས་གྲགས་ཀྱི་སྟོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ། ༸སྐྱབས་རྗེ་སེང་བྲག་རིན་པོ་ཆེ་མཆོག་ད་ལྟའི་བར་ཟམ་མ་ཆད་པར་སྐུ་ཕྲེང་དྲུག་ཕེབས་པ་ལས།
སྐུ་ཕྲེང་ལྔ་པ། བདག་ཅག་རྣམས་ལ་བཀའ་དྲིན་མཚུངས་མེད། ཁྱབ་བདག་འཁོར་ལོའི་མགོན་པོ། མཚན་བརྗོད་པར་དཀའ་བ། ༸སྐྱབས་རྗེ་སེང་བྲག་རིན་པོ་ཆེ། ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་སྡེ་ཉིད་སྤྱི་ལོ་ ༡༩༤༧ བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོར་སྐུ་འཁྲུངས། སྤྱི་ལོ་ ༡༩༥༩ ལོར་བོད་ལྗོངས་རྒྱ་དམར་གྱིས་བཙན་བཟོས་བྱས་སྐབས་བལ་ཡུལ་ཤར་ཁུམ་བུའི་སྟོད་དུ་བོད་མི་སྐྱབས་བཅོལ་སྤྱི་མཚུངས་ལྟར་ཕེབས། རིམ་བཞིན་བླ་མ་རིན་པོ་ཆེ་འཇམ་དབྱངས་གྲགས་པ། ཨ་ཕོ་རིན་པོ་ཆེ་ངག་དབང་ཡེ་ཤེས་རང་གྲོལ། རྒན་རིན་པོ་ཆེ་མཁྱེན་བརྩེའི་རྒྱ་མཚོ། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་པའི་མཁས་དང་གྲུབ་པའི་བདག་ཉིད་ཅན་གྱི་བླ་མ་དུ་མ་ལ་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་བསྟེན་པས། ཕྱག་རྒྱ་ཆེན་པོ་སྔོན་ འགྲོ་ནས་བཟུང་དངོས་གཞི་གདམས་ངག་བཀའ་རྒྱ་ཅན་གྱི་བར། ཚུལ་བཞིན་ཐུགས་ཉམས་སུ་བཞེས་པས་བདེ་ སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དགོངས་པ་མངོན་དུ་གྱུར་ཅིང། ཆོས་དང་ཐུགས་རྒྱུད་འདྲེས་པའི་དབང་གིས་འཇིག་རྟེན་ཆོས་བརྒྱད་ཀྱི་ཡོ་ལངས་ལ་ཐུགས་གཏིང་ནས་སུན་པའི་ཚུལ་བསྟན་ཏེ། འདོད་ཆུང་ཆོག་ཤེས་ངང་སྐུ་ཚེར་སྒྲུབ་པའི་རྒྱལ་མཚན་བརྟན་པོར་བཙུགས་གནང་མཛད།
འོན་ཀྱང་སྙིགས་མའི་རང་མདངས་མངོན་དུ་གྱུར་པའི་སྟབས་ཀྱིས། བོད་རྒྱལ་ལོ་ ༢༡༣༢ བོད་ཟླ་ ༡ ཚེས་ ༢༥ སྤྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༥ ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན། ཐོག་མར་སྐུ་གདུང་རིན་པོ་ཆེ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དགོན་དུ་ཐུགས་དམ་སད་དཀྲོགས་མེད་པར་གདན་ཞུས་༸སྐྱབས་རྗེ་རབས་འབྱམས་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་འོག་གདུང་མཆོད་ཟབ་འབུལ་དང།
དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་མངའ་བདག་༸རྒྱལ་དབང་འབྲུག་པ་བཅུ་གཉིས་པ་ཆེན་པོ་མཆོག་གིས་བཀའ་བཀོད་ལྟར་སྐུ་གདུང་རིན་པོ་ཆེ་༸སྐྱབས་རྗེ་དམ་པའི་བྱེས་དགོན་འོག་མ་རུ་གདན་འདྲེན་ཞུས་ཏེ་སྐུ་གམ་དུ་གསང་བདག་ཆོས་མགོན་བསྟན་འཛིན་ཆོས་ཀྱི་རྒྱ་མཚོ་མཆོག་སོགས་སྤྲུལ་སྐུ་རྣམ་པ་དང། རྡོར་གླིང་འབྲུག་གསང་སྔགས་ཆོས་གླིངསོགས་ནས་ཆེད་ཕེབས་ཆོག་གྲ་དང། རང་སློབ་དགེ་བཙུན་རྣམ་པས་ཟླ་བསྐང་རིང་མཆོད་འབུལ་ཞུས།
དེ་མཚམས་བླ་བྲང་དང། སྒྲུབ་དགོན་ལས་སྣེ། ཕྱི་ནང་རྗེས་འཇུག་པ་བཅས་ཚོགས་འཛོམས་འབྱུང་འགྱུར་ཞུ་སྒོའི་ཐོག་བསམ་བགྲོས་ཞིབ་ལྷུག་ཞུས་འབྲས་ཚོགས་ཐོག་ནས་བཀོད་མངགས་ལྟར། ༸སྐྱབས་རྗེ་ཞེ་ཆེན་ རབས་འབྱམས་རིན་པོ་ཆེ་མཆོག་ལ་བཀའ་སློབ་གནང་སྐྱབས་གསོལ་འདེབས་ཞུས་ལན། སྐུའི་ཡང་སྲིད་འཚོལ་ཞིབས་དང་ངོས་འཛིན་བཅས་ཀྱི་ཐུགས་འགན་ཡོངས་རྫོགས་༸རྒྱལ་དབང་འབྲུག་པ་བཅུ་་ཉིས་པ་ཆེན་པོ་མཆོག་གིས་བཞེས་སྐྱབས་ཡོང་བའི་གསོལ་བ་ཐོབ་ཅིག་ཅེས་རྩ་ཆེའི་ལམ་སྟོན་བཀའ་སློབ་ཞལ་གསལ་བཀྲིན་ཆེ་ཐོབ་བྱུང་དོན་ལྟར་འབྲུག་པ་བཅུ་གཉིས་པ་ཆེན་པོའི་སྐུ་དྲུང་དུ་འབྲེལ་ཡོད་ཚན་པ་ཁག་གི་སྐུ་ཚབ་བཅར་ཏེ་གོང་དོན་ གསོལ་འདེབས་དང། ཞལ་གྲངས་གསུམ་བརྒྱ་ལ་ཉེ་བའི་སྐྱབས་རྗེ་དམ་པའི་ཞལ་སློབ་རྣམས་ལ་གསུང་ཆོས་དང་ སྨིན་གྲོལ་གདམས་ངག་སུ་ལ་གང་འོས་གནང་སྐྱབས་ཡོང་བ་དང། སྒྲུབ་དགོན་གོང་འོག་གཉིས་ལ་དབུ་སྡོམས་མཛད་པོ་མཁན་པོ་ཞིག་ཀྱང་བསྐོ་བསྩལ་ཡོང་བ་ཞེས་མགྲིན་གཅིག་ནས་གསོལ་བ་བཏབ་པར་ཞུ་དོན་གོང་མ་གཉིས་ལ་ཞལ་བཞེས་དབུགས་དབྱུངས་ཐོག་མཁན་པོ་བསྐོ་བསྩལ་སྐོར་དགོངས་བཞེས་ཐབས་ཤེས་གནང་ཡོང་ཞེས་པའི་ བཀའ་བཞེས་བཟང་ཐོབ་བྱུང།
སྐུ་ཕྲེང་དྲུག་པ་ནི། བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་དང་སྨོན་ལམ་ཟབ་མོ་ཡང་ཡང་གནང་བ་དུས་སུ་སྨིན་པ་དང། ༸སྐྱབས་མགོན་འབྲུག་པ་བཅུ་གཉིས་པ་ཆེན་པོ་མཆོག་གིས་ཐུགས་འཁུར་བཀྲིན་ལ་བརྟེན་ནས། སླར་བདག་སོགས་གདུལ་བྱའི་མགོན་དུ་ཐུགས་དམིགས་མེད་བརྩེ་བ་ཆེན་པོའི་སྒོ་ནས་མྱུར་བར་བྱོན་པའི་སྐྱབས་རྗེ་སེང་བྲག་མཆོག་སྤྲུལ་ཡང་སྲིད་རིན་པོ་ཆེ། བསྟན་འཛིན་བཤད་སྒྲུབ་བམ། འཇིགས་མེད་མི་ཕམ་བློ་གྲོས་དཔལ་བཟང་པོའི་སྡེ་མཆོག་ནི། སྐུའི་གདན་ས་ཆེན་པོ་ཤར་སྦ་ཁང་དོན་གྲུབ་སྡིངས་དང་ཧ་ཅང་མི་རིང་བའི་ཆར། བལ་ཡུལ་སིནྡུ་པལ་ཅོག་རྫོང་ཁོངས། འཆང་ཤིང་གྲོང་སྡེ་ཞེས་པར། ཡབ་མིག་དམར་ཤར་པ་ལགས་དང། ཡུམ་པདྨ་ལགས་གཉིས་ཀྱི་སྲས་སུ། སྤྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༣༡ བོད་རབ་གནས་མེ་ཁྱི་ལོའི། བོད་ཟླ་ ༢ ཚེས་ ༢ རེས་གཟའ་པ་སངས་ཉིན་སྐུ་འཁྲུངས།
སྤྱི་ལོ་ ༢༠༠༧ བོད་རབ་གནས་མེ་ཕག་ལོའི་བོད་ཟླ་ ༡ ཚེས་ ༢༥ ཉིན་༸སྐྱབས་མགོན་འབྲུག་པ་བཅུ་གཉིས་པ་ཆེན་པོ་མཆོག་གིས་བླ་བྲང་སྐུ་འཁོར་དང། ཞབས་ཚོགས་འགན་འཛིན་བཅས་པ་ལ། ཡང་སྲིད་ཀྱི་མཚན་ཟུར་དང། ཡུལ་ཕྱོགས་གང་དུ་ཡང་སྲིད་འཁྲུངས་ཡོད་མེད་ཀྱི་བཀའ་སློབ་ཕྱོགས་ཙམ་བསྩལ་ཕེབས་བྱུང། གོང་མའི་ཞབས་འབྲིང་པ་ཆོས་ཀྱི་དབང་ཕྱུག་སོགས་ཀྱིས་ཕྱོགས་གང་སར་ལེགས་པར་བརྟགས་ཤིང་བཙལ་རྗེས། བཀའ་ལུང་དང་ཆེས་མཐུན་པར་གྱུར་པའི་འོས་སྤྲུལ་ཞལ་མཇལ་བྱུང་ཞིང། དེ་དོན་༸སྐྱབས་མགོན་འབྲུག་པ་བཅུ་གཉིས་པ་མཆོག་ལ་སྙན་འབུལ་ཞུས། བོད་རྒྱལ་ལོ་ ༢༡༣༤ ཟླ་ ༩ པའི་བོད་ཚེས་ ༡༡ སྤྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༢༢ ཉིན། འབྲུག་ཨ་མི་ཏ་བྷར། དཔལ་འབྲུག་པ་བཅུ་གཉིས་པ་ཆེན་པོའི་ཞབས་དྲུང་དུ་ཡང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་ལྷན་ཅིག་ཏུ་བླ་བྲང་སྐུ་འཁོར་དང་ཞབས་ཚོགས་འགན་འཛིན་མི་སྣ་བཅས་མཇལ་བཅར་ཐོག་གཙུག་ཕུད་བཞེས་བསྟུན་འཇིགས་མེད་མི་ཕམ་བློ་གྲོས་དཔལ་བཟང་མཚན་གསོལ་མཛད། ཟླ་དེའི་བོད་ཚེས་ ༢༦ ཉིན་རྒྱལ་དབང་འབྲུག་པ་བཅུ་གཉིས་ཆེན་པོ་མཆོག་གིས་ཁྲུས་གསོལ་དང་ན་བཟའ་གསོལ་རྗེས་སེར་སྐྱ་མང་ཚོགས་ཀྱིས་མཇལ་ཁ་ཞུས།
༸རྒྱལ་དབང་འབྲུག་པ་བཅུ་གཉིས་ཆེན་པོས་ཕུགས་རྒྱང་བརྩེ་གཟིགས་ཆེན་པོས། ཡང་སྲིད་མཆོག་སྤྲུལ་སྐུ་ན་ཆུང་དུས་འདིའི་སྐབས་ཉིད་ནས་འཇིག་རྟེན་ཁྱིམ་གཞིས་སུ་ཡབ་ཡུམ་གྱི་སྐུ་མདུན་དུ་བཅའ་བཞུགས་མ་མཛད་པར་དགོན་པ་འདུས་སྡེའི་འཁོར་ཡུག་ཏུ་བཅའ་བཞུགས་ཚོགས་ཕེབས་སོགས་ཀྱི་གོམས་གཤིས་བག་ཆགས་ བསྐྲུན་དགོས་པའི་ཕུགས་གནད་ཆེ་བའི་བཀའ་སློབ་ཕེབས་དོན་ལྟར་སྤྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༥ ཉིན་དཔལ་འབྲུག པའི་གདན་ས་བལ་ཡུལ་ཨ་མི་ཏཱ་བྷ་རུ་སྐུ་ཡོན་གསན་སྦྱངས་ཐོག་བཞུགས་པ་ནས་ད་བར་དེ་གར་བཞུགས་འཇགས་ མཛད་མུས་ཡིན།
བོད་རྒྱལ་ལོ་ ༢༡༣༧ ཟླ་ ༢ ཚེས་ ༢༦ སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༠ ཉིན་དཔལ་རྒྱལ་དབང་འབྲུག་པ་བཅུ་གཉིས་པ་ཆེན་པོ་དབུ་བཞུགས་ཐོག་ཆོས་བརྒྱུད་ཆེན་པོ་བཞིའི་བླ་སྤྲུལ་མཁན་པོ་འདུས་མང་རྒྱ་མཚོའི་དབུས་སུ། བལ་ཡུལ་འབྲུག་པདྨ་དཀར་པོའི་ཆོས་སྡེ་རུ། གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཐེངས་དང་པོ་གནང། དཔལ་འབྲུག་པ་བཅུ་གཉིས་པ་ཆེན་པོའི་བཀའ་འབྲེལ་འདི་ལོ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་ཏེ། བོད་རྒྱལ་ལོ་ ༢༡༣༩ ཟླ་ ༩ ཚེས་ ༢༢ སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༦ ཉིན་གོང་མའི་གདན་ས་ཤར་སྦ་ཁང་དོན་གྲུབ་ སྡིངས་སུ་ཉིན་གསུམ་གྱི་རིང་ཚོགས་མཆོད་རྒྱས་འབུལ་དང་འབྲེལ། གསེར་ཁྲིར་མངའ་གསོལ་རྒྱས་པ་ཞུས།
སྒྲུབ་དགོན་གཉིས་ཀྱི་གྲྭ་བཙུན་ཡོངས་ལ་ལྟོ་གོས་ཆོས་གསུམ་བསྐྱངས་མཁན། བདག་ཅག་རྣམས་ཀྱི་འདྲེན་མཆོག་ཆེན་པོ་༸སྐྱབས་རྗེ་སེང་བྲག་རིན་པོ་ཆེ་སྐུ་གོང་མ་དགོངས་པ་ཞི་དབྱིངས་སུ་ཐིམས་ཚུལ་བསྟན་མ་ཐག་ཞལ་སློབ་སུམ་བརྒྱ་ཡས་མས་ལོང་བ་ཐང་ལུས་ལྟར་ཅི་བྱ་ཏོལ་མེད་དུ་གྱུར་བའི་ཛ་དྲག་གནས་སྟངས་ཤར་སྐབས་རང་གཞུང་ལ་སྙན་སེང་ཞུས་ན་འབྲེལ་ཡོད་ལྷན་ཁང་ནས་སྤྱི་མཚུངས་གཟིགས་སྐྱོང་གནང་རྒྱུར་ཐེ་ཚོམས་མེད་ངེས་ཀྱང། ཡང་སྲིད་མཆོག་སྤྲུལ་དང་སྒྲུབ་དགོན་གཉིས་ཀྱི་ཞལ་སློབ་རྣམ་པར་རང་ཁོངས་ནས་ཞབས་ཕྱི་གང་ཐུབ་ཞུ་སེམས་བཅང་སྟེ་ཛ་དྲག་གནས་སྟངས་ལ་ཉེན་སྐྱོབས་རམ་འདེགས་དང། ལྷག་པར་༸སྐྱབས་རྗེ་དམ་པའི་བཀའ་དྲིན་ཕྲན་ཙམ་གཞལ་བློས། སྐབས་དེར་ས་གནས་སུ་ངོ་ཡོད་ཕྱི་ནང་རྗེས་འཇུག་པ་བཅུ་ཕྲག་འགས་སེངྒེ་བྲག་ཞབས་ཞུ་ཚོགས་པ་ཞེས་པ་ཞིག་བལ་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་དེབ་བསྐྱེལ་ཞུས། ད་འཆར་ཚོགས་མི་ ༢༧༤ ཡོད་ཅིང་ཚོགས་མིའི་ཚོགས་དངུལ་དང་ཚོགས་མི་རྣམས་ནས་ཞལ་འདེབས་བསྡུ་རུབས་ཀྱིས་སྐྱབས་རྗེ་དམ་པའི་དགོངས་རྫོགས་མཆོད་འབུལ་དང། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཁྲི་གསོལ་ཕྱག་གྲོན། དུས་ཡུན་ཟླ་བ་བཞི་ཡན་འཚམས་ཞུགས་མཛད་མཁན་ཞལ་སློབ་རྣམས་ལ་འཚམས་ཕོགས་ནར་འབུལ་དང། འཕྲོད་རྟེན་སྨན་གཏུགས་རོགས་དངུལ་སོགས་འབུལ་གྱི་ཡོད་པའི་གསལ་བསྒྲགས་གནས་ཚུལ་དུ།
སེངྒེ་ཞབས་ཞུ་ཚོགས་པས། ༢༠༡༣།༡།༢༦ ལ་སྤེལ།།