མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་མཉམ་འབྲེལ་བྱས་ན་ང་ཚོའི་འཐབ་རྩོད་མེ་འབར་འབར་བྱེད་པའི་ཡིད་ཆེས་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༢ བར་གྱི་ཉིན་བཞིའི་རིང་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་མཇུག་སྒྲིལ་བ་དང་བསྟུན་ཏེ། གསར་འགོད་པས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལས་འགུལ་བ་ཁག་ཅིག་ལ། ད་རེབ་ཀྱི་ལས་འགུལ་ཐོག་མཐོང་ཚུལ་གང་འདྲ་བྱུང་ཡོད་མེད་དང་། མ་འོངས་པར་ལས་འགུལ་གང་འདྲ་སྤེལ་དགོས་མིན་ཐད་བསམ་ཚུལ་བསྡུས་ཡོད།  

བལ་ཡུལ་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་ཀྱི་རང་ལོ་ ༦༡ ཡིན་པའི་རྒན་བསམ་འགྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ཐེངས་འདིར་བཀའ་སྤྱི་ཐུན་མོང་གིས་བཀོད་ཁྱབ་དང་གསལ་བསྒྲགས་གནང་བ་ལྟར། ང་ཚོ་བལ་ཡུལ་བཀྲ་ཤིས་དཔལ་འཁྱིལ་དང་བྱམས་པ་གླིང་། བཀྲ་ཤིས་སྒང་སོགས་གཞིས་ཆགས་ཁག་གསུམ་ནས་མི་ ༣༥ བོད་ནང་སོ་སོའི་ལྟོ་གོས་དང་ལུང་ཚན་བྱེ་བྲག་པ་ཞིག་གི་ཆེད་དུ་མིན་པར། བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་དང་། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་ས་ཆེན་ལ་གོམ་ཆེན་བརྒྱབ་ཏེ་ཡོང་བ་ཡིན། ཐེངས་འདིའི་ཉིན་བཞིའི་རིང་རྒྱ་གར་གྱི་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ། དགའ་ལྡན་ཁྲི་པ་གཙོས་པའི་བླ་ཆེན་དང་བཀའ་སྤྱི་གཉིས་ཀྱི་མི་སྣ། དེ་བཞིན་ས་གནས་ཁག་འདྲ་མིན་ནས་མི་མང་སྟོང་ཕྲག་མང་པོ་ཕེབས་ཏེ་གདུང་སེམས་མཉམ་སྐྱེད་གནང་སོང་། དེ་ཡག་པོ་རེད། ཡིན་ནའང་བོད་པའི་གནད་དོན་དེ་ད་རེབ་ཀྱི་ལས་འགུལ་འདི་གཅིག་པུས་ཐག་གཅོད་ཐུབ་པ་ཞིག་མིན་དུས། མ་འོངས་པར་མུ་མཐུད་དེ་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། བལ་ཡུལ་ནང་ལས་འགུལ་སྤེལ་སྐབས་གཞུང་གི་ཉེན་རྟོག་པ་ཡོང་ནས་གཅར་རྡུང་འཇུ་བཟུང་བྱེད་ཀྱི་ཡོད་ཀྱང་། མི་མང་ཚོས་གང་ཐུབ་ཀྱིས་ལས་འགུལ་སྤེལ་གྱི་ཡོད་པ་རེད” ཅེས་བརྗོད་བྱུང་།

ལ་དྭགས་བྱང་ཐང་ནས་ཕེབས་པའི་དགུང་ལོ་ ༧༦ ཡིན་པའི་རྒན་བཅོ་ལྔ་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ང་ཚོ་ལ་དྭགས་ལྷོ་བྱང་གཉིས་ནས་མི་ ༡༩༢ ཙམ་ཡོང་ཡོད། ཐེངས་འདིའི་ལས་འགུལ་དེ་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་ཡག་པོ་བྱུང་སོང་། བོད་པའི་དཀའ་ངལ་དེ་མགྱོགས་མྱུར་ངང་སེལ་ཐུབ་པ་ཞིག་མིན་ཡང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་། འཇིག་རྟེན་འདིའི་ནང་ཡོང་མི་རུང་བ་དང་། མིག་དང་སྣ་བའི་མཐོང་ཐོས་ཀྱི་ཡུལ་དུ་མ་བྱུང་བའི་གནས་ཚུལ་ཞིག་བོད་ནང་འབྱུང་གི་ཡོད་པ་དེ་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རྒྱུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལས་འགན་ཆགས་ཡོད། ད་ལྟའི་ཆར་༸གོང་ས་མཆོག་གི་ལམ་སྟོན་འོག་བོད་ཕྱི་ནང་གཉིས་སུ་ཞི་བའི་ལས་འགུལ་སྤེལ་གྱི་ཡོད་ཀྱང་། གལ་སྲིད་རྒྱ་ནག་གཞུང་བཤད་སྤྱོད་འདི་མུར་བསྡད་པ་ཡིན་ན། བོད་ནང་གི་ལས་འགུལ་ངོ་བོ་འགྱུར་སྲིད་པའི་ཉེན་ཁ་ཧ་ཅང་ཆེན་པོ་རེད། འཛམ་གླིང་ནང་ཐབས་སྐྱོ་བོ་ཞིག་དང་། ༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་སྲིད་པའི་ཉེན་ཁ་ཞིག་མཐོང་གི་འདུག ད་ལྟ་བོད་ནང་བོད་མི་ཚོས་འུ་ཐུག་ཏེ་རང་ལུས་མེར་བསྲེཊ་གནང་གི་ཡོད་པ་རེད། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་སེམས་འཚབ་བྱེད་པ་ཙམ་ལས་རྒྱུག་འགྲོ་ས་ཞིག་མེད་ཀྱང་། ནམ་ཞིག་འདིར་ཡོད་པའི་བོད་མི་རྣམས་ཀྱང་འུ་ཐུག་ཏེ་ལས་འགུལ་སྡུག་ཅག་སྤེལ་སྲིད་པ་རེད། བོད་ཕྱི་ནང་གཉིས་ནས་མིའི་ཚེ་སྲོག་གི་འགྲོ་གྲོན་གཏོང་མ་དགོས་པ་ཞིག་བྱུང་ན་ཡག་གི་རེད། དེ་གཙོ་བོ་རྒྱ་ནག་གཞུང་གི་ལག་ཏུ་ཡོད་པ་ཞིག་རེད” ཅེས་བརྗོད་བྱུང་།  

ཨ་རི་ནཱ་ཅལ་མངའ་སྡེའི་མེའོ་གཞིས་ཆགས་ནས་ཕེབས་པའི་རབ་བརྟན་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས།“ སྤྱིར་བཏང་ང་ཚོའི་གཞིས་ཆགས་ལ་མཚོན་ན་ས་ཆ་ཁུག་ཀྱོག་དང་འགྲིམ་འགྲུལ་སྟབས་བདེ་བོ་མེད་ས་ཞིག་རེད། ཡིན་ནའང་ད་རེབ་བཀའ་སྤྱི་གཉིས་ཀ་མཉམ་རུབ་ཐོག་ལས་འགུལ་སྤེལ་རྒྱུའི་བཀོད་ཁྱབ་གནང་བ་ལྟར། ང་ཚོའི་རྒན་གཞོན་ཕོ་མོ་༦༠ལྷག་འདིར་ཡོང་བ་ཡིན།ཐེངས་འདིའི་གཞུང་འབྲེལ་ལས་འགུལ་འདི་སྔོན་ཆད་ཀྱི་གཞུང་འབྲེལ་མིན་པའི་ལས་འགུལ་དག་དང་མི་འདྲ་བར་མི་མང་པོ་ཕེབས་འདུགརྣམ་པ་འདིར་བལྟས་པ་ཡིན་ན་བོད་མི་ཚོར་མགོ་ཁྲིད་མཁན་མེད་པ་མ་གཏོགས།མི་མང་མཉམ་ཞུགས་ཡོང་མིན་ལ་སེམས་འཁྲུལ་རྩ་བ་ནས་མི་འདུག་བསམ་པའི་ཚོར་སྣང་བྱུང་སོང་།ང་ཚོའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ།ཉིན་གཅིག་གཉིས་ཙམ་མིན་པར་ལས་འགུལ་རྒྱུན་སྐྱོང་བྱས་ཏེ་རྒྱ་ནག་ལ་བརྡ་ལན་དང་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད”ཅེས་བརྗོད་བྱུང་།

ངྷ་རམ་ས་ལ་ནས་ཕེབས་པའི་རིན་ཆེན་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས“ ང་ལ་མཚོན་ན་རང་ཉིད་བོད་ནས་བཙན་བྱོལ་དུ་ཡོང་མཁན་ཞིག་དང་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས།ད་རེབ་འགྲོ་སོང་ཆ་ཚང་རང་ངོས་ནས་བཏང་སྟེ་ལས་འགུལ་ནང་ཞུགས་པ་ཡིན། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་གནད་ཡོད་ཚང་མས་སྣེ་འཁྲིད་དེ་ལས་འགུལ་ཡག་པོ་བྱུང་སོང་། ད་རེབ་ཙམ་མིན་པར་མ་འོངས་པར་ཡང་མགོ་འཁྲིད་ཚོས་སྐད་ཆ་ཉུང་ཙམ་དང་ལས་ཀ་མང་ཙམ་བྱས་ན་ཡག་པོ་འདུག ལྷག་པར་དུ་འཐབ་རྩོད་ལ་ཁ་ཕྱོགས་གསལ་བོ་ཞིག་དགོས་ཀྱི་འདུག མ་འོངས་པར་བོད་ནང་དང་ཕྱིའི་རྒྱལ་ཁབ་ཁག་ནང་འདི་ལས་ལྷག་པའི་ལས་འགུལ་སྤེལ་ཏེ། བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་གི་བོད་པ་ཚོས་དཀའ་ལས་བརྒྱབ་བསམ་པ་ཞིག་བཟོ་ཐུབ་པ་ཡིན་ན། བོད་པའི་འཐབ་རྩོད་དེ་མེ་འབར་འབར་བྱེད་ཡོང་གི་རེད་སྙམ་པའི་ཡིད་ཆེས་ཡོད། བོད་ནང་གི་བོད་མིའི་འབོད་སྒྲ་གཙོ་བོ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་སྟབས། ཕྱི་ལོགས་སུ་ཡོད་མཁན་ཚོས་མངོན་འདོད་དེའི་ཐོག་ལ་ཤུགས་རྒྱག་དགོས་པ་རེད”ཅེས་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བཟོད་པ་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ “ ང་རང་ཉིད་ལ་མཚོན་ན། རང་ཉིད་རང་དབང་ལྡན་པའི་རྒྱལ་ཁབ་ནང་གནས་སྡོད་བྱས་པའི་བོད་མི་ཞིག་ཡིན་པའི་ཆ་ནས་རང་ངོས་ནས་འགྲོ་སོང་བཏང་སྟེ་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན། སྤྱིར་བཏང་ང་ཚོ་ཏཱ་དབོན་ཁམས་ཚན་གཅིག་པུའི་གྲྭ་བ་ ༣ ལས་འགུལ་ནང་ཞུགས་ཡོད། ཐོག་མ་སོ་སོའི་བསམ་པར་ད་རེབ་བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་གནང་གི་ཡོད་སྟབས་མི་ཧ་ཅང་མང་པོ་ཡོང་གི་རེད་བསམ་སོང་། ཡིན་ནའང་དེ་སྔོན་ཚོད་དཔག་བྱས་པ་ལྟར་མི་མང་པོ་འཛོམ་ཐུབ་མི་འདུག གོ་སྒྲིག་གི་ཐད་ནས་ང་ཚོ་བཙན་བྱོལ་བ་ཞིག་ལ་མཚོན་ན། རྒྱ་གར་གྱི་གནད་ཡོད་དཔོན་རིགས་དང་ཆོས་ལུགས་ཀྱི་དབུ་ཁྲིད། དགའ་ལྡན་ཁྲི་པ་དང་ཀིརྟི་རིན་པོ་ཆེ་བཅས་བླ་ཆེན་དང་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་སྟབས། ཡིད་ཚིམ་པ་བྱུང་སོང་ལ་ཁོང་རྣམ་པའིོ་བཀའ་སློབ་ལ་ཉན་སྐབས་རེ་བ་འདུག་བསམ་པ་དྲན་སོང” ཞེས་བརྗོད་བྱུང་།

སྦིར་བོད་ཚོགས་ནས་ཕེབས་པའི་དར་རྒྱས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ད་རེབ་ཀྱི་ལས་འགུལ་ནང་སྦིར་བོད་ཚོགས་ནས་མི་ ༢༥ མཉམ་ཞུགས་བྱས་ཡོད། བཀའ་སྤྱི་གཉིས་ཀྱིས་མི་མང་ལ་སྡོད་ས་དང་ཞལ་ལག དེ་བཞིན་ཉིན་བཞིའི་རིང་གི་ལས་འགུལ་དེ་འཆར་གཞི་དང་གོ་རིམ་ལྡན་པ་ཞིག་བྱུང་སོང་། དྲིལ་བསྒྲགས་ཀྱི་ཐད་ནས་ཀྱང་རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་མང་པོ་ཡོང་གི་འདུག་ཅེས་སྲིད་སྐྱོང་མཆོག་གིས་གསུངས་བྱུང་། གཙོ་བོ་ང་ཚོས་བོད་ནང་གི་བོད་མི་ཚོའི་རེ་བ་དང་མངོན་འདོད་རྒྱལ་སྤྱིར་བསྐྱལ་དགོས་སྟབས། ད་རེབ་གང་ལ་གང་འཚམ་ཞིག་འགྲུབ་ཡོད་པ་རེད་བསམ་གྱི་འདུག བོད་ནང་ལ་མཚོན་ན་ད་བར་མི་ ༡༠༠ མ་ཟིན་ཙམ་གྱིས་རང་ལུས་མེར་བསྲེཊ་གནང་བ་རེད། རང་ལུས་མེར་བསྲེཊ་རེ་རེ་བྱུང་སྐབས་སེམས་ནང་མ་སྐྱིད་པ་ཡོང་གི་འདུག ང་ཚོ་མི་འབོར་ཉུང་ཉུང་ཡིན་སྟབས་མ་འོངས་པར་མེར་སྲེཊ་མཚམས་འཇོག་གནང་སྟེ། དུས་སྟོན་ལྟར་ཉིན་གཅིག་གཉིས་ཙམ་མིན་པར་བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་དེ་ལས་འགུལ་སྣ་ཚོགས་མུ་མཐུད་སྤེལ་ཏེ། རྒྱལ་སྤྱིར་བོད་དོན་ངོ་འཕྲོད་པ་ཞིག་དང་རྒྱ་ནག་སུན་པོ་བཟོ་དགོས་ཀྱི་འདུག ” ཅེས་བརྗོད་བྱུང་།

གྷོ་པ་པུར་བོད་ཁྱིམ་ནས་ཕེབས་པའི་སློབ་ཕྲུག་བསྟན་འཛིན་ཆོས་གྲགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས “ ད་རེབ་ང་ཚོའི་སློབ་གྲྭའི་ངོས་ནས་དགེ་སློབ་ ༡༠༠ ཙམ་མཉམ་ཞུགས་བྱས་ཡོད། ལས་འགུལ་གང་འདྲ་ཞིག་སྤེལ་ཡང་མགོ་ཁྲིད་མཁན་ཡག་པོ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་རེད། མགོ་ཁྲིད་མཁན་ཡག་པོ་ཡོད་ན་མི་མང་ལ་ག་རེ་བཤད་ཀྱང་བསྒྲུབ་ཀྱི་རེད། སྔོན་མ་བོད་ནང་མི་རེ་རེ་མེར་བསྲེཊ་བཏང་བའི་གནས་ཚུལ་ཐོས་སྐབས་སེམས་ནང་ཚོར་བ་ཆེན་པོ་ཡོང་གི་འདུག ད་ལྟ་མི་བརྒྱ་མ་ཟིིན་ཙམ་གྱིས་མེར་བསྲེཊ་བཏང་ཡོང་ན་ཨ་ཅོག་ནང་གོམ་ལོབས་སུ་སོང་སྟེ་ཚོར་བ་མེད་པ་ཆགས་འདུག ངས་བལྟས་ན་རང་ལུས་མེར་བསྲེཊ་བཏང་སྟེ་བོད་ཀྱི་གནད་དོན་སེལ་རྒྱུར་རེ་བ་ཆེན་པོ་མཐོང་གི་མི་འདུག དེ་ལས་ས་ང་ཚོའི་ལས་འགུལ་སྤེལ་སྐབས་ས་གནས་གཅིག་ཁོ་ན་མིན་པར་བོད་ནང་དང་རྒྱ་གར། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་བོད་མི་གནས་སྡོད་ཀྱི་ས་གནས་ཡོངས་སུ་ཉིན་གཅིག་དུས་གཅིག་ལ་སྤེལ་བ་ཡིན་ན། བོད་མིའིོ་རྡོག་རྩ་ཆིག་སྒྲིལ་དང་གདུང་སེམས་མཉམ་སྐྱེད་ཀྱི་ནུས་པ་སྟོན་ཐུབ་ཀྱི་རེད་ལ། རྒྱལ་སྤྱི་དང་རྒྱ་ནག་ནང་ལའང་རང་བཞིན་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་གི་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།  

ལྡེ་ར་རྡུན་ཚེ་རིང་དོན་ལྡན་གཞིས་ཆགས་ནས་ཕེབས་པའི་ཨ་ཅག་བསོད་ནམས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་མོས། “བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་ལྟར། ད་རེབ་ང་ཚོ་གཞིས་ཆགས་ཀྱི་མི་ ༡༠ བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་ཡོང་བ་ཡིན། ལས་འགུལ་གྱི་གོ་སྒྲིག་གི་ཐད་ནས་མི་མང་ལ་སྡོད་ས་དང་ཟ་མ་གོ་སྒྲིག་གནང་ཡོད་པ་མ་ཟད། དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་བླ་ཆེན་དང་རྒྱ་གར་གནད་ཡོད་དཔོན་རིགས་མང་པོ་ཕེབས་ཏེ་བཀའ་སློབ་གསུང་བཤད་དང་། གོམ་བགྲོད་དང་ཟས་བཅད། བསྔོ་སྨོན་བཅས་ཀྱི་ཐད་ཧ་ཅང་ཡག་པོ་བྱུང་སོང་། གཙོ་བོ། བོད་ནང་རྒྱ་གཞུང་གིས་དྲག་གནོན་འོག་བོད་མི་ཚོ་འདུག་ཐབས་མེད་པའི་གནས་སུ་བསྐྱལ་ཡོད་སྟབས། མ་འོངས་པར་བཀའ་སྤྱི་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྔར་ལས་ཤུགས་ཆེ་པོ་སྤེལ་རྒྱུ་གལ་ཆེན་རེད་དྲན་ཡོད། གཉིས་པ་ད་རེབ་ཀྱི་ལས་འགུལ་ནང་ཞུགས་མཁན་མང་ཆེ་བ་རྒན་འཁོགས་ཤ་སྟག་ཡིན་པ་འདྲ་ཞིག་ཏུ་མཐོང་སོང་། མ་འོངས་པར་གཞོན་པ་ཚོས་འགུལ་དཀྱོག་རྒྱག་དགོས་ཀྱི་འདུག རྒན་པ་ཚོས་ཀྱང་གཞོན་པ་ཚོ་བོད་པའི་འཐབ་རྩོད་གནང་མཁན་ཞིག་བཟོ་ཐུབ་དགོས་ཀྱི་འདུག” ཅེས་བརྗོད་བྱུང་།

མོན་གྷོ་གཞིས་ཆགས་ནས་ཕེབས་པའི་སྲིད་ཆོས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་མོས “ ད་རེབ་ང་ཚོའི་གཞིས་ཆགས་ཀྱི་མི་ ༢༨༥ ཙམ་ལས་འགུལ་ནང་ཞུགས་ཀྱི་ཡོད། ལས་འགུལ་འདི་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་གནང་གི་ཡོད་དུས། གནད་ཡོད་མི་སྣ་དང་མི་མང་པ་འཛོམས་ཏེ་ལས་འགུལ་ཡག་པོ་བྱུང་སོང་། བོད་ནང་ལ་མཚོན་ན། ༸གོང་ས་མཆོག་གིས་ནམ་རྒྱུན་བོད་ཀྱི་བདག་པོ་གཞིས་སྡོད་མི་མང་ཡིན་གསུང་གི་ཡོད་པ་ལྟར། བོད་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མཆོད་མེར་ཕུལ་བ་རེད། ཡིན་ནའང་། རྒྱ་གཞུང་གིས་རྐང་བཙུགས་ནས་མི་གསོད་མི་དགོས་པར་རང་ཤི་རྒྱག་པར་ཁོག་ན་དགའ་སྤྲོ་སྐྱེ་བཞིན་ཡོད་པ་འདྲ་ཞིག་ཏུ་མཐོང་སོང་། ང་ཚོས་རང་ལུས་མེར་བསྲེཊ་མཚམས་འཇོག་བྱས་ཏེ་ཐབས་ལམ་གཞན་གྱི་ཐོག་ནས་ལས་འགུལ་སྤེལ་དགོས་པ་རེད་བསམ་གྱི་འདུག ལས་འགུལ་འདིའི་ནང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་བཅས་ཀྱིས་ཕྱག་རྟེན་བཟུང་སྟེ་ལས་འགུལ་ནང་ཞུགས་གནང་ཡོད་པ་རེད་དེ། རྩ་བའི་ཆ་ནས་ལས་འགུལ་བ་མང་ཆེ་བ་རྒན་པ་རྐྱང་རྐྱང་རེད། མ་འོངས་པར་གཞོན་སྐྱེས་ཚོ་ཞུགས་ཐུབ་པ་གནང་དགོས་ཀྱི་འདུག ” ཅེས་བརྗོད་བྱུང་།

བཙུན་དགོན་སྒྲོལ་མ་གླིང་གི་ཨ་ནེ་ཕུན་ཚོགས་ལམ་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་ཁོང་མོས། “ང་ཚོའི་དགོན་པའི་གཞུང་གིས་འགྲོ་སོང་བཏང་སྟེ་མི་ ༦༨ མཉམ་ཞུགས་བྱས་ཡོད། སྤྱིར་ང་ཚོའི་འཐབ་རྩོད་དེ་མི་རིགས་ཤིགས་དང་རྒྱབ་ཁབ་ཅིག་གི་འཐབ་རྩོད་ཡིན་སྟབས། ཉིན་ཤས་རིང་གི་ལས་འགུལ་ཙམ་གྱིས་འགྲུབ་ཡོང་བ་ཞིག་མིན་ཡང་། བཀའ་སྤྱི་གཉིས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་མྱུར་སྐྱོབ་བྱ་ཆེད་ལས་འགུལ་སྤེལ་གྱི་ཡོད་སྟབས། ད་རེབ་ཀྱི་ལས་འགུལ་འདི་དང་། དེའི་སྔོན་སྤྱི་འཐུས་ཀྱི་ཞུ་གཏུག་ལས་འགུལ། བདེན་པའི་མེ་ལྕེ་སྐོར་སྐྱོད་སོགས་མགོ་འཛུགས་སྟངས་ནས་མཇུག་སྒྲིལ་སྟངས་བར་ཚགས་ཚུད་དང་ཡག་པོ་བྱུང་སོང་བསམ་གྱི་འདུག མ་འོངས་པར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གིས་དྲག་གནོན་བྱས་མིན་ལ་མ་ལྟོས་པར། རྡོག་རྩ་ཆིག་སྒྲིལ་དང་རིག་གཞུང་སོགས་ཀྱི་ཐད་འབད་པ་བྱེད་བཞིན་པ་བཞིན། ང་ཚོའི་ངོས་ནས་ཀྱང་འབད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ བོད་ཕྱི་ནང་གཉིས་ནས་མིའི་ཚེ་སྲོག་གི་འགྲོ་གྲོན་གཏོང་མ་དགོས་པ་ཞིག་བྱུང་ན་ཡག་གི་རེད། དེ་གཙོ་བོ་རྒྱ་ནག་གཞུང་གི་ལག་ཏུ་ཡོད་པ་ཞིག་རེད” ཅེས་བརྗོད་བྱུང་། ་་་་ཟེར།
    ཡང་ཅིག་གིས།
    ་་་་ང་ཚོའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ།ཉིན་གཅིག་གཉིས་ཙམ་མིན་པར་ལས་འགུལ་རྒྱུན་སྐྱོང་བྱས་ཏེ་རྒྱ་ནག་ལ་བརྡ་ལན་དང་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད”ཅེས་བརྗོད་བྱུང་། ་་་ཟེར།
    ཡང་ཅིག་གིས།
    ་་་་་་ ད་རེབ་ཙམ་མིན་པར་མ་འོངས་པར་ཡང་མགོ་འཁྲིད་ཚོས་སྐད་ཆ་ཉུང་ཙམ་དང་ལས་ཀ་མང་ཙམ་བྱས་ན་ཡག་པོ་འདུག ་་་་་ཟེར།
    ཡང་ཅིག་གིས།
    ་་་་ཐོག་མ་སོ་སོའི་བསམ་པར་ད་རེབ་བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་གནང་གི་ཡོད་སྟབས་མི་ཧ་ཅང་མང་པོ་ཡོང་གི་རེད་བསམ་སོང་། ཡིན་ནའང་དེ་སྔོན་ཚོད་དཔག་བྱས་པ་ལྟར་མི་མང་པོ་འཛོམ་ཐུབ་མི་འདུག ་་་་ཟེར།
    ཡང་ཅིག་གིས།
    ་་་་དུས་སྟོན་ལྟར་ཉིན་གཅིག་གཉིས་ཙམ་མིན་པར་བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་དེ་ལས་འགུལ་སྣ་ཚོགས་མུ་མཐུད་སྤེལ་ཏེ། རྒྱལ་སྤྱིར་བོད་དོན་ངོ་འཕྲོད་པ་ཞིག་དང་རྒྱ་ནག་སུན་པོ་བཟོ་དགོས་ཀྱི་འདུག ་་་་ཟེར།
    ཡང་ཅིག་གིས།
    ་་་་་ མ་འོངས་པར་གཞོན་པ་ཚོས་འགུལ་དཀྱོག་རྒྱག་དགོས་ཀྱི་འདུག རྒན་པ་ཚོས་ཀྱང་གཞོན་པ་ཚོ་བོད་པའི་འཐབ་རྩོད་གནང་མཁན་ཞིག་བཟོ་ཐུབ་དགོས་ཀྱི་འདུག་་་ཟེར།
    ཡང་ཅིག་གིས།
    ་་་་ མ་འོངས་པར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གིས་དྲག་གནོན་བྱས་མིན་ལ་མ་ལྟོས་པར། རྡོག་རྩ་ཆིག་སྒྲིལ་དང་རིག་གཞུང་སོགས་ཀྱི་ཐད་འབད་པ་བྱེད་བཞིན་པ་བཞིན། ང་ཚོའི་ངོས་ནས་ཀྱང་འབད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese