རྒྱའི་ལོ་སར་སྐབས་རྒྱ་རིགས་མང་ཚོགས་ཚོས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་པའི་ཞུ་འབོད་བྱས་ཡོད་འདུག
ཕྱི་ཟླ་ ༢ ཚེས་ ༡༠ སྟེ་རྒྱའི་ལོ་སར་ཉིན། རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཞུ་གཏུགས་མང་ཚོགས་ ༢༠ ལྷག་གིས་འཕྲེད་དར་དང་པར་རིས་སོགས་འཕྱར་ཏེ། ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ཁང་ཁྱིམ་ས་ཞིང་དང་རྒྱུ་དངོས་རུལ་སུངས་བཤུ་གཞོག་བྱས་པར་བརྟེན་ནས། མི་མང་འགྲོ་ས་སྡོད་ས་མེད་པར་གྱུར་པའི་གནས་སྟངས་ཞུ་གཏུགས་ངོ་རྒོལ་བྱས་ཏེ། ཁྲིམས་ལ་བརྩི་མཐོང་ཡོད་པའི་ཐོག་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
དེ་བཞིན། རྒྱའི་ལོ་སར་གྱི་སྐབས་དང་བསྟུན་ནས། རྒྱ་ནག་གི་ཡུལ་ཕྱོགས་འདྲ་མིན་ནས་ཞུ་གཏུགས་མང་ཚོགས་བརྒྱ་ཕྲག་མང་པོ་པེ་ཅིན་དུ་འབྱོར་ཏེ། ད་ལྟའི་རྒྱ་གཞུང་གི་མགོ་ཁྲིད་གསར་པ་ཚོར་ལོ་སར་འཚམས་འདྲིའི་རྣམ་པ་སྤྱད་དེ། འབོད་ཚིག་དང་འཕྲེད་དར་སྣ་ཚོགས་སྟེང་། རྒྱ་གཞུང་དཔོན་རིགས་ཚོའི་རུལ་སུངས་བྱ་སྤྱོད་དང་། མི་དམངས་མང་ཚོགས་ལ་བཤུ་གཞོག་ནར་གཅོད་གཏོང་བཞིན་པའི་ཞུ་ཡིག་དང་པར་རིས་སོགས་བཀྲམས་ཏེ། ཞིས་ཅིན་ཕིན་གྱིས་ཉེ་ཆར་དཔོན་རིགས་རུལ་སུངས་ལ་བཀག་སྡོམ་གྱི་གཏམ་བཤད་དག་དངོས་སུ་ལག་བསྟར་དགོས་པའི་འབོད་སྐུལ་བྱས་ཡོད་འདུག
ཡིན་ནའང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་དམག་མི་འབོར་ཆེན་བསླེབས་ཏེ། ཞུ་གཏུགས་བྱེད་མཁན་མང་ཚོགས་རྣམས་ས་གནས་ཉེན་རྟོག་ཁང་དང་མང་ཚོགས་ཞུ་གཏུགས་ཁང་སོ་སོའི་ནང་བཙན་འཁྲིད་སོགས་བྱས་ཏེ། ཡུལ་ཕྱོགས་ཁག་ནས་འབྱོར་པའི་ཞུ་གཏུགས་མང་ཚོགས་ཚོའི་འདུ་འཛོམས་འཐོར་བཤིག་ཏུ་བཏང་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།