མཱོ་ལུ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
ཁ་སང་སྔོན་མ་ཞིག་ལ་མུ་ར་མོ་ནེ་ཧན་(MauraMoynihan)གྱིས་འོད་ཟེར་གྱི་ཟིན་བྲིས་ཐོག་ལ་རྒྱ་གར་ན་གནས་པའི་བོད་མིའི་ཉམས་ཐག་སྐོར་གྱི་རྩོམ་ཞིག་སྤེལ་ཡོད་པ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་སོང་། ང་རང་གིས་བོད་དོན་ལ་དོ་སྣང་བྱས་ཏེ་ལོ་ངོ་བཅུ་ཕྲག་ཅིག་གི་ནང་དུ་ཕྱི་རྒྱལ་དང་རྒྱ་མིའི་བོད་དོན་རྒྱབ་སྐྱོར་པ་མི་ཉུང་པ་ཞིག་ལ་ཐུགས་ཡོད་ན་ཡང་། འདི་འདྲའི་བོད་དོན་ལ་རྒྱུས་མངའ་ཟབ་ཅིང་བཙན་བྱོལ་བོད་མི་ཚོར་ཐུགས་ཁུར་ཟབ་བཞེས་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཧ་ཅང་ཉུང་ཉུང་རེད།
ངས་དྲ་ཐོག་ནས་ཁོ་མོའི་རྩོམ་ཡིག་བཙལ་འཚོལ་བྱས་སྐབས། སྐུ་ལྕམ་འདི་ཡིས་རང་ཉིད་ཀྱིས་མིང་དངོས་སུ་བཀོད་དེ། འཇམ་དབྱངས་ནོར་བུའི་ཟིན་བྲིས་མཇུག་ཏུ་མཆན་བཅུ་ཁ་ཞིག་བཀོད་འདུག དེ་ཡང་ང་ཕོད་འཇིགས་མེད་སྐོར་གྱི་འགྲེལ་བརྗོད་དག་རེད། ང་དེར་སྤྲོ་སེམས་རབ་ཏུ་འཁོལ་བྱུང་བ་བྱུང་སྟེ། དབྱིན་ཡིག་ནས་ཕབ་བསྒྱུར་བྱས་ཏེ་ལྕམ་མུ་ར་ནི། ཡང་སྙིང་མི་ཅི་འདྲ་ཞིག་ཡིན་པ་དང་། ཁོ་མོས་ང་ཕོད་དང་འབྲེལ་བའི་དོན་རྐྱེན་དེར་ལྟ་ཚུལ་གང་འདྲ་ཞིག་འཛིན་གྱི་ཡོད་མེད་སྐོར་རྒྱ་ཡིག་ཀློག་པ་པོ་ཚོར་གོ་རྟོགས་སྤེལ་དགོས་བསམ་སོང་།
མུ་ར་མོ་ནེ་ཧན་ནི་སུ་རེད།
ཡིད་དུ་འོང་བའི་མུ་ར་མོ་ནེ་ཧན་ནི་སྐུ་ཞབས་མོ་ཡ་ནི་ཧན་གྱི་(Daniel Patrick “Pat” Moynihan)བུ་མོ་རེད། ལོ་རབས་བདུན་བཅུའི་མགོ་སྟོད་ལ་ཁོ་མོའི་ཨ་ཕས་རྒྱ་གར་ན་ཡོད་པའི་ཨ་རིའི་དོན་གཅོད་ཁང་ནས་ཕྱག་ལས་གནང་། སྐབས་དེར་ལོ་ན་ཆུང་བའི་བུ་མོ་མུ་ར་ཡིས་ལྡི་ལི་གསར་པའི་ཨ་རིའི་རྒྱལ་སྤྱིའི་སློབ་གླིང་ན་སློབ་གཉེར་བྱེད་བཞིན་ཡོད། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་ཁོ་མོ་དང་མོའི་ཨ་ཕས་༧གོང་ས་མཆོག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་ཐུགས་ཁུར་ཟབ་བཞེས་གནང་།
མུ་ར་ཡི་ཨ་ཕ་སྐུ་ཞབས་མོ་ཡ་ནི་ཧན་མཆོག་ནི་དེང་གི་ཨ་རིའི་ཧ་ཅང་སྙན་གྲགས་ཆེ་བའི་ཆབ་སྲིད་པ་དང་ཤེས་ཡོན་པ། རྩོམ་པ་པོ་ཞིག་ཡིན། ཁོང་ནི་དྲང་བདེན་བླ་སྲོག་ལྟར་གཅེས་ཤིང་། རྩོམ་རིག་གི་ཤན་སྟོབས་ཆེས་ཆེར་ལྡན་པ། ཤེས་བྱའི་མཁྱེན་རྒྱ་ཕུན་སུམ་ཚོགས་པོ་ཡོད་མཁན་ཞིག་ཡིན་སྟབས། བརྩམས་ཆོས་དེབ་གྲངས་ ༡༩ བརྩམས་ཡོད། ཁོ་རང་རྒྱ་གར་ཨ་རིའི་དོན་གཅོད་ཁང་དུ་སྡོད་སྐབས། མི་སུ་འདྲ་ཞིག་ཡིན་ན་ཡང་འདྲ། ཡང་ན་ནེའུ་ཡོག་འཐུས་མི་ཡིན་པའི་སྐབས་སུ་ཡིན་ཡང་། ཁོས་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ཐག་བོད་མི་ཚོར་རོགས་རམ་གང་མང་བྱས་ཡོད། དེ་བས། ཁོང་གི་འབད་བརྩོན་དང་རོགས་རམ་ལ་བརྟེན་ཏེ་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་ཚུད་པའི་བོད་མི་སྐྱབས་བཅོལ་ཁ་ཤས་ཤིག་ལ་ཨ་རིར་གནས་སྤོར་གྱི་གོ་སྐབས་ཀྱང་རག་ཡོད།
གཞོན་ཤ་དར་བའི་མུ་ར་ཡིས་རང་ཉིད་ཀྱི་ཨ་ཕའི་དྲང་བདེན་རྩོད་པའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དེ་རྒྱུད་འཛིན་བྱས། མ་ཟད་ཁོ་མོས་ཧིན་རྡུའི་ཆོས་དང་ནང་ཆོས་ལ་ཡང་སྦྱངས་བརྩོན་བྱས་ཏེ། ཁོ་མའི་རྒྱུད་ལ་ནང་པའི་བྱམས་དང་སྙིང་རྗེའི་བག་ཆགས་ཟབ་མོ་བཞག མོ་ནི་འཆར་འགོད་པ་ཞིག་དང་རྩོམ་པ་པོ་ཞིག་ཡིན་ལ་བརྩམས་སྒྲུང་ཡང་མང་དག་ཅིག་བྲིས་ཡོད། ད་དུང་། གླུ་གཞས་དང་ཞབས་བྲོ། ཟློས་གར། སྒོམ་སྒྲུབ་ལ་མཁས་ཤིང་། བོད་སྐད། ཧིན་སྐད་བཤད་པར་ཡང་ཆུ་རྒྱུག་རྒྱུག་ཡིན།
རང་ཉིད་ཀྱི་ཨ་ཕའི་ཤན་ཤུགས་འོག་ནས་བོད་མི་ཚོར་ཐུགས་ཁུར་དང་དོ་སྣང་བྱས་པའི་མི་ཚེ་བརྒྱུད་རིམ་ལ་ཕྱིར་མིག་ཅིག་བལྟས་ན། ཁོ་མོས་བརྗོད་དོན། “གསར་འགོད་པ་ཞིག་ཡིན་པའི་ཆ་ནས། ངས་ཧ་ལམ་ལོ་ངོ་སུམ་བཅུའི་རིང་ལ་བོད་ཀྱི་གནས་སྟངས་བརྒྱུད་ལམ་ཁག་ཏུ་འགོད་སྤེལ་བྱས་ཡོད་ཅིང་། ད་དུང་ཡིན་ན་ཡང་ང་རང་ཕྱི་སྣུར་མི་བྱེད་ཁོ་ཐག་ཡིན། རྟག་པར་ང་རང་གིས་རང་ཉིད་ཀྱི་ཡིད་གཞུངས་པའི་བསམ་བློ་ཡིས་གནས་གང་ཞིག་ནས་ཐོན་པའི་དཀའ་གནད་ཐམས་ཅད་ལ་གདོང་ལེན་བྱེད་ཀྱི་ཡོད།”ཉེ་བའི་ལོ་ཤས་སྔོན་ལ་མོ་རང་བལ་ཡུལ་དང་ངྷ་རམ་ས་ལར་བསྡད་དེ། ཉམས་ཐག་བོད་མི་ཚོར་སྤྱི་མང་གི་ཐོབ་ཐང་མེད་པའི་དཀའ་ངལ་དེ་སེལ་ཆེད། ཁོ་ཚོའི་དབུལ་ཞིང་ཕུངས་པའི་སྐྱ་ཟད་སྔོ་ཐུག་གི་ཁྱིམ་ཚང་དག་གི་གནས་སྟངས་བརྒྱུད་ལམ་ཁག་ཏུ་འགོད་སྤེལ་བྱས་ཏེ་ཁོ་ཚོའི་དཀའ་ངལ་སེལ་ཆེད་དུ་འབོད་སྐུལ་ཡང་བྱས་ཡོད།
མུ་ར་ཡིས་ང་ཕོད་འཇིགས་མེད་ལ་ཚད་མཐོ་བའི་གདེངས་འཇོག་བྱེད་ཀྱིན་འདུག
མུ་ར་ཡིས་ང་ཕོད་ཐད་ཀྱི་དོན་རྐྱེན་དེར་བཟུང་བའི་ལྟ་ཚུལ་རྣམས་འཇམ་དབྱངས་ནོར་བུའི་ཟིན་བྲིས་མཇུག་གི་མཆན་ན་བཀོད་འདུག ང་ཕོད་ཀྱི་རང་གཤིས་དང་གྲུབ་འབྲས་བཅས་ལ་མུ་ར་ཡིས་ཚད་མཐོ་བའི་གདེང་འཇོག་བྱེད། ཁོ་མོས་བརྗོད་དོན། “ ༡༩༩༨ ལོ་ནས་བཟུང་ང་རང་གིས་ང་ཕོད་འཇིགས་མེད་དང་མཉམ་དུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་ལས་ཀ་བྱས་པ་ཡིན། ང་རང་གི་ངོས་ནས་ཁོའི་མི་གཤིས་དང་ཐག་གཅོད་ནུས་པ། རིན་ཐང་ལྟ་ཚུལ་བཅས་ལ་ཧ་ཅང་གི་བརྩི་བཀུར་ཡོད། རྒྱ་དམར་གྱི་ལག་པ་རིང་པོ་དེ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་བརྐྱངས་པ་ཡིན་ནམ། སྡེ་ཁག་འདི་ནི་ད་དུང་རུལ་སུངས་སུ་གྱུར་མེད་པའི་བོད་མིར་སྲི་ཞུ་སྒྲུབ་མཁན་ཉུང་ཉུང་ལས་མེད་པ་དེ་ཡི་ནང་གི་གཅིག་ཡིན་པ་ངེས་པར་དུ་ཤེས་དགོས། དེ་ནི་ཨ་རིའི་དཔྱ་དངུལ་གྱིས་གསོས་ཡོད་པ་ཞིག་མ་ཡིན་ནམ”
མུ་ར་ཡིས་ང་ཕོད་འཇིགས་མེད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ང་ཕོད་འཇིགས་མེད་ཕྱིར་བསྐྲད་པའི་མཇུག་འབྲས་ལ་ཡང་ཧ་ཅང་ཐུགས་ཁུར་བྱེད་བཞིན་མཆིས། “ང་ཕོད་འཇིགས་མེད་ཕྱིར་བསྐྲད་བྱས་པ་འདིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཉེན་ཚབས་ཆེན་པོ་བསྐྲུན་ཡོད། ཏག་ཏག་ལས་ཁུངས་འདིས་བོད་མིའི་རང་སྲེག་སྐོར་བརྒྱུད་བསྒྲགས་དང་འགོད་སྤེལ་ལ་འདི་ལྟ་བུའི་གོ་སྐབས་ཡག་པོ་ཞིག་སྔོན་ལ་བྱུང་མྱོང་མེད། ང་ཕོད་ཀྱིས་དོན་དངོས་ཁོ་ན་བརྒྱུད་བསྒྲགས་བྱེད་བཞིན་པ་དེ་ཡང་རྫུན་གཏམ་ཞིག་གང་ནས་ཡིན”
ཆེད་ལས་གསར་འགོད་པ་ཞིག་ཡིན་པའི་ཆ་ནས། ང་ཕོད་འཇིགས་མེད་ཀྱིས་བརྟན་བརྟན་ཏིག་ཏིག་གིས་གསར་འགྱུར་གྱི་དོན་དངོས་དང་བདེན་པ་ནི་ཇི་འདྲའི་གལ་ཆེན་ཞིག་ཡིན་པའི་རྩ་དོན་དེ་རྒྱུན་འཁྱོངས་བྱེད་པ་དེ་མུ་ར་ཡིས་གསལ་བོར་ཤེས་ཀྱི་ཡོད། དེར་བརྟེན། ཁོ་མོས་ཤུགས་དྲག་པོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་མགོ་བ་ལིག་ཤན་(刘仚)ལ་སྐྱོན་བརྗོད་དང་ལེ་བདའ་བྱེད་ཀྱི་ཡོད་པ་མ་ཟད། ལིག་གིས་ཆབ་སྲིད་རྒྱུ་མཚན་དུ་བྱས་ཏེ་ང་ཕོད་ཕྱིར་བསྐྲད་པར་བརྗོད།
འོག་གི་གནས་ཚུལ་འདི་ངྷ་རམ་ས་ལའི་ཡིག་ཚང་གིས་ཤེས་ཀྱི་ཡོད་དམ། ལིག་ཤན་གྱིས་ཕྱག་རོགས་སྐལ་ལྡན་བློ་གྲོས་ཆབ་སྲིད་ཀྱི་རྐྱེན་པས་ཕྱིར་ཐོན་པ་དེ་རྒྱུ་མཚན་དུ་བྱས་ཏེ་ང་ཕོད་ཕྱིར་དབྱུང་བ་རེད། དེ་ཡིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནོད་སྐྱོན་བཏང་ཡོད། དེ་བས། རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་དགུང་ལ་འཕྱུར་བཞིན་པའི་སྐབས་སུ་ཡང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱིས་མངོན་གསལ་གྱི་རྣམ་འགྱུར་ཅིག་བསྟན་མེད།
མུ་ར་ཡིས་མི་མང་ལ་འདི་ལྟར་གསལ་འདེབས་བྱེད་དེ། དོན་རྐྱེན་འདི་ཡི་ཁྲོད་ན་ཕལ་ཆེར་མི་སྒེར་ཁེ་ཕན་གྱི་དམིགས་དོན་ཞིག་འདུག་ཟེར། “གོ་ཐོས་ལྟར་ན། སྐལ་ལྡན་རྒྱ་མཚོ་ལ་བོད་མིའི་དབུས་གཞུང་ན་གཉེན་ཉེ་མང་པོ་འདུག་ཟེར། ཏག་ཏག་ང་ཕོད་ཀྱི་ལས་ཚབ་ཏུ་གཉེན་ཉེ་ཞིག་འཇོག་པའི་ཇུས་ངན་རེད། འདི་འདྲའི་རྒྱུ་མ་གཅིག་འདྲེས་ཀྱི་འབྲེལ་བ་ནི་རུལ་སུངས་རེད་ལ་གཏོར་བརླག་ཀྱང་རེད།”
ཨ་རིའི་ཚོགས་མིས་ལོ་ར་པ་ཆེ་ཡི་འཕྲིན་གྱི་སྐོར།
གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཟླ་བ་ ༡༡ པའི་ནང་ལ་ཨ་རིའི་ཕྱི་འབྲེལ་ལས་ཁུང་གི་ལྟ་སྐུལ་བ་དང་ཞིབ་བཤེར་ཚོགས་ཆུང་གི་མགོ་བ་ལོ་ར་པ་ཆེ་(Dana Rohrabacher)ཡིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་མགོ་བ་ལིག་ཤན་ལ་འཕྲིན་ཞིག་བཏང་སྟེ། བོད་སྐད་སྡེ་ཚན་གྱི་ཚོགས་གཙོ་ང་ཕོད་འཇིགས་མེད་རྒྱུ་མཚན་ཅིའི་ཕྱིར་གློ་བུར་ཐོལ་རྒྱག་ལ་ལས་གནས་ནས་ཕྱིར་ཕུད་བཏང་བའི་འདྲི་རྩད་བྱས། ཉིན་མ་གསུམ་གྱི་རྗེས་ནས། ལོ་ར་པ་ཆེ་ཡིས་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཡང་འཕྲིན་ཞིག་བཏང་སྟེ། སྲིད་སྐྱོང་དང་བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགྱུར་བརྒྱུད་བསྒྲགས་བྱེད་ཕྱོགས་ལ་སྟངས་འཛིན་བྱེད་པ་དེར་མ་དགའ་བའི་རྣམ་འགྱུར་བསྟན་ཡོད།
ལོ་ར་པ་ཆེ་ཡིས་བློ་བཟང་སེང་གེ་ལ་བཏང་བའི་འཕྲིན་ཡིག་དེ་ཕྱི་ལ་ཁྱབ་རྗེས། མུ་ར་ཡིས་འདི་ལྟར་བརྗོད། “ང་རང་གིས་ས་ཆ་གང་ས་ནས་ཨ་རི་ཡི་འཐུས་མི་འདི་ལ་ཁ་རྡུང་དང་ཉེས་སྐྱོན་སྤེལ་ཡོད་པ་མང་པོ་ཞིག་བཀླགས་པ་ཡིན།” “གལ་ཏེ། སུ་ཞིག་ཡིན་ན་ཡང་། ཁྱོད་ཀྱི་ལྟ་སྲོལ་དང་བཤད་སྲོལ་མེད་པའི་ཞལ་མཆན་དེ་འདྲ་མ་འཇོག་རོགས། སེམས་ལ་ངེས་དགོས་རྒྱུ་ཞིག་ལ། བོད་པར་རོགས་སྐྱོར་བྱེད་པའི་ཨ་རིའི་གྲོས་ཚོགས་ཀྱི་མ་དངུལ་(the US congressional funds for ANY Tibet aid)དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། ཧྥ་པུ་རི་ཐུ་ཡི་མ་དངུལ་སོགས་ནི་ལོ་ངོ་གང་མང་ལ་དཀའ་སྤྱད་སྡུག་རུས་བྱས་ནས་ཐོབ་པའི་གྲུབ་འབྲས་ཤིག་ཡིན”
མུ་ར་ཡིས་བརྗོད་དོན་ལྟར་ན། ཨ་རིས་བོད་པའི་མ་དངུལ་ཕྱོགས་ལ་རོགས་སྐྱོར་བྱས་པའི་ཁྲོད་ན། ད་དུང་། ལོ་ར་པ་ཆེ་ཡི་དངུལ་ཆུ་མང་པོ་ཞིག་ཀྱང་འདྲེས་ནས་ཡོད་པར་བརྗོད། ད་དུང་། ཁོ་མོས་བརྗོད་དོན། <<བོད་ཀྱི་ཆབ་སྲིད་དཔྱད་བརྗོད>> ཀྱིས་གནད་དོན་འདིར་དཔྱད་བརྗོད་སྤེལ་བ་ཧ་ཅང་ཡག ཁོ་མོས་བཤད་ན། “ཤེས་དཀའ་བའི་དོན་དངོས་ཤིག་ཡོད་པ་ནི་ཨ་རི་ན་ཀྲུང་གོའི“དྲི་མ”ཡི་རྒྱ་ཆེ་ཞིང་། བོད་པར་རྒྱབ་སྐྱོར་གྱི་ཕྱོགས་ནས་ཧ་ཅང་ཆུང་ཆུང་རེད། བོད་དོན་ལས་འགུལ་ནི་ཀུན་སྤྱོད་སྟེང་གི་རྒྱལ་ཁ་ཁོ་ན་ཡིན་པས་དེ་གཅིག་པུའི་ག་ལ་འགྲིག དེར་བརྟེན། བོད་ཀྱི་ཚོགས་མི་ཞིག་ལ་ཐུགས་ཁུར་བྱེད་དུས་དང་། བོད་ཀྱི་ཆབ་སྲིད་དཔྱད་བརྗོད་དེ་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་མི་སྡུག་པའི་གསར་འགྱུར་ཐད་ལ་དྲང་བཞག་གི་དཔྱད་རྩོམ་ལེགས་པོ་ཞིག་ཆགས་དུས། ཁྱོད་ཚོས་ཁ་རྡུང་དང་གཤེ་གཤེ་བཏང་བ་ཡིན་ན། བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་པ་ཞིག་རེད།”
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུང་གི་མགོ་བ་ལིག་ཤན་གྱིས་བཟོས་བའི་གནོད་སྐྱོན་གླེང་བ།
མུ་ར་ཡིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་མགོ་བ་ལིག་ཤན་ལ་འཛེམ་དོགས་མེད་པར་འཁང་ར་དང་སྡིགས་མོད་བྱས་ཏེ། ཁོ་མོས་ཕྱོགས་ཡོངས་ལ་རྨ་ཁ་མང་པོ་བཟོས་ཡོད་པར་བཤད། དེ་ཡང་། དང་པོ། བོད་སྐད་སྡེ་ཚན་གྱི་བྱ་བཞག་ལ་གནོད་སྐྱོན་བཟོས། གཉིས་པ། བཙན་བྱོལ་བོད་མིའི་ལས་དོན་ལ་གནོད་སྐྱོན་བཟོས། མུ་ར་ཡིས་བརྗོད་དོན། “ངས་ཨ་རིའི་སྲིད་གཞུང་གི་ལས་མི་མང་པོ་ཞིག་གི་ཁ་ནས་འདི་ལྟར་གོ་ཡོང་། ལིག་ཤན་དང་བློ་བཟང་སེང་གེ་གཉིས་ ༢༠༡༢ ལོའི་ཟླ་ ༧ པ་དང་ ༢༠༡༢ ལོའི་ཟླ་ ༡༠ བའི་ཚེས་ ༢༣ ཉིན་ལ་ལོན་ཌོན་ནས་ཐེངས་མ་གཉིས་ལ་ཕན་ཚུན་ཐུགས་འཕྲད་བྱས་འདུག་ཟེར། སྐབས་དེར་༧གོང་ས་མཆོག་གིས་ལོན་ཌོན་བགྲོ་གླེང་ཞིག་གི་སྟེང་དུ་བཅར་འདུག བློ་བཟང་སེང་གེ་ཆེ་ཁུ་ར་སྤྱི་མཐུན་རྒྱལ་ཁབ་(Czech Republic) ནས་ཡོང་དོན་ཡང་ལིག་ཤན་ལ་ཐུགས་འཕྲད་བྱེད་དོན་རེད་ཟེར།”
ཁུངས་མི་ཞིག་གིས་བརྗོད་དོན་ལྟར་ན། “ལིག་ཤན(刘仚)རྟག་པར་གུས་གུས་ཞུམ་ཞུམ་གྱིས་༧གོང་ས་མཆོག་གི་གཡས་གཡོན་ནས་འདུག་མཁན་ཞིག་རེད།”ཟེར། ཏག་ཏག་གཟའ་འཁོར་གཅིག་གི་རྗེས་ནས། བོད་ཀྱི་ཛ་དྲག་གི་གནས་སྟངས་ཇེ་ཆེ་རུ་གྱུར་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྣམ་འགྱུར་སྟོན་རྒྱུ་ཅི་ཡང་མེད་པར་གྱུར། མ་ཟད་སྒེར་དང་ཆབ་སྲིད་ཀྱི་དགོས་དབང་གིས་ཁོ་མོས་ང་ཕོད་ལས་ཁུངས་ནས་ཕྱིར་ཕུད་བཏང་སོང་ལ། དེ་ཡིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གྱོང་དང་གནོད་སྐྱོན་ཆེན་པོ་ཐེབས་སོང་།
མུ་ར་ཡིས་འདི་ལྟར་འབོད་སྐུལ་ཞུ་དོན། “ཀྲུང་གོའི་དབང་ཤུགས་ཉིན་རེར་བཞིན་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་མཐོང་ན། ང་རང་བློ་འཚབ་སེམས་འཚབ་ཧ་ཅང་ཆེ། དེ་བས། བཙན་བྱོལ་བོད་མི་ཚོས་དོན་དངོས་སུ་བོད་དོན་ལ་རྒྱབ་སྐྱོར་ནི་ཧ་ཅང་གི་ཉམ་ཆུང་ཆུང་ཞིག་ཡིན་པ་དེ་ཤེས་དགོས། ད་དུང་། བོད་གཞུང་གི་ངོས་ནས་ཀྱང་༧གོང་ས་མཆོག་ལ་ལིག་ཤན་དང་ལིག་ཤན་འདྲ་བས་གནོད་སྐྱོན་མི་ཐེབས་པའི་སྲུང་སྐྱོབ་ངེས་པར་བྱེད་དགོས་པ་དེ་ཡང་རྟོགས་དགོས། ”
བཙན་བྱོལ་བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་དོགས་འདྲི།
ཡོངས་ཁྱབ་རིན་ཐང་ལ་གོང་དུ་བཀུར་མཁན་གྱི་ཨ་རི་བ་ཞིག་ཡིན་པའི་ཆ་ནས། མུ་ར་ཡིས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ན་ཡོད་འོས་བའི་རང་ཚུགས་དང་བརྩི་མཐོང་དེ་རྒྱུན་སྐྱོང་བྱེད་ངེས། མོས་བློ་བཟང་སེང་གེ་ལ་གསལ་བོར་བརྗོད་དོན། “ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨ་རིའི་མི་མང་གི་དཔྱ་ཁྲལ་མ་དངུལ་གྱིས་གསོ་བཞིན་ཡོད་པས། ལས་ཁུང་འདིས་ངྷ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ཆེད་དུ་ལས་ཀ་བྱེད་ཀྱིན་མེད།”
“བློ་བཟང་སེང་གེ་ད་ལྟ་རང་ལྡི་ལི་ནས་ལིག་ཤན་ལ་ཐུགས་འཕྲད་བྱས། ཅི་ཞིག་བགྲོ་གླེང་བྱས་ཡོད་དམ། ཚོང་ཅི་ཞིག་བརྒྱབ་ཡོད་དམ། བློ་བཟང་སེང་གེ་ ༢༠༡༢ ལོའི་ཟླ་ ༧ པའི་ནང་ལ་(BBG)ལྷན་ཚོགས་ལ་ཅིའི་ཕྱིར་ཐུག་འཕྲད་བྱས་སམ། སྤྱིར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་ལས་མི་མ་གཏོགས་(BBG)ལྷན་ཚོགས་ལ་ཐུགས་ན་མི་ཆོག་པའི་སྒྲིག་སྲོལ་དེ་ཡང་ཁོས་ཤེས་ན་རེད། ” གཞན་ཡང་། མུ་ར་ཡིས་བློ་བཟང་སེང་གེ་ཡི་དེབ་ལྗང་གུ་དང་སྡོད་ཁང་བུན་གཡར་དང་འབྲེལ་བའི་དོགས་འདྲི་ཡི་ རྩོམ་ཞིག་འོད་ཟེར་གྱི་ཟིན་བྲིས་སུ་རྒྱ་ཡིག་གི་ཐོག་ཏུ་བསྒྱུར་ཡོད་ཀྱང་། དེ་དག་ནི་རྩོམ་འདི་དང་འབྲེལ་བ་ཆེར་མེད་པས། ཁོ་བོས་འདིར་བཀོད་མེད།
ཁོ་བོས་རྟིང་སྣོན་བྱེད་འདོད་པ་ཞིག་ནི། མི་མང་གིས་འདེམས་བསྐོ་བྱས་པའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་པ་ཞིག་ཡིན་པའི་ཆ་ནས། བློ་བཟང་སེང་གེ་ལ་མུ་ར་ཡིས་བཏོན་པའི་དོགས་འདྲི་ལ་ལན་མི་བསྐྱོན་པའི་རྒྱུ་མཚན་གནས་ལུགས་གང་ཡང་མི་འདུག བཙན་བྱོལ་བོད་གཞུང་གི་མཚན་སྙན་ནི་ལོ་ངོ་དྲུག་བཅུ་ཡི་རིང་ལ་བོད་མིའི་རྔུལ་ཁྲག་གིས་གྲུབ་པ་ཞིག་ཡིན། དེ་བས། བློ་བཟང་སེང་གེ་ཡིས་དེ་བདག་གཅེས་བྱེད་པར་རེ་བ་ཡོད།
མ་རྩོམ་འབྲེལ་ཐག http://woeser.middle-way.net/2013/02/blog-post.html
ང་ཚོད་བོད་མིའི་གཤིས་སྤྱོད་ཟེར་ན་ཅུང་ཐལ་ཆེ་སྲིད། གང་ལྟར་དེང་སང་དྲ་འབུ་ཁ་ཤས་ངོ་མ་དགོད་མོར་ཤོར་བྱེད་རང་རེད་འདུག །རྩོམ་ཡིག་ཀྱ་ཀྱོག་རེ་དང་། དེ་ཡང་གཞུང་དང་། བྱས་པ་ཅན་མི་སྣར། དེ་བཞིན་ལྷག་བསམ་ཅན་དང་། ཤེས་ཡོན་ཅན། ཉམས་མྱོང་ཅན། སྤྱི་ཚོགས་ནང་འགན་ཁུར་ཏེ་ཕྱག་ལས་གནང་མཁན་དག་ལ་གཞི་མེད་སྐྱོན་འཛུག་དང་འཁྱོག་བརྗོད་བྱེད་མཁན་ཞིག་མཐོང་ཚེ་རང་ཉིད་ཀྱིས་དཔྱད་པ་གང་མི་དགོས་པར་ལམ་སེང་གཡམ་བརྒྱུགས་ལ་དགའ་བ་དང་། སྐྱེ་བོ་དེ་ནི་ངོ་མ་དུས་གསུམ་གསལ་གཟིགས་ཀྱི་མཁྱེན་རྩལ་ལྡན་མཁན་ཞིག་མིན་ནམ་བསམ་བསམ་འདྲ་བཟོ་བཞིན་ཆོ་ལོ་དང་། འགྲེལ་བཤད། ངོ་སྤྲོད་པ་སོགས་ལ་བརྩོན། རང་ཉིད་ཡང་རྣམ་དཔྱོད་ཅན་དང་། ཤེས་ཡོན་པ། དེ་བཞིན་དཔྱད་བརྗོད་མཁན་དང་། དྲང་ཚུགས་ཅན་ཞིག་ཏུ་རློམ། མདོར་ན་གོང་དུ་སྨོས་མ་ཐག་པའི་མི་བུ་ཕྱོགས་གཉིས་ཀ་གསར་འགྲོགས་ལ་དགའ་བ་དང་། རང་ཚུགས་མི་བརྟན་པ། གཡོ་སྒྱུ་ཆེ་བ། དམིགས་ཡུལ་ངན་པ་སོགས་ནི་མི་བུ་དེ་ཚོའི་གཤིས་སྤྱོད་ངོ་མ་ཡིན་པར་འདོད ། རང་ཚུགས་ཅན་དང་། གཟུར་གནས་རྣམ་དཔྱོད་ལྡན་པ། ཉམས་མྱོང་དང་། ཤེས་ཡོན། ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཆེས་ཕུལ་དུ་ཕྱིན་པའི་སྐྱེས་བུ་དག་ནི་རང་རང་གི་སྐབས་བབ་ཀྱི་འགན་དབང་གང་ཡོད་སྐྱོང་བཞིན་མི་བུ་ཐལ་ཤལ་དག་ལ་བྱམས་སྙིང་རྗེ་རེ་སྒོམ་བཞིན་མི་སྨྲ་བས་གནས་སུ་བཞུགས། དགོས་གལ་ནམ་བྱུང་ལ་ཆབ་དཔལ་རིགས་གསུམ་གང་ལ་ཡང་ཐོག་པ་མེད་པར་ ཁོང་ཚོ་ལ་གྲ་སྒྲིག་ཨང་གསར་ཡོད། སྐྱེས་བུ་དེའི་རིགས་ནི་གངས་ཅན་པའི་རྒྱན་ལོས་ཡིན། སྔར་མ་དག་ནི་གངས་ཅན་པའི་རྒྱན་ཡིན་དང་མཚང་ཡིན་ངས་མི་བཤད། ལྷག་པར་དུ་ཡང་ར་མ་ལུག་འདི་དག་གང་བཤད་དེ་དག་ལ་ནམ་ཡང་ངོས་ལན་དང་ཡིད་ཆེས་མེད། ད་དུང་མི་སྣ་འདི་དག་གིས་དམིགས་ཡུལ་གང་ཡིན་ཤེས་འདོད་ནས་ཡོད། བཙན་བྱོལ་གཞུང་ལ་ལྷག་བསམ་ཡིན་དང་་་་་་ཕྲོག་དོགས་དང་་་་་་སོ་སོའི་ཁ་ཕོར་ཆེད་དུ་གང་ཡིན་སོགས་སོ་་་་་་་་་་་་་་་་་་་་་་་
ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་ཐོབ་ཕྱིར་སྤྱི་འཐུས་ཚོགས་གཙོ་ནས་དགོངས་པ་ཞུས་པའི་ཟློས་གར་དེ་དྲན་སོང་།
བོད་ནང་ད་ལྟའི་ཆར་ཆབ་སྲིད་ཀྱིས་གནས་སྟངས་ཡ་ང་དེ་ལྟ་བུ་བྱུང་བཞིན་ཡོད་རུང་བཙན་བྱོལ་ནང་སྐྱུག་བྲོ་བའི་གནས་ཚུལ་དེ་ལྟར་ཡོང་བཞིན་པར་བོད་མི་ཞིག་ཡིན་པའི་ཆ་ནས་ད་ཆ་བློ་ཕམ་དང། དེའི་ནང་གནས་ཚུལ་མང་པོ་ཞིག་འདོགས་གཞི་ཡོང་བཞིན་འདུག་ན་འབྲེལ་ཡོད་ལས་སྣེ་ཚོས་ལས་འབྲས་དཔང་འཕེར་གྱི་ངོ་མཐུག་ཐོག་མི་མང་ནང་འདོགས་སེལ་བྱེད་དགོས་པའི་དུས་ཚོད་ཡིན་པས་གནང་རོགས་ཞུ་རྒྱུའི་རེ་བ་ཡོད། ལིག་ཤན་ཞེས་པའི་མི་དེའི་རྒྱབ་ལྗོངས་གནས་ཚུལ་ཡང་ཁོ་འཕྲོད་ཐུབ་དེ་བས་ལེགས། རྩོམ་བསྒྱུར་གནང་མཁན་ལ་ཐུགས་རྗེ།།