དེ་རིང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་ཆོས་ལུཊ་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་རྒྱུད་ཁག་གི་རྩོམ་སྒྲིག་མི་སྣ་ལྷན་བཞུགས་ཐོག་ཆོས་འབྱུང་ལོ་རྒྱུས་དང་ལྟ་གྲུབ་ཀྱི་ཐ་སྙད་རྩོམ་སྒྲིག་བྱ་ཕྱོགས་ཐོག་གོ་བསྡུར་གནང་བཞིན་འདུག
དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག ༼སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ༽ཞེས་པའི་ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་རིས་མེད་ཆོས་བརྒྱུད་སོ་སོའི་ནང་བསྐོ་བཞག་གནང་བའི་རྩོམ་སྒྲིག་མི་སྣ་ལྷན་འཛོམས་ཀྱི་ཚོགས་འདུ་ཐེངས་དང་པོ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་གཡུང་དྲུང་བོན། ཇོ་ནང་། བོ་དོང་བཅས་ཀྱི་རྩོམ་སྒྲིག་མི་སྣ་དང་འབྲེལ་ཡོད་མི་སྣ་ ༣༠ ལྷག་འཛོམས་གནང་འདུག
ཚོགས་འདུའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས། ཁོང་གི་ངོས་ནས་ད་ལྟའི་བར་བོད་ཀྱི་ཆོས་དང་རིག་གཞུང་དེ་དེང་དུས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཐོག་ནས་སྤུས་དག་པོ་དང་ཆ་ཚང་བ་ཞིག་འགྲོ་རྒྱུ་དང་། ལྷག་པར་དུ་ད་ལྟའི་སྤྱི་ཚོགས་གསར་བ་དང་ཁོར་ཡུག་གསར་བའི་ནང་བོད་ཡིོག་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་ཆེད་འབད་པ་བྱས་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་ངོ་དེ་དག་རིང་༸གོང་ས་མཆོག་གིས་ཐུགས་ཉེ་བོ་དང་མཐུན་འགྱུར་གནང་བ་ལ་བརྟེན་ནས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གསར་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་ཆེད་ཚིག་མཛོད་བསྡུ་སྒྲིག་གི་ལས་གཞི་མགོ་འཛུགས་གནང་ཡོད་པ་ལྟར། སྔར་ལོ་དགའ་ལྡན་ཕོ་བྲང་གི་མཐུན་འགྱུར་རོགས་རམ་འོག་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་དགོན་སྡེ་ཁག་ངོ་བཅར་གྱིས། ཆོས་རྒྱུད་སོ་སོའི་ཐ་སྙད་དང་ཆོ་ག་ཕྱག་ལེན་གྱི་འགྲོ་སྟངས། ཐ་སྙད་ཀྱི་འགྲེལ་བཤད་སོགས་ཡག་པོ་དང་ཚགས་ཚུད་ཡོང་ཆེད་མཐུན་འགྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་དང་རྩོམ་སྒྲིག་མི་སྣ་གསར་འཛུགས་སོགས་གནང་སྟེ། ཐེངས་འདིར་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་བསྐོ་བཞག་གནང་བའི་རྩོམ་སྒྲིག་པ་དང་འགན་ལེན་མཁན་ཚོ་མཉམ་འཛོམས་ཀྱིས་ཆོས་རྒྱུད་ཁག་གི་ཆོས་འབྱུང་ལོ་རྒྱུས་དང་གཞུང་ལུགས་ལྟ་གྲུབ། འཕྲིན་སྒྲུབ་ཕྱག་བཞེས་བཅས་ཀྱི་སྐོར་ལ་གྲོས་བསྡུར་དང་དྲི་བ་དྲི་ལན་གནང་རྒྱུ་ཡིན་ཞེས་སོགས་བརྗོད་བྱུང་།
ཚིག་མཛོད་སྒྲིག་ཕྱོགས་ཐད་ཁོང་གིས“ ཐེངས་འདིའི་ཚིག་མཛོད་དེ་དེང་དུས་ཚད་ལྡན་ཚིག་མཛོད་སྒྲིག་སྟངས་ཀྱི་སྒྲོམ་གཞི་ལྟར་སྒྲུབ་ཀྱི་ཡོད་སྟབས། ཆོས་ལུགས་ཀྱི་ཐ་སྙད་དང་ཆོས་འབྱུང་སོགས་ཀྱི་ཐ་སྙད་ཁག་ཚད་ལྡན་དང་སྤུས་དག་པོ་ཡོང་རྒྱུར་ང་ཚོའི་ངོས་ནས་འབད་བརྩོན་བྱེད་ཀྱི་ཡོད་ལ། དེའི་ཐད་བོད་ཕྱི་ནང་གཉིས་ཀྱི་མཁས་དབང་མང་པོར་གཏུག་ཏེ་ཉམས་མྱོང་བསྡུ་ལེན་བྱས་ཡོད། ཆོས་རྒྱུད་ཁག་གི་ཕྱག་ལས་གནང་ས་ཡག་ཤོས་རྒྱ་གར་ལུང་པ་ཆགས་ཡོད་པ་རེད། ང་ཚོ་ལས་ཁུངས་གཅིག་གིས་ལས་ཀ་འདི་དག་དཀའ་ལས་ཁག་པོ་ཡིན་སྟབས། ཚང་མ་མཉམ་རུབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག ད་ལྟའི་བར་བོད་ཕྱི་ནང་གཉིས་སུ་ཚིག་མཛོད་ ༥༠ འདུག་མོད། གྲུབ་མཐའ་དང་ཆོས་རྒྱུད་། ཐ་སྙད་སོགས་མང་པོ་ཞིག་ཁ་གསལ་མེད་པའི་གནས་ཚུལ་འདུག་སྟབས། མ་འོངས་ཚང་མ་མཉམ་རུབ་ཀྱི་འབད་པ་བྱ་དགོས་པ་རེད། ང་ཚོའི་ངོས་ནས་ ༡༩༥༠ ཡར་སྔོན་གྱི་ཐ་སྙད་ཁག་གཙང་མ་བཟོ་རྒྱུ་གལ་ཆེན་པོ་བརྩི་བཞིན་ཡོད། མ་འོངས་པར་ལོ་གསུམ་རེའི་མཚམས་སུ་དེ་སྔོན་གྱི་ཐ་སྙད་དང་ཐ་སྙད་གསར་བའི་རིགས་སྤྱི་ཚོགས་ནང་བཀྲམས་ཏེ་བཟོ་བཅོས་དང་བསྡུ་བསྒྲིགས་བྱ་རྒྱུའི་འཆར་གཞི་ཡོད” ཅེས་བརྗོད་བྱུང་།
དེའི་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ད་ལྟའི་འཁྲུག་ཆ་དོད་པོའི་དུས་རབས་འདིའི་ནང་ གསར་གཏོད་དང་འཕྲུལ་ལས་རང་བཞིན་ལྡན་པའི་ལས་གཞི་མང་པོ་ཞིག་མི་ཚེའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཆགས་ཡོད་པ་དང་། བོད་པའི་རིག་གནས་ཡང་འཇིག་རྟེན་སྤྱིའི་འགྱུར་འགྲོས་དང་མཐུན་པའི་ཐོག་འགྲོ་མ་ཐུབ་ཚེ། རྗེས་ལུས་ཐེབས་པ་ཙམ་མིན་པར་ཉམས་ཆག་དང་སྤྱི་ཚོགས་ཀྱི་གྲས་ནས་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས། རིག་གནས་དེང་རབས་དང་མཐུན་པའི་ལམ་དུ་འགྲོ་རྒྱུ་དེ་དགོས་མཁོ་ཆགས་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དེང་རབས་ཀྱི་འཕྲུལ་ལས་དང་གནས་ཚད་མཉམ་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་བོད་མི་ཡོངས་ལ་རང་བཞིན་གྱིས་འཁྲི་བའི་ལས་འགན་ཆགས་ཡོད་སྐོར་གསུངས་བྱུང་ལ། ཡང་ཁོང་གིས་ཆབ་སྲིད་དེ་ཡུལ་དུས་གནས་སྐབས་མང་པོ་ཞིག་དང་བསྟུན་ཏེ་རང་བཞིན་གྱིས་འགྱུར་འགྲོ་བ་ཞིག་ཡིན་པ་དང་། ང་ཚོའི་ཆབ་སྲིད་ཀྱི་གནས་བབ་རང་བཙན་དང་རང་སྐྱོང་། ད་ལྟ་ལྟར་རྒྱ་དམར་གྱིས་བཙན་དབང་འོག་བསྡད་ཡོད་པའི་གནས་སྟངས་གང་ཡིན་ཡང་། དེའི་ཁེ་གྱོང་དེ་བོད་མི་ས་ཡ་དྲུག་ལ་ཐད་ཀར་ཡོང་བསྡད་ཡོད་པ་ལས། ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ཀྱི་མི་ཚེའི་འཚོ་བ་དང་ཆོས་དང་ལེགས་བྱང་སོགས་ལ་ཐད་ཀར་ཕན་གནོད་མེད་པའི་སྐོར་སོགས་གསུངས་བྱུང་།
ཁོང་གིས་བོད་ཀྱི་སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་བྱ་དགོས་པའི་ཐད་། “ ང་ཚོས་བོད་ཀྱི་རིག་གནས་འགྲོ་བ་མིའི་རིགས་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་དེ་དག་དུས་རབས་ཉེར་གཅིག་ནང་མི་ཉམས་པར་བྱས་ཏེ་ཉར་བ་ལ་དང་པོ་ང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད། སྐད་ཡིག་སྲུང་སྐྱོབ་བྱས་རྗེས་དེ་བརྒྱུད་ནས་ད་ལྟ་ང་ཚོར་ཡོད་བཞིན་པའིོ་བཀའ་འགྱུར་པོད་ཏི་བརྒྱ་ལྷག་དང་བསྟན་འགྱུར་པོད་ཉིས་བརྒྱ་ལྷག་དེ་དག་གི་ཚིག་ཀློག་ཤེས་པ་དང་དོན་གོ་ཐུབ་པ། དེ་མི་རབས་རྗེས་མ་རྗེས་མ་བར་འདུག་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག བོད་ཀྱི་སྐད་ཡིག་དེ་དུས་བརྒྱ་ཕྲག་བདུན་པ་ཙམ་ནས་བྱུང་བའི་སྐད་ཡིག་གསར་བ་ཡིན་ཡང་། དུས་དེ་ནས་ད་ལྟའི་བར་བོད་པའི་སྔོན་བྱོན་མཁས་པའི་བཀའ་དྲིན་དང་། ལྷག་པར་དུ་ཡིག་ཆ་པར་དུ་འཁོད་པའི་ལམ་སྲོལ་བླངས་ཏེ། བརྡ་སྤྲོད་དང་སྨྲ་བརྗོད་ཀྱི་གནས་བབ་གཉིས་ཀར་འགྱུར་བ་ཤུགས་ཆེན་པོ་མ་ཕྱིན་པ་དང་། ཡིག་ཐོག་ལ་གང་ཡོད་པ་དེ་བོད་ཆོལ་ཁ་གསུམ་དང་ཆེན་པོ་ཧོར་བཅས་པའི་བེད་སྤྱོད་གཏོང་ཐུབ་པ་དེ་བྱུང་རབས་ནང་གི་རླབས་ཆེན་གྱི་གཟི་བརྗིད་ཅིག་རེད་བསམ་གྱི་འདུག དེ་ལྟར་མིན་པ་ཡིན་ན། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ལྟ་བུར་མཚོན་ན། ཨ་ཤོ་ཀས་རྡོ་རིང་ལ་བརྐོས་པའི་ཡི་གེ་དེ་དག་དེ་རིང་སང་ཉིན་སྤྱིར་བཏང་སློབ་སྦྱོང་ཡོད་པའི་མི་ཚོས་ཀློག་ཤེས་ཀྱི་མ་རེད་ལ། གལ་སྲིད་ཀློག་ཤེས་པ་ཡིན་ན་དོན་གོ་གི་མ་རེད། དེ་དག་ཚང་མ་ཆེད་ལས་པར་བརྟེན་ནས་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་སྟངས་ཆགས་སྟབས། གནའ་བོའི་གཞུང་ལུགས་མང་པོ་ཞིག་བེད་སྤྱོད་མེད་པར་ཆགས་ཡོད་པ་དངོས་ཡོད་གནས་སྟངས་རེད། ད་ལྟ་མི་རབས་ཀྱི་འཕོ་ལེན་སྐབས་སྐད་ཡིག་ཉམས་ཆགས་མེད་པའི་ཐོག་མི་རབས་རྗེས་མར་རྩིས་སྤྲོད་མ་ཐུབ་པ་ཡིན་ན། ཉིན་ཞིག་སྐད་ཡིག་འགྱུར་འགྲོས་ཀྱི་དབང་གིས་བོད་པའི་བཀའ་བསྟན་ཀློག་ཤེས་ཀྱང་དོན་མི་གོ་བའི་གནས་སྟངས་ཆགས་པ་ཡིན་ན། དེའི་ཁེ་གྱོང་དེ་བོད་པ་གཅིག་པུ་མིན་པར་འགྲོ་བ་མིའི་རིགས་ཁྱོན་ཡོངས་ལ་གྱོང་གུད་ཆེན་པོ་ཞིག་རེད” ཅེས་གསུངས་བྱུང་།
ཁོང་གིས་ཚིག་མཛོད་ཀྱི་གལ་ཆེན་རང་བཞིན་དང་ད་ལྟ་ཕྱི་ནང་གཉིས་སུ་བརླག་འགྲོ་བཞིན་པའི་ཕལ་སྐད་རྒྱུན་འཛིན་གནང་ཕྱོཊ་ཐད་གསུང་དོན། “འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་བོད་དབྱིན་གཉིས་དང་། སྐད་ཡིག་གཞན་པ་ལས་ཡིག་བསྒྱུར་བྱེད་སྐབས་མཁས་པ་རེ་རེས་ཚིག་རེ་རེ་བེད་སྤྱོད་བཏང་སྟེ། གཅིག་གྱུར་གྱི་ཚིག་བེད་སྤྱོད་བཏང་མེད། གནད་འགག་ཆེ་བའི་ཚིག་དེ་དག་ཀྱང་དབྱིན་ཇིའི་སྐད་དུ་འདྲ་མིན་སྣ་ཚོགས་ཡོང་བསྡད་ཡོད་པ་རེད། དེ་དག་ཚང་མ་ཀུན་གྱིས་ཚད་མར་བཟུང་ཡོད་པའི་ཚིག་མཛོད་ཅིག་མེད་པའི་དབང་གིས་བྱུང་བ་རེད། ད་ལྟ་ཚིག་མཛོད་འདི་འདྲ་ཞིག་གི་ཐོག་བོད་པ་རང་གི་ཐ་སྙད་ཆ་ཚང་བ་ཞིག་དང་གཏན་ལ་ཁེལ་བ་ཞིག་བྱུང་བ་ཡིན་ན། བསྟན་པ་དང་མི་རིགས་གཉིས་ཀར་རླབས་ཆེན་གྱི་ཞལ་འདེབས་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ཚིག་མཛོད་ནང་སྒྲ་དོན་ལྷག་ལུས་མེད་པར་ཡོང་ཐུབ་རྒྱུ་ཁག་པོ་ཡིན་ཡང་། ད་རེབ་ཆོས་ལུགས་ཆོས་རྒྱུད་ཚང་མས་ཐུག་འགན་བཞེས་ཏེ་ཕྱག་ལས་གནང་གི་ཡོད་སྟབས། ཆོས་ལུགས་དང་ཆོས་རྒྱུད་ཀྱི་ཐ་སྙད་དེ་དག་ཚང་ལ་མ་ནོར་བ་ཞིག་ཡོང་གི་རེད་བསམ་པའི་གདེང་ཚོད་འདུག་ཀྱང་། སེམས་ཁྲལ་གཞན་ཞིག་ཡོད་པ་དེ། ཕལ་ཚིག་གི་ཐ་སྙད་མང་པོ་ཞིག་རིམ་པས་ཡལ་འགྲོ་བཞིན་ཡོད་སྟབས། ཕལ་ཚིག་མང་ཆེ་བ་རྒྱ་སྐད་དུ་འགྱུར་འགྲོ་བ་དང་། ག་ལེར་བརླག་འགྲོ་གི་ཡོད་པ་དེ་གྱོང་གུད་ཆེན་པོ་རེད་ལ། དེ་དག་ཀྱང་བོད་ཀྱི་སྐད་ཡིག་གི་ཆ་ཤས་ཤིག་ཆགས་ཡོད་པའི་དབང་གིས། སྲུང་སྐྱོབ་བྱ་དགོས་པའི་གནས་སྟངས་ཤིག་ཆགས་འདུག དེ་སྔ་བོད་སྐད་ནང་མེད་པའི་ཐ་སྙད་གསར་བསྒྲིགས་སྐབས། སྔོན་གྱི་ལོ་ཙཱ་བའི་གསར་བསྒྲིགས་བྱེད་སྟངས་ལྟར། ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་ནས་བཟུང་ཚིག་དོན་གསལ་བོ་བཟོ་རྒྱུ་ལས། ད་ལྟའི་ཆར་བོད་ནས་ཚུར་ཤན་ཤུགས་ཐེབས་པའི་དབང་གིས་རྒྱ་གར་གྱི་འགྱུར་བརྒྱུད་དེ་ཐ་སྙད་བཟོ་བཞིན་པ་དེ། སྐད་ཡིག་རང་དབང་གི་བསམ་ཚུལ་ལ་བལྟས་པ་ཡིན་ན། ཏོག་ཙམ་འགྲིག་གི་ཡོད་པ་མ་རེད། རྒྱ་གར་རང་དབང་ཐོབ་ཡོད་ཀྱང་། ད་ཆར་ཡང་སྐད་ཡིག་གི་ཐོག་ནས་དེ་སྔོན་དབྱིན་ཇིའི་བཟུང་བའི་ངོ་རྟགས་ཉམས་མ་བཅུག་པར་ཉར་ཡོད་པ་ལྟ་བུ་ཡོད། ང་ཚོའི་སྐད་ཡིག་དེ་རྒྱ་སྐད་ཀྱི་དབང་ཤུགས་འོག་བསྡད་པའི་ངོ་རྟགས་མེད་པར་བཟོ་དགོས་རེད་བསམ་གྱི་འདུག རང་དབང་དོན་གཉེར་བྱེད་མཁན་ཞིག་ཡིན་ཚེ། རང་དབང་དོན་གཉེར་བྱེད་པའི་གོམ་པ་དང་པོ་དེ་བསམ་བློ་དང་། གོམ་པ་གཉིས་པ་སྐད་ཡིག གོམ་པ་གསུམ་པ་ཀུན་སྤྱོད་བཅས་རང་དབང་ངང་སྡོད་དགོས་པ་གལ་ཆེན་པོ་རེད། ཆབ་སྲིད་ཀྱི་རང་དབང་དེ་འགྲུབ་མི་འགྲུབ་ཡོང་སྲིད་པ་རེད། དེ་འཇིག་རྟེན་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་འབྲེལ་བ་ཡོད་པ་ཞིག་རེད། གང་ལྟར། སོ་སོའི་ལག་པར་ཡོད་པའི་རང་དབང་དེ་དང་བླངས་ཐོག་མེད་པར་མི་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ”ཅེས་གསུངས་བྱུང་།
ཐེངས་འདིའི་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་དེ་ཉིན་གཉིས་རིང་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་སྐབས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ཀྱི་གཞི་རྩའི་སྒྲོམ་གཞི་དང་། གློག་ཀླད་ནང་རྩོམ་སྒྲིག་བྱེད་ཕྱོགས་ངོ་སྤྲོད། ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ལྟ་གྲུབ་ཀྱི་ཐ་སྙད་དང་ཆོས་འབྱུང་། ཆོ་ག་ཕྱག་ལེན་བཅས་ཀྱི་ཐ་སྙད་འགྲེལ་བཤད་རྒྱག་སྟངས་ཀྱི་ཚད་གཞི་ངོ་སྤྲོད་གནང་རྗེས། བརྗོད་གཞི་ཁག་གི་ཐོག་བསམ་ཚུལ་དང་དྲི་བ་དྲི་ལན་བཅས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
སྨོན་ལམ་གྲྭ་བའི་ལྷག་བསམ་ད་དན་དེ།།
ཟམ་དོང་བླ་མའི་དབུ་ལ་ཅི་སླད་་མཛའ།།
མི་ལོ་བགྲང་བྱ་བཅུ་ལ་བསགས་པ་ནི།།
ར་ལུག་སྐད་ལ་བྱང་བའི་ལས་བྱེད་ཁྱུ།།
་་་་ ད་ལྟ་མི་རབས་ཀྱི་འཕོ་ལེན་སྐབས་སྐད་ཡིག་ཉམས་ཆགས་མེད་པའི་ཐོག་མི་རབས་རྗེས་མར་རྩིས་སྤྲོད་མ་ཐུབ་པ་ཡིན་ན། ཉིན་ཞིག་སྐད་ཡིག་འགྱུར་འགྲོས་ཀྱི་དབང་གིས་བོད་པའི་བཀའ་བསྟན་ཀློག་ཤེས་ཀྱང་དོན་མི་གོ་བའི་གནས་སྟངས་ཆགས་པ་ཡིན་ན།
དེའི་ཁེ་གྱོང་དེ་བོད་པ་གཅིག་པུ་མིན་པར་འགྲོ་བ་མིའི་རིགས་ཁྱོན་ཡོངས་ལ་གྱོང་གུད་ཆེན་པོ་ཞིག་རེད། ་་་་་ཅེས་དང་།
་་་་་ སེམས་ཁྲལ་གཞན་ཞིག་ཡོད་པ་དེ། ཕལ་ཚིག་གི་ཐ་སྙད་མང་པོ་ཞིག་རིམ་པས་ཡལ་འགྲོ་བཞིན་ཡོད་སྟབས། ཕལ་ཚིག་མང་ཆེ་བ་རྒྱ་སྐད་དུ་འགྱུར་འགྲོ་བ་དང་། ག་ལེར་བརླག་འགྲོ་གི་ཡོད་པ་དེ་གྱོང་གུད་ཆེན་པོ་རེད་ལ། ་་་་་་་་
་་་་་་ རང་དབང་དོན་གཉེར་བྱེད་པའི་གོམ་པ་དང་པོ་དེ་བསམ་བློ་དང་། གོམ་པ་གཉིས་པ་སྐད་ཡིག གོམ་པ་གསུམ་པ་ཀུན་སྤྱོད་བཅས་རང་དབང་ངང་སྡོད་དགོས་པ་གལ་ཆེན་པོ་རེད། ཆབ་སྲིད་ཀྱི་རང་དབང་དེ་འགྲུབ་མི་འགྲུབ་ཡོང་སྲིད་པ་རེད། ་་་་་ཟེར།