བོང་རྫི།
༼དང་པོ༽༼བོད་མི་རྣམས་ནི་དཀོན་མཆོག་གི་འཕྲིན་བཟང་ཐོས་མ་མྱོང་བའི་དམུ་རྒོད་ཅན་དང་། གདུག་རྩུབ་ཅན། དད་ལོག་ཅན། ཤི་དུས་དམྱལ་བ་མ་གཏོགས་ཐོས་མ་མྱོང་བའི་མི་རིགས་ཤིག་ཡིན་པ་དང་། དུས་རབས་མང་པོ་ཞིག་ལ་ས་དེར་ཡེ་ཤུའི་འཕྲིན་བཟང་སྐྱེལ་མཁན་མང་དུ་ཕྱིན་མོད། གདུག་རྩུབ་ཅན་དང་མུན་ནག་ཅན་གྱི་བླ་མ་དང་གྲྭ་བ་དག་གིས་འགོག་རྐྱེན་ཚད་མེད་བཟོས་ཡོད་ཕྱིར། ཡེ་ཤུའི་ཆོས་སྤེལ་མ་ཐུབ་པ་རེད། ད་ནི་ཡེ་ཤུའི་ཆོས་ཀྱི་འཕྲིན་བཟང་སྤེལ་བའི་དུས་སུ་སླེབས་པ་དང་། ཁྱོད་ཚོའི་ཞབས་འདེགས་ལ་བརྟེན་ནས་ཡེ་ཤུའི་ཆོས་ཀྱི་དཔེ་དེབ་དང་སྒྲ་ཐག སློབ་ཡོན་དང་སྨན་གྱིས་མཐུན་སྤྱོར་བྱས་ཏེ། ད་ནི་བོད་མི་མང་པོ་ཞིག་གི་རྣ་ལམ་དུ་ཡེ་ཤུའི་ཆོས་ཀྱི་འཕྲིན་བཟང་ཐོས་པར་བྱས་ཡོད། ད་དུང་ཡང་དེ་ལྟར་མུ་མཐུད་བྱེད་རྩིས་ཡོད་པས། དཀོན་མཆོག་གི་འཕྲིན་བཟང་འདི་མུ་མཐུད་སྤེལ་དགོས་ན། ཁྱོད་ཚོས་ཞལ་འདེབས་ལ་རག་ལས་བས་མི་འཐུད་དུ་ཞབས་འདེབས་གནང་བར་ཞུ།༽
གོང་དུ་དྲངས་བའི་སྐད་ཆ་དེ་དག་ནི་དེ་སྔ་ཡེ་ཤུའི་ཆོས་ཚོགས་ཤིག་གིས་རང་གི་ཚོགས་མི་ཡོངས་ལ་ཞལ་འདེབས་སློང་བྱེད་དུ་བསྐུར་པའི་ཡི་གེ་ཞིག་རེད། ཡི་གེ་དེ་ལས་གསལ་བོ་བཤད་ཡོད་པ་ལྟར། བོད་དུ་ཡེ་ཤུའི་ཆོས་སྤེལ་བའི་དམིགས་ཡུལ་ནི། ཀླ་ཀློ་ཅན་དང་གདུག་རྩུབ་ཅན། རྨོངས་ཞེན་ཅན་གྱི་བོད་པ་དག་ཡེ་ཤུའི་ཆོས་ལུགས་སུ་བསྒྱུར་ཆེད་རེད། གོང་དུ་ཡི་གེ་དེ་དྲངས་ནས་བཤད་འདོད་པ་ཞིག་ནི། དེང་དུས་བོད་ཁམས་སུ་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་ནུབ་ཕྱོགས་ཀྱི་ཆོས་སྤེལ་མཁན་འགའ་ཤས་དང་། ཁོ་ཚོའི་རྗེས་སུ་ཞུགས་མཁན་འགའ་དང་དེ་ལས་འཕྲོས་བའི་སྐད་ཆ་འགའ་ཡིན། འདིར་དོན་ཚན་འགར་དབྱེ་ནས་བཤད་ན་དང་པོ། ཁོ་ཚོའི་དམིགས་ཡུལ་དང་ཞེ་འདོད། ཡེ་ཤུའི་ཆོས་ཀྱི་དར་རྒུད། བོད་ཁམས་སུ་ཡེ་ཤེའི་ཆོས་ཇི་ལྟར་སྤེལ་བཞིན་ཡོད་པའི་སྐོར་མདོར་བསྡུས་ཙམ་ཞིག་ཡིན། དེའི་རྗེས་ཡེ་ཤུའི་ཆོས་ཀྱི་རྗེས་འཇུག་པ་སེང་རྡོར་གྱིས་ཉེ་སྔོན་སྤེལ་བའི་བསྒྲགས་གཏམ་སྐོར་ལ་སྐད་ཆ་འགའ་བཤད་ན་བསམ་བྱུང་།
ད་ལོའི་ཟླ་གཉིས་བའི་ཚེས་ཉེར་གཉིས་ཉིན་དབྱིན་ཇིའི་སྐད་གྲགས་ཅན་གྱི་ཚགས་པར། Guardian (སྲུང་བ་བོ) ཞེས་བའི་ཐོག་ཏུ་སྤེལ་བའི་༼གསང་བའི་ཐོག་ནས་ཡེ་ཤུའི་བོད་དུ་སྐྱེལ་བ།༽ xxཡིས་ཡེ་ཤུའི་ཆོས་ལ་གྲོགས་པོ་སྒྲིག་ནས་ནང་བའི་བསྟན་པ་ཉམས་དམས་སུ་གཏོང་བ་ཞེས་བའི་ཆེད་རྩོམ་ཞིག་སྤེལ་བ་རེད། དེའི་ནང་དུ་ཟི་ལིང་སོགས་སུ་ནུབ་ཀྱི་ཡེ་ཤུའི་ཆོས་སྤེལ་བ་དག་གིས་རོགས་སྐྱོར་དང་། དབྱིན་ཡིག་སློབ་གཉེར་སོགས་ལ་ཁ་གཡར་ནས་བོད་མི་རྣམས་ཇི་ལྟར་ཡེ་ཤུའི་ཆོས་ལུགས་སུ་སྒྱུར་ཐབས་བྱེད་བཞིན་པ་དང་། ནུབ་ཕྱོགས་ཀྱི་ནང་ཆོས་ལ་དད་པ་ཅན་དང་། བོད་ཀྱི་ཤེས་རིག་ལ་དོ་སྣང་ཅན་གྱི་ཕྱི་རྒྱལ་པ་ཚོ་ལ་བོ༹ད་ཁམས་སུ་སྐྱོད་རྒྱུའི་ཆོག་མཆན་ཐོ་འགོད་སོགས་ཐོབ་རྒྱུ་ཤིན་ཏུ་དཀའ་མོ་ཡོད་པ་དང་། ཡེ་ཤུའི་ཆོས་བ་ཚོར་དཀའ་ངལ་ཅི་ཡང་མེད་པར་ལྷ་ས་དང་ཟི་ལིང་སོགས་སུ་གཏན་སྡོད་ཀྱི་ཆོག་མཆན་ཐོབ་ཡོད་པ་མ་ཟད། ཐ་ན་ཚོང་ལས་སོགས་གཉེར་པའི་ཆོག་མཆན་ཐོབ་ནས་ཇི་འདོད་རོལ་བཞིན་ཡོད་པ་རེད་ཅེས་བཀོད་འདུག གསར་འགྱུར་འདི་བཀོད་ཚར་དུས་ནུབ་ཀྱི་བོད་རིག་པའི་ཁྲོད་དང་། ལྷག་པར་ཏུ་ནང་བ་དག་གི་ཁྲོད་དུ་གླེང་སློང་མི་ཉུང་བ་ཞིག་བྱུང་བ་རེད། ཚང་མས་གཅིག་གྱུར་གྱི་བཤད་སྟངས་ཤིག་ནི་ཡེ་ཤུའི་ཆོས་སྤེལ་གྱིན་བའི་བྱ་སྤྱོད་འདི་ནི་སྐྱུག་བྲོ་བ་དང། ཞེ་མུར་པ། ཡ་མཚར་དགོས་པ་རེད་ཅེས་སྡོམ་ཚིག་བཀོད་པ་མ་ཟད། ཡེ་ཤུའི་ཆོས་བ་མངགས་སའི་ཆོས་ཚོགས་ལ་ཐད་ཀར་ཁ་པར་སོགས་བརྒྱབ་ནས་ངོ་རྒོལ་བྱེད་མཁན་ཡང་བྱུང་ཡོད་པར་བཤད། གནད་དོན་འདི་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ཚང་མས་ཤེས་ཡོད་པ་ལྟར་ཕྲན་གྱིས་ཀྱང་བཤད་མ་མྱོང་བའི་གནས་ཚུལ་འདི་ལ་སྐད་ཆ་ཞིག་མ་བཤད་ཐབས་མེད་བྱུང་སོང་།
སྤྱིར་བཏང་ཡེ་ཤུའི་ཆོས་འདི་ནི་རིགས་པ་དང་གཏན་ཚིག་གཏིང་ཟབ་མེད་པའི་ཆོས་ལུགས་ཤིག་དང་། གཞི་ལམ་འབྲས་གསུམ་ཀྱང་བོད་ཀྱི་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་ཏུ་མང་པོ་བཤད་ཡོད་པའི་ཚངས་བའི་ལྟ་བ་དང་འདྲ་ཤས་ཆེ་ཞིང་། བྱེད་པ་པོ་སྔོན་དུ་སོང་ཡོད་པའི་ཆོས་ལུགས་ཤིག་རེད། ཡེ་ཤུ་མ་ཤི་ཀ་ནི་དཀོན་མཆོག་གི་སྲས་ཡིན་པ་དང་། ཁོ་ནི་མི་རྣམས་སྐྱོབ་ཕྱིར་འཇིག་རྟེན་དུ་ཡོང་ཞིང་། ཐམས་ཅད་ཁོའི་རྗེས་སུ་འབྲང་བ་ཡིན་ན་དམྱལ་བར་མི་ལྷུང་སོགས་ཟེར། ཡུ་རོབ་ཏུ་ཡེ་ཤུའི་ཆོས་འདི་ལོ་མང་པོ་གནས་ཡོད་པ་དང། ཕྱིས་སུ་ག་ལེར་ཚན་རིག་སོགས་རིགས་པ་གཙོ་བོར་འཛིན་པའི་གཏན་ཚིག་སོགས་དར་པས། ད་ལྟ་ནི་ཡུ་རོབ་གླིང་དུ་ཡེ་ཤུའི་ཆོས་འདི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་མེད་པར་འགྲོ་བཞིན་འདུག
ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞོན་སྐྱེས་ཕལ་ཆེ་ཤོས་ཞིག་ཡེ་ཤུའི་ཆོས་ལ་དད་པ་མེད་པ་མ་ཟད། ཡེ་ཤུའི་ཆོས་ནི་ཀླ་ཀློ་དང་དོན་སྙིང་མེད་པ། རྫུན་མ་དང་བཅོས་མའི་ཚུལ་འཆོས་ཅན་ཞིག་རེད་ཅེས་མངོན་གསལ་དོད་པོས་ཁྱབ་བསྒྲགས་ཀྱང་བྱེད་བཞིན་ཡོད་པ་རེད་ལ། སློབ་གྲྭ་ཁག་ཏུ་ཆོས་སྤེལ་མི་ཆོག་པའི་སྒྲིག་ཁྲིམས་ཀྱང་དམ་པོ་བཟོས་ཡོད་པ་རེད། ལོ་འགའ་ཤས་ཀྱི་སྔོན་དུ་སྐད་གྲགས་ཅན་གྱི་ཚན་རིག་པ་དབྱིན་ཇིའི་ཉིག་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། (Richard་Dawkins) རི་ཁྲི་ཏློལ་ཁུམ་གྱི་དཔེ་དེབ་༼ལྷ་ཆེན་ནི་འཕྲུལ་སྣང་ཞིག་རེད།༽ (The God Delusion) སོགས་འཛམ་གླིང་ལ་སྙན་གྲགས་རྒྱས་ཞིང་ཁྲོམ་རར་ཆེས་བྲིན་པའི་དཔེ་ཆ་ཆགས་བསྡད་ཡོད་པ་དེ་ཡང་ཡེ་ཤུའི་ཆོས་སོགས་ལ་དགག་པའི་དཔེ་དེབ་སྐད་གྲགས་ཅན་ཞིག་རེད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་ལྟ་བུ་ཞིག་གི་འོག་རྒྱ་གར་གྱིས་ལོ་ངོ་ཉིས་སྟོང་གི་སྔ་རོལ་དུ་དོར་ཟིན་པ་དང་། ནུབ་ཀྱིས་འདོར་བཞིན་པའི་ལྷ་ཆེན་ཚངས་བའི་ཆོས་ཤིག་བོད་དུ་དར་བཞིན་པ་ནི་དོ་སྣང་མི་བྱེད་ཐབས་མེད་ཅིག་མ་རེད་དམ།
སྤྱིར་བཏང་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ན་ཡེ་ཤུའི་ཆོས་སྤེལ་བའི་ལོ་རྒྱུས་ནི་སྲིད་གཞུང་གི་དྲག་ཤུགས་དང་གཡོ་སྒྱུ། མི་སེར་སྤེལ་ཡུལ་རིང་ལུགས་པ་དང་མཉམ་དུ་སོང་སྟེ་ཕྱོགས་ཀུན་དུ་གཏོར་བཅོམ་འཕྲོག་གསུམ་བྱས་པ་དང་། འདོད་མོས་མེད་མཁན་དག་གསོན་བཟུང་དང་བཙན་ཤེད་ཀྱིས་ཆོས་སུ་བསྒྱུར་པ་སོགས་བྱས་པའི་ལོ་རྒྱུས་ཤིག་ཡིན་པ་ང་ཚོས་དགེ་ཆོས་ཀྱིས་ཡུ་རོབ་པའི་ཆོས་སྤེལ་མཁན་ཚོ་རྒྱ་གར་ཏུ་བསླེབས་པ་དང་། དེ་ལས་འཕྲོས་བའི་ལོ་རྒྱུས་སུ་འདི་ལྟར་༼གང་དུ་སླེབས་པའི་ཡུལ་ཁམས་ཐམས་ཅད་ཀྱི་ཞེ་ཁ་ལོག ད་དུང་གཞན་དག་གིས་ངོ་ཚ་བོར་ཏེ་ཡུལ་རྒྱང་རིང་པོར་སོང་ནས་མ་ཤི་ཀ་པའི་རྒྱལ་ཁམས་སྙིང་རྗེ་ཡིས་ཁྱབ་ཚུལ་སོགས་སྨྲ་བ་ཡ་ཆ༽ཞེས་གསུང་བ་ལས་ཤེས་ཐུབ། ཁོ་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་མིའི་ལུས་སེམས་གཉིས་ཀ་དབང་སྒྱུར་བྱེད་རྒྱུ་དེ་རེད།
དེ་བཞིན་ཁོ་ཚོ་རྒྱལ་དབང་བཞི་བའི་སྐབས་ནས་བོད་དུ་ཆོས་སྤེལ་བར་བསླེབས་ཡོད་པ་དང་། ལྷག་པར་རྒྱལ་དབང་བཅུ་གཉིས་བ་དང་བཅུ་གསུམ་པའི་སྐབས་སུ་མདོ་སྨད་དང་མདོ་སྟོད་ཕྱོགས་སུ་ཁོ་ཚོ་མང་པོ་བསླེབས་ཏེ་ཆོས་སྒྱུར་ཐབས་ཤེས་མང་པོ་བྱས་ཡོད་མོད། སྐབས་དེར་བོད་མིའི་ཁྲོད་དུ་ཆོས་སྒྱུར་ལ་མོས་པ་ཡོད་མཁན་ཕལ་ཆེར་བྱུང་མེད་པ་ང་ལ་མཱ་ཡང་བཟོད་པ་རྒྱལ་མཚན་གྱིས་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་དང་རྩོད་པ་རྒྱབ་པའི་ཤོག་བྱང་སྙིང་རྗེ་བོ་འགའ་ཡོད་པ་ལས་གསལ་བོ་ཤེས་ཐུབ། སྔོན་བྱོན་བོད་ཀྱི་མཁས་བ་དག་བཞུགས་རིང་ལ་བོད་མི་རྣམས་ནི་རང་ཚུགས་བརྟན་པོས་ཆོས་ལུགས་བསྒྱུར་པ་སོགས་བྱུང་ཡོད་པ་མ་རེད། ཡིནའང་ཉེ་ལམ་ནས་སླར་ཡང་ནུབ་ཀྱི་ཡེ་ཤུའི་ཆོས་སྤེལ་མཁན་འགའ་ཤས་བོད་ཀྱི་ས་ཁུལ་གང་སར་བསླེབས་ཏེ་བོད་དུ་ཡང་བསྐྱར་ཆོས་སྒྱུར་པའི་ལས་འགུལ་ཞིག་མགོ་བརྩམས་ཡོད་པ་རེད། ཕྲན་གྱིས་དགུ་བཅུའི་ནང་ལ་དབྱིན་ཡིག་སྦྱངས་སྐབས་སུ་འདིའི་རིགས་མང་པོ་ཞིག་དང་འཕྲད་མྱོང་ཡོད་ལ་ཁོ་ཚོའི་ཆོས་ལུགས་སུ་སྒྱུར་ན་སློབ་ཡོན་སྤྲོད་རྒྱུ་ཡིན་ཚུལ་དང་། ཨ་རི་སོགས་སུ་འགྲོ་ཐུབ་ཚུལ་གྱིས་བསླུ་བྲིད་མང་པོ་བྱས་མྱོང་མོད། ལམ་དེར་ཞུགས་པ་ནི་ཁོ་བོས་རྨི་ལམ་དུའང་རྨིས་མྱོང་མེད། ད་ལྟ་བོད་ཁམས་སུ་ལམ་དེར་ཞུགས་ཚུལ་གྱི་སྐད་ཆ་འགའ་གོ་རྒྱུ་འདུག་པས་དེར་བསམ་བློ་མི་གཏོང་ཀ་མེད་བྱུང་སོང་།
རྒྱུ་མཚན་གཅིག་ནི་ཡེ་ཤུའི་ཆོས་འདི་ཡོ་རོབ་དང་ཨ་རི་སོགས་སུ་ཉམས་དམས་སུ་འགྲོ་བཞིན་ཡོད་པ་མ་ཟད། མ་འོངས་པར་རྩ་བ་ནས་ཉམས་ཆག་ཏུ་འགྲོ་རྒྱུ་རེད་ཅེས་བཤད་མཁན་ཀྱང་འདུག དེ་ལྟར་ཁོ་ཚོ་རང་གི་མི་མང་ལ་མི་དགོས་བའི་ཆོས་ཤིག་བོད་མིའི་ནང་པ་སངས་རྒྱས་བའི་ཆོས་ལུགས་ཁྲོད་དུ་སྤེལ་དགོས་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཡེ་ཤུའི་ཆོས་ཀྱི་འཕྲིན་བཟང་སྒྲོག་རྒྱུ་ནི་དངོས་གནས་ཁོ་ཚོའི་ཆོས་ཀྱི་འགན་ཁུར་ཡིན་ནམ། ཁོང་ཚོས་ཅི་ཕྱིར་ཆོས་ལུགས་ལ་དད་པ་མེད་མཁན་གྱི་རང་གི་རྒྱལ་ཁུངས་མི་སེར་ཚོའི་ཁྲོད་དུ་མི་སྤེལ་བར་བོད་ལྟ་བུའི་ལུང་ཀྱོག་སྐམ་པོ་དག་ལ་ཡོང་ནས་སྤེལ་གྱིན་ཡོད་པ་རེད། འབོད་མཁན་སུ་ཀྱང་མེད་པའི་ཁོ་བོ་ཚོར་ཚུར་བོད་དུ་ཡོང་ནས་འདི་ལྟ་བུ་ཞིག་སྤེལ་དགོས་དོན་ཡང་སྙིང་གང་ལ་ཐུག་ཡོད་དམ།
གཉིས། གོང་བཤད་ལྟར་ཡེ་ཤུའི་ཆོས་ཀྱི་ལོ་རྒྱུས་འདི་ནི་དམག་འཁྲུག་དང་བཙན་འཛུལ། རྨོངས་དད་ཀྱི་ལོ་རྒྱུས་ཞིག་ཡིན་པ་དང་། ད་ལྟ་ནུབ་ཀྱི་ཡོན་ཏན་ཅན་དང་སློབ་གྲྭ་ཆེན་པོ་དག་གིས་ཆེད་དུ་ཡེ་ཤུའི་ཆོས་སྤེལ་བར་ངོ་རྒོལ་བྱེད་བཞིན་ཡོད་པ་མ་ཟད། ཆོས་ལུགས་འདི་སྤེལ་བར་གཏན་འགོག་ཀྱང་བྱེད་བཞིན་ཡོད་པ་དཔེར་ན་སློབ་གྲྭའི་ནང་དུ་ཆོས་བཤད་མི་ཆོག་པ་དང་། ཆོས་ཀྱི་དུས་ཆེན་བརྩི་སྲུང་བྱེད་མི་ཆོག་པ་སོགས་ཀྱི་ཁྲིམས་ཡང་གསལ་བོ་བཟོས་ཡོད་པ་རེད། ཁོ་བོ་ཚོའི་ཆོས་ལ་དད་མཁན་མང་ཆེ་ཤོས་ནི་གྲོང་གསེབ་ཁག་དང་། སློབ་ཆེན་འགྲིམས་མ་མྱོང་བའི་རིགས་ཡིན་པ་གསལ་བོ་རེད། སློབ་ཆེན་སློབ་མའི་གྲངས་འབོར་འཕར་གྱིན་པའི་དེང་གི་དུས་སྐབས་འདིར་ཡེ་ཤུའི་ཆོས་སུ་ཞུགས་མཁན་དེ་བས་ཀྱང་ཉུང་ངུ་ཆགས་བསྡད་ཡོད་པས་ཨ་རི་སོགས་སུ་ཨེ་ཤུའི་ཆོས་བ་འདི་དག་གིས་སློབ་གྲྭ་དང་ཚན་རིག་ནི་དགྲ་ལྟ་བུ་ལ་བརྩིས་ནས་ཆེད་དུ་བཀག་འགོག་བྱེད་མཁན་ཀྱང་མང་དུ་ཡོད།
གསུམ་པ། དེ་ལས་ཀྱང་གནད་དོན་ཆེ་ཤོས་ནི། ཡུ་རོབ་དང་ཨ་རིའི་བོད་ཀྱི་ཤེས་རིག་ལ་དུངས་ཞེན་དང་སློབ་གཉེར་བྱེད་བཞིན་པ་རྣམས་བོད་དུ་ཡོང་མི་ཆོག་པ་དང་། ཡེ་ཤུའི་ཆོས་སྤེལ་མཁན་རྣམས་ཅི་འདོད་དུ་ཡོང་ནས་བོད་ཀྱི་བྱིས་བ་ཚོའི་ཁྲོད་དུ་ཆོས་སྤེལ་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ། འདི་གཉིས་ལ་འབྲེལ་བ་ཡོད་མེད་དཔྱོད་དགོས་ཚེ་དེང་སྐབས་ནུབ་ཀྱི་བོད་ལ་ཤ་ཞེན་ཅན་གྱི་མཁས་བ་ཚོ་དང་དད་ལྡན་པ་ཚོས་བོད་དུ་ཡེ་ཤུའི་ཆོས་སྤེལ་དུ་འགྲོ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པའི་རྒྱུ་མཚན་ཚད་མར་བཟུང་ན་ཤེས་ཐུབ།
མཐའ་སྡོམ་གྱི་དྲི་ཚིག་ནི། བོད་བསྟན་སྲིད་མི་རིགས་དང་བཅས་བར་འཇིགས་སྣང་ཅན་གྱི་ལོ་རྒྱུས་འདི་འདྲའི་སྐབས་སུ། ང་ཚོའི་ཁྲོད་དུ་ཡེ་ཤུ་ཆོས་སྤེལ་མཁན་མང་པོ་ཞིག་སླེབས་ཏེ། ཁོ་ཚོའི་ཆོས་དེ་ཚད་ལྡན་ཅན་དང་རྒྱུན་ལྡན་ཅན། ཐ་ན་ནང་ཆོས་ཀྱིས་ཚབ་ལྟ་བུ་ཞིག་བྱེད་རྩིས་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། སུས་དེ་ལྟར་བྱེད་ཆོག་པའི་ཆོག་མཆན་སྤྲད་པ་རེད་དམ། དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ནི། སྤྱིར་བཏང་བོད་དུ་བོད་ཀྱི་སྐད་རིགས་གཙོ་བྱས་བའི་ཤེས་རིག་སྦྱོང་མཁན་མང་པོ་མི་འདུག་ལ། གོ་སྐབས་ཀྱང་མང་པོ་མེད་པའི་ཁར། ཡོད་པའི་གོ་སྐབས་དེ་དག་ལ་ཉིན་མཚན་དུས་དྲུག་དུ་དམར་དམག་གི་རྙིང་གཏོར་གྱི་ལྟ་བའི་སྐོར་དང་། ཡང་ན་ནུབ་དུ་མི་དགོས་བའི་ཡེ་ཤུའི་ཆོས་ཀྱི་སྐོར་རེད། འདིར་ངས་ཀློག་པ་པོ་རྣམས་ལ་སེམས་གཏིང་ནས་འདྲི་འདོད་པ་ནི་ང་ཚོས་ཇི་ཞིག་བྱེད་དགོས་བ་རེད་དམ་ཞེས་པ་འདི་ཡིན།
༼ཟུར་ཞུ། དོན་ཚན་རྗེས་མའི་སེང་རྡོར་དང་སེང་རྡོར་དྲ་ཚུགས། དེ་བཞིན་ཁོས་ཡེ་ཤུའི་ཆོས་ལ་དག་འབུད་བྱས་བའི་དམིགས་དོན་དང་སེམས་གཤིས། ལོ་རྒྱུས་ཀྱི་དོན་དངོས་སོགས་ཀྱི་སྐོར་ལ་སྐད་ཆ་འགའ་བཤད་བསམ་གྱི་འདུག་པས་དེ་རུ་བལྟ་བར་བྱ།༽
་་་་་ ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞོན་སྐྱེས་ཕལ་ཆེ་ཤོས་ཞིག་ཡེ་ཤུའི་ཆོས་ལ་དད་པ་མེད་པ་མ་ཟད། ཡེ་ཤུའི་ཆོས་ནི་ཀླ་ཀློ་དང་དོན་སྙིང་མེད་པ། རྫུན་མ་དང་བཅོས་མའི་ཚུལ་འཆོས་ཅན་ཞིག་རེད་ཅེས་མངོན་གསལ་དོད་པོས་ཁྱབ་བསྒྲགས་ཀྱང་བྱེད་བཞིན་ཡོད་པ་རེད་ལ། ་་་་་ཟེར།