ཁ་སང་གཟའ་ཕུར་བུའི་ཉིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཁག་ཅིག་གིས་ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་ལོ་ལྔ་འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཡས་མས་སུ། ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཁག་ཅིག་གིས། སློབ་གྲྭའི་འཛིན་ཁང་ཞིག་ཏུ་འདུ་འཛོམས་ཀྱིས་མར་མེ་སྤར་བ་དང་། འཕྲེད་དར་དཀར་པོ་ཞིག་གི་སྟེང་ཡི་གེ་དམར་པོ་དང་ནག་པོས་ “ ༣༌༡༤ རྗེས་དྲན་དང་ན་གཞོན་གླེང་སྟེགས་ ” ཞེས་པའི་ཡི་གེ་བྲིས་ཡོད་པ་མ་ཟད། སྙན་ངག་གྱེར་འདོན་དང་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ། ཕན་ཚུན་བགྲོ་གླེང་སོགས་ཀྱི་ལམ་ནས་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ད་ལྟའི་བར་རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་ཏེ་མི་ལོ་ཧྲིལ་བོ་ ༥ འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད་འདུག
ཉེ་ལམ་སློབ་གྲྭའི་ནང་དམག་མི་དང་ཉེན་རྟོག་མི་སྣ་སོགས་འབྱོར་ཏེ། སློབ་མ་ཚོ་འཛིན་བཟུང་བཙན་འཁྲིད་བྱས་པའི་གནས་ཚུལ་སོགས་ཅི་ཡང་བྱུང་མི་འདུག
གསར་འགོད་པ། དོན་གོ