མཁས་གྲུབ་དོན་གྲུབ་ཀྱིས་བརྩམས། བྱམས་པ་ལྷུན་གྲུབ་ཀྱིས་བསྒྱུར།
ཕྱི་ལོ་ ༡༩༥༩ ལོར་བོད་བཙན་བཟུང་བྱས་པ་ནས་རྒྱ་གཞུང་གི་མགོ་ཁྲིད་རིམ་པས་བོད་ལ་ཆེས་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་རེད། ཉེ་བའི་ཆར་ཧུའུ་ཅིན་ཐོ་ནི་གདུག་རྩུབ་ཆེ་ཤོས་དེ་ཆགས་ཡོད། པེ་ཅིན་གྱི་སྲིད་ཇུས་ནི་བོད་མི་ཚོར་དྲག་གནོན་དང་། གསོད་རྡུང་། བཙོན་འཇུག་སོགས་ཉག་ཅིག་བྱས་ཏེ་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་ལ་གཏན་ནས་བསམ་ཤེས་བྱས་མེད་ལ། ཁོས་ཚོས་འདས་པའི་ལོ་ངོ་ང་ལྔའི་རིང་ཐ་ཤལ་གྱི་སྲིད་ཇུས་དེ་རྒྱུན་སྐྱོང་བྱས་པ་ལས་བོད་མི་ཚོའི་དཀའ་རྙོག་སེལ་རྒྱུའི་འདུན་པ་གཏན་ནས་མེད། བོད་མི་རྣམས་རྒྱ་དམར་གཞུང་གི་ཆེས་གདུག་རྩུབ་ཆེ་བའི་གཉའ་གནོན་འོག་སྡོད་མི་ཐུབ་སྟབས། བོད་མི་ཆེས་མང་པོ་ཞིག་ལ་རང་བཙན་རྩོད་རྒྱུ་ལས་གཞན་པའི་གདམ་ཀ་མེད་པར་གྱུར་ཡོད།
འདས་པའི་ལོ་དུས་ནང་ང་ཚོ་བོད་ཕྱོགས་ནས་པེ་ཅིན་དང་འབྲེལ་མོལ་བྱུང་ཡོད། འབྲེལ་མོལ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་མོད། འོན་ཀྱང་དེ་ལ་དགོས་འདུན་ངེས་ཅན་དགོས། པེ་ཅིན་ཕྱོགས་སུ་ལྷུང་སྟེ་རང་ཉིད་ཀྱི་དགོས་འདུན་བསྒྲུབ་ཕྱིར་ཞི་འཇགས་ཡོང་རྒྱུ་མེད་པ་དང་དུས་ཚོད་ནར་འགྱངས་བཏང་སྟེ་བསྡད་ཡོད། ཧུའུ་ཅིན་ཐོ་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཡིན་པའི་དུས་ཡུན་གྱི་རིང་། ཁོང་གིས་བོད་མི་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་དང་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་པ་སོགས་གཡོན་ལྷུང་སྲིད་ཇུས་འོག བོད་སར་སྟངས་འཛིན་བྱེད་མཁན་པེ་ཅིན་གྱི་འཛིན་སྐྱོང་བ་ཞིག་བྱས་པའི་མྱོང་བ་ཐོབ་ཡོད།
ཕྱི་ལོ་ ༡༩༨༨ ལོའི་ཟླ་བ་ ༡༢ པའི་ནང་ཧུའུ་ཅིན་ཐོ་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེར་བསྐོ་བཞག་བྱས་པ་རེད། པེ་ཅིན་གཞུང་ལ་བོད་མི་ཞི་བའི་གྱེན་ལོག་བྱེད་སའི་ས་ཁུལ་ཁག་ཏུ་རྒྱ་གཞུང་གི་སྲིད་ཇུས་ངན་པ་དེ་ལག་བསྟར་བྱེད་མཁན་གྱི་ཡིད་རྟོན་འོས་པའི་མི་ཞིག་དགོས་ཀྱི་ཡོད་པ་གསལ་པོ་རེད། ༡༩༨༨ ཟླ་ ༡༢ ཚེས་ ༩ ཉིན་ཧུའུ་ཅིན་ཐོ་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ལ་བསྐོ་བཞག་བྱ་རྒྱུའི་གསལ་བསྒྲགས་བྱས་པ་རེད། དེའི་ཕྱི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱུང་ཡོད་ལ། དེ་ནི་ཕལ་ཆེར་བསྒྲཊ་གཏམ་དེར་མི་འདོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་ངེས། སྐབས་དེར་གོ་མཚོན་ཐོགས་པའི་རྒྱ་གཞུང་ཉེན་རྟོག་པ་ཚོས་ཐག་ཉེ་ས་ནས་བོད་མི་ཞི་རྒོལ་བ་ཚོར་མེ་མདའ་བརྒྱབ་སྟེ་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་མཁན་བོད་མི་སྟོང་ཕྲག་ཁ་ཤས་དམར་གསོད་བཏང་ཡོད་པ་རེད།
ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་དང་པོའི་ཟླ་དཀྱིལ་ཙམ་ལ་ཧུའུ་ཅིན་ཐོ་ལྷ་སར་འབྱོར་ཡོད་ཅིང་། ཁོང་གིས་ཚོགས་འདུ་དང་པོ་ཞིག་གི་སྐབས་བོད་པའི་བླ་མ་ཞིག་དང་མཇལ་འཕྲད་བྱས་ཏེ། ཁོང་བོད་པའི་ནང་ཆོས་ཀྱི་བསམ་བློའི་འཁྱེར་སོ་ལ་གུས་བཀུར་ཅན་ཞིག་བྱ་འདོད་ཡོད་པའི་བསམ་ཚུལ་བཤད་མྱོང་ཡོད། ལོ་དེའི་ཟླ་ ༡ ཚེས་ ༢༣ ཉིན་ཁོང་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་གཞིས་ཀ་རྩེར་ཚོགས་འདུ་ཞིག་ཏུ་བཅར། ཚོགས་འདུའི་སྐབས་ཁོང་པཎ་ཆེན་རིན་པོ་ཆེའི་མཁྲིས་སུ་བསྡད་དེ། ཁོས་ “ ང་བོད་མི་མང་གི་འཐུས་མི་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། བོད་མི་ཚོ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་ལྷག་བསམ་རྣམ་དག་གིས་ཞབས་འདགས་བསྒྲུབ་རྒྱུ་ཡིན” ཞེས་བཤད་ཡོད།
འོན་ཀྱང་། ཧང་སངས་དགོས་པ་ཞིག་ལ་སྐབས་དེ་དུས་པཎ་ཆེན་རིན་པོ་ཆེས་རྒྱ་གཞུང་གི་བཙན་འོག་ན་བོད་མི་ཚོར་ཁེ་ཕན་རག་རྒྱུ་ལས་ལྡོག་སྟེ་ཧ་ཅང་གནོད་ཚབས་ཆེན་པོ་བཟོས་ཡོད་པ་སོགས་ཀྱི་སྐྱོན་བརྗོད་དྲག་པོ་གནང་བ་རེད་ལ། དེ་ནི་ཧ་ཅང་སྙིང་སྟོབས་ཆེན་པོའི་གཏམ་བཤད་ཅིག་ཡིན་སྟབས། རྒྱ་མི་དཔོན་རིཊ་ཚོ་ཧང་སངས་བཅུག་ཡོད་པ་དང་། དེ་ནི་དེང་དུས་བོད་ཀྱི་བསྐྱར་ཞིབ་དཔྱད་བརྗོད་ཅིག་ཡིན་པའི་སྣང་བ་སྐྲུན་ཡོད། ཚོགས་འདུ་དེ་ཚོགས་ནས་ཉིན་ཤས་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་རུ་སྐུ་གཤེགས་པ་རེད། པཎ་ཆེན་རིན་པོ་ཆེ་གློ་བུར་ཐོལ་རྒྱག་དགོངས་པ་རྫོགས་པ་དེའི་རྒྱུ་རྐྱེན་ཧུའུ་ཅིན་ཐོ་ལ་འབྲེལ་བ་ཡོད།
༢༠༠༨ ལོར་བོད་ས་ཁྱོན་ཡོངས་ལ་ཞི་རྒོལ་བྱུང་སྐབས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དང་བཙོན་འཇུག་བྱས་ཡོད་པ་མཐོང་གསལ་རེད་ལ། སྐབས་དེར་ཧུའུ་ཅིན་ཐོ་ཡིས་ཐད་ཀར་བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད། ད་ལྟའི་ཆར་བོད་ནང་གི་གནས་སྟངས་དེ་ཧ་ཅང་ཛ་དྲག་ཆགས་ཡོད་ལ། ད་བར་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་བཏང་ཟིན་ཞིང་། ཁོང་ཚོས་ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་དགོས་འདུན་འདོན་གྱིན་ཡོད། འོན་ཀྱང་། པེ་ཅིན་གྱིས་བོད་ནང་གི་དཀའ་སྡུག་དེ་དག་སེལ་ཐབས་ལས་ལྡོག་སྟེ་བོད་མི་ཚོར་དྲག་གནོན་དང་རང་སྣང་གང་དྲན་གྱིས་འཛིན་བཟུང་བྱེད་ཀྱིན་ཡོད་སྟབས། ད་ལྟ་བོད་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་སྲིད་ཇུས་དེ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་དཔལ་ཡོན་རྩ་གཏོར་གཏོང་བའི་འཆི་གསོན་གྱི་བར་ན་གནས་པའི་འཐབ་རྩོད་ཅིག་ཏུ་གྱུར་ཡོད།
ང་ཚོས་རྒྱལ་སྤྱི་དང་མཉམ་འབྲེལ་གྱི་ཐོག་ནས་ཧུའུ་ཅིན་ཐོ་ལ་དྲང་བདེན་གྱི་ཁྲིམས་ཐག་གཅད་རྒྱུའི་འབོད་སྐུལ་བྱེད་ཀྱིན་ཡོད། དམངས་གཙོའི་རྒྱལ་ཁབ་གཅིག་གིས་ཁྲིམས་ཐག་བཅད་ན་དེ་ནི་རྒྱལ་སྤྱིའི་དྲང་བདེན་གྱི་ཚད་གཞི་ཞིག་ཏུ་འགྱུར་ངེས། དེས་ན་ངས་ཁྱོད་ཚོ་ཚང་མར་བོད་མི་ཚོར་མནར་གཅོད་གཏོང་མཁན་ཉེས་ཅན་གྱི་མི་ངན་དེར་དྲང་བདེན་གྱིས་ཁྲིམས་ཐག་གཅད་པར་རོགས་འདེགས་བྱེད་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ང་ཚོ་བོད་མི་རྣམས་ལ་འཚོ་གནས་དང་། རང་དབང་། མི་སྒེར་གྱི་བདེ་འཇཊ་དང་། གང་བྱུང་འཛིན་བཟུང་བཙོན་འཇུག་ལས་གྲོལ་བའི་ཐོབ་ཐང་ཡོད།
དེར་མ་ཟད་རྒྱ་གཞུང་གིས་ཐེ་བྱུས་མེད་པའི་ཐོག་ནས་ང་ཚོར་བསམ་བློ་དང་རྣམ་དཔྱོད། ཆོས་ལུགས། སྨྲ་བརྗོད་ཀྱི་རང་དབང་རྣམས་རང་འདོད་ཀྱི་ཐོག་ནས་ལོངས་སུ་སྤྱོད་འཇུག་དགོས་ལ། གོང་དུ་དྲངས་པའི་ཐོབ་ཐང་དང་བདེན་འཇགས་སོགས་བརྡལ་བཤིག་གཏོང་བ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་ནང་འཁོད་དོན་ལྟར་མི་མང་གི་ཐོབ་ཐང་ལ་བརྩི་མེད་གཏོང་བའི་ཇུས་ངན་ཁོ་ན་ཡིན། རྒྱལ་ཁབ་གཞན་རྣམས་ཀྱིས་ང་ཚོར་མི་ཉེས་ཅན་འདི་ལ་དྲང་བདེན་གྱི་ཁྲིམས་ཐག་གཅད་རྒྱུའི་རོགས་འདེགས་གནང་རོགས། མི་རིགས་རྩ་གཏོར་དང་གནར་གཅོད་གཏོང་བ་སོགས་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ནང་། མིའི་སྤྱི་ཚོཊ་ལ་ཁ་གཏད་བྱེད་པའི་ཁྲིམས་འགལ་ཆེས་རྫབ་ཆེ་ཤོས་དང་སྡུག་ཤོས་དེར་ངོས་འཛིན་བྱེད་ཀྱིན་ཡོད།
གལ་ཏེ་ཉེས་ཅན་པ་ཁོང་ལ་ཁྲིམས་འགལ་འདི་བྱས་པའི་ཁྲིམས་ཐག་བཅད་ན་ཁོང་ལ་གཞི་རྩའི་ཐོག་ནས་གུ་ཡངས་གཏང་རྒྱུ་མེད། གནར་གཅོད་དང་མིི་རིགས་རྩ་གཏོར་གཏོང་བའི་ནག་ཉེས་རྣམས་ལ་ཉེས་ཆད་ཀྱི་ཁྲིམས་ལུགས་ཡོད་པའི་རྒྱལ་ཁབ་ཚང་མས། བོད་མི་རྣམས་ལ་གདུག་རྩུབ་གཏོང་མཁན་གྱི་ཉེས་ཅན་པ་ཁོང་ལ་ཁྲིམས་ཆད་གཏོང་དགོས།
བོད་མི་ཚོར་སྡུག་གྱོང་གནར་གཅོད་གཏོང་མཁན་ཚོ་མཐར་ཐུག་ལོ་རྒྱུས་རང་བཞིན་གྱི་ཉེས་ཅན་པར་འགྱུར་ངེས། རྒྱ་གཞུང་གི་མགོ་ཁྲིད་དང་མི་མང་ཚང་མས། བོད་མི་ཚོར་གནར་གཅོད་བཏང་བ་དེ་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱིས་ཁྲིམས་འགལ་དུ་ངོས་འཛིན་བྱེད་ཀྱིན་ཡོད་པ་ཤེས་དགོས། ལྷག་པར་དུ་བོད་མི་ཚོར་སྡུག་སྦྱོང་གཏང་རྒྱུའི་བཀའ་རྒྱ་བཏང་སྟེ། ལག་བསྟར་བྱེད་མཁན་གྱི་མི་དེར་ལོ་རྒྱུས་ཁྲོད་ན་ཉེས་ཅན་ཡིན་པའི་ཁྲིམས་ཆད་ཕོག་ངེས། “བོད་མི་ཚོར་གནར་གཅོད་གཏོང་མཁན་རྒྱ་གཞུང་གི་དཔོན་རིགས་ཚོས་ཁོང་ཚོར་ཁྲིམས་ཆད་ཕོག་རྒྱུ་ཡིན་པ་ཤེས་རྒྱུ་དང་། གནར་གཅོད་ཀྱི་བྱ་ངན་སྤེལ་མཁན་ཚང་མས་སོ་སོའི་ཁྲིམས་འགལ་བྱས་ཉེས་དག་ལ་འགྱོད་བཤག་བྱེད་དགོས།
དེ་ལྟར་བྱས་ན་འབྱུང་འགྱུར་རྒྱ་ནག་གི་དཔོན་རིགས་ཚོར་མིག་ལྟོས་ཤིག་འཇོག་ཐུབ།” ཕྱི་ལོ་ ༡༩༥༠ ལོར་བོད་བཙན་འཛུལ་བྱས་པ་ནས་ང་ཚོས་རྒྱ་གཞུང་གིས་ཁྲིམས་ལུགས་དང་མཐུན་པའི་ལས་དོན་ཅི་ཡང་མི་བསྒྲུབ་པའི་ངེས་ཤེས་རྙེད་ཟིན། ད་བར་རྒྱ་གཞུང་གི་སྲིད་ཇུས་དེ་ཧ་ཅང་ངེས་བརྟན་མེད་པ་ཞིག་རེད་ལ། བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་ངོ་མ་ཞིག་སྟེ་“ཏཱ་ལའི་བླ་མ་དང་དོན་སྙིང་ལྡན་པའི་འབྲེལ་མོལ་བྱེད་རྒྱུ་སོགས་རྒྱང་ཐག་རིང་པོ་ཆགས་བསྡད་ཡོད། མདོར་བསྡུས་ན་ད་ལྟའི་བོད་ནང་གི་སྐྱི་གཡའ་བའི་གནས་སྟངས་དེ་ཞི་འཇགས་དང་། རྒྱ་བོད་རྒྱལ་ཁབ་གཉིས་བར་ཕན་ཚུན་ཆིག་སྒྲིལ་གྱི་ཁོར་ཡུག་བསྐྲུན་རྒྱུ་སོགས་ནི་“ཏཱ་ལའི་བླ་མ་ཁོ་ན་”ཡིས་གནང་ཐུབ།
གོང་འཁོད་རྩོམ་ཡིག་དེ། བཙན་བྱོལ་ནང་གི་སྤྱི་ཟུར་ཞིག་གིས་བྲིས་ཤིང་ ༢༠༡༣ ཟླ་བ་ ༣ ཚེས་ ༡༢ ཉིན་ཇེ་ནེ་བ་(Geneva)ལ། རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཀའ་རྙོག་དང་། ཡུ་གུར་དང་། བོད། ལྷོ་སོག་བཅས་ཀྱི་དམངས་གཙོ་དང་རང་དབང་སོགས་ཀྱི་སྐོར་ལ་རྒྱལ་ཡོངས་ཚོགས་ཆེན་ཚོགས་སར་སྤྱན་འབུལ་ཞུས་པ་ཞིག་རེད།
མ་རྩོམ་དྲ་ཐག http://www.phayul.com/news/article.aspx?c=4&t=1&id=33217&article=PROSECUTE+HU+JIN+TAO+by+Khedroob+Thondup
པཎ་ཆེན་རིན་པོ་ཆེ་མཆོག་ལ། དུག་གཏོང་མཁན་ངོ་མ་དེ་ཧྰུ་ཅིན་ཐའོ་ཡིན་ནམ།
་་་་ ཚོགས་འདུ་དེ་ཚོགས་ནས་ཉིན་ཤས་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་རུ་སྐུ་གཤེགས་པ་རེད། པཎ་ཆེན་རིན་པོ་ཆེ་གློ་བུར་ཐོལ་རྒྱག་དགོངས་པ་རྫོགས་པ་དེའི་རྒྱུ་རྐྱེན་ཧུའུ་ཅིན་ཐོ་ལ་འབྲེལ་བ་ཡོད། ་་་ཟེར།
དཔའ་ཆེན་དོན་གྲུབ་ལགས་མིང་དོན་མཚུངས་མི་འདུག་ག། ཀྲུང་དབྱང་གཅིག་བསྡུས་རིང་ལུགས་མགོ་རྟིང་ལོག་པའི་ཉིན་མོར་མི་འདི་ཚོ་ཁྲིམས་རར་ཡིན་ཅིག་སླེབས་དགོས་པ་དེ་སྔ་ས་ས་ནས་གྲ་སྒྲིག་བྱེད་དགོས་པ་མ་རེད་པས
ཧུའུ་ཅིན་ཐོ་ཁྲིམས་ཁང་ལ་བསྐྱལ་ཟེར་བ་འདི་དང་། རྒྱ་གཞུང་ཁྲིམས་ཁང་ལ་བསྐྱལ་བ་གཅིག་པ་མ་རེད་དམ། འདི་ཡོང་ཐུབ་བམ།
རྒྱ་ནག་གིས་བོད་ཐོག་གཏན་འབེབ་བྱས་པའི་སྲིད་བྱུས་དེ། དམར་པོའི་ལམ་ལུགས་ཀྱི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་དང་། དུས་རབས་གཅིག་ལྷག་གི་རྒྱ་ནག་གི་དམག་འཁྲུག་གི་དཀའ་རྙོག་དང་། ལོ་ངོ་༡༠༤་ནང་རྒྱ་ནག་ནང་དྲག་སྤྱོད་ལ་བརྟེན་སྲིད་གཞུང་བརྗེ་བསྒྱུར་ཐེངས་བཞི་བྱས་པའི་ལོ་རྒྱུས་ཀྱི་རྨ་ཁ་དང་ཡང་བརྒྱུད་པའི་འབྲེལ་བ་ཆེན་པོ་ཡོད།
སླད་ཕྱིན་རྒྱ་ནག་གི་གཅིག་གྱུར་དང་ཞི་བདེ། དར་རྒྱས་ཡོང་བ་ལ་ལམ་ཁ་གསུམ་ཡོད། ༡༽ རྒྱ་ནག་གི་མི་རབས་གསར་པ་ལ་བརྟེན་ནས་རྒྱ་ནག་དེ་འཛམ་གླིང་སྟེང་གི་ཤེས་ཡོན་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་འཛུགས་རྒྱུ་དང་། ༢༽བོད་ཀྱི་དབུ་ཁྲིད་སྐྱབས་མགོན་ཏཱ་ལའི་བླ་མ་གདན་ཞུ་བྱས་ཏེ་རྒྱ་ནག་དེ་ཞི་བདེ་དང་བཟང་སྤྱོད་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ། ༣༽ ཚད་འཛིན་ལྡན་པའི་དམངས་གཙོའི་ལམ་ཕྱོགས་རྒྱ་ཆེ་རུ་བཏང་ནས་རྒྱ་ནག་དེ་འཛམ་གླིང་ནང་གི་དམངས་ཆེས་ལེགས་པའི་རྒྱལ་ཁབ་ཅིག་བཟོ་རྒྱུ་དེ་ཡིན། འདི་ནི་རྒྱ་ནག་ཙམ་མ་ཟད་ཨ་ཤ་ཡ་བསྐྱར་དར་གྱི་རྨི་ལམ་ཆེ་ཤོས་དེ་ཡིན།