༄༅།། བོད་ཀྱི་སྐད་ཡིག་བརྡ་སྤྲོད་དང་བཅས་པ་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་སྐོར་གླེང་བ།
བྷེལ་ཇམ་གནས་སྡོད་ཆབ་འགག་དཔལ་ལྡན།
གངས་ཆུ་འོ་མའི་མངར་ཁ་མྱངས་ཤིང་ཁ་བ་བུ་ཡུག་གིས་བསྐྱངས་པའི་བོད་མི་རིགས་འདིས་གནའ་བོའི་དུས་ནས་མཐོ་སྒང་བའི་ཞིང་ཁམས་དེར་རང་གི་ཕ་ཁྱིམ་དུ་སྦྲ་གུར་ཕུབ་ཅིང་གོས་སུ་ཤིང་ལོ་གྱོན། རིམ་བཞིན་ཀླད་མྱུར་རིག་གསལ་ཅན་དག་གིས་ཤེས་ཡོན་དར་སྤེལ་གྱི་འཁུར་བླངས་ཏེ་ཤེས་རིག་གི་སྒྲོན་མེ་སྦར། ལྷག་དོན་སྤྱི་ལོའི་དུས་རབས་བདུན་པ་སྟེ་ཆོས་རྒྱལ་སྲོང་བཙན་གྱི་དུས་སྐབས་སུ་རང་རིགས་ལ་དགོས་མཁོ་ཆེ་བའི་ཕྱིའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རིིག་གཞུང་གི་ཚན་ཁག་ཇི་སྙེད་ཅིག་བོད་བསྒྱུར་གྱིས་ནང་འདྲེན་བྱས་ཤིང་། སློབ་དཔོན་ཐུ་མིས། བོད་ཀྱི་སྐད་གདངས་གཞིར་བཞག་ནས་བོད་ཡིག་གསར་གཏོད་གནང་། བོད་ཀྱི་སྐད་གདངས་གཞིར་བཞག་པའི་བོད་ཡིག་དེ་ལ་མིང་གཞི་གཙོ་བོར་བྱས་པའི་སྔོན་འཇུག་དང༌། རྗེས་འཇུག་ཡང་འཇུག་གསུམ་བཅས་ཀྱི་དབྱེ་བ་ཕྱེ། མིང་གཞི་ལའང༌། གསལ་བྱེད་རྐྱང་པ་དང་མགོ་ཅན། འདོགས་ཅན། མགོ་འདོགས་གཉིས་ལྡན་གྱི་བརྩེགས་ཡིག་བཅས་གཏན་ལ་ཕབ་སྟེ་སྒྲའི་བསྟན་བཅོས་ཆེན་མོ་བརྒྱད་བརྩམས་ཤིང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ཀྱང་བོད་ཡིག་ཏུ་བསྒྱུར་བར་གྲགས།
དེ་ལྟ་བུའི་གཟི་རླབས་ཆེ་བའི་བྱ་བཞག་དེ་ཉིད་ཡུན་རིང་མཇུག་སྐྱོང་ཆེད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་འཕེལ་རྒྱས་དང་། ཆོས་རྒྱལ་ཁྲི་རལ་གྱི་དུས་སུ་སྐད་གསར་བཅད་ཀྱིས་བསྐྱར་ཞིབ་བགྱིས་ཏེ་སྔར་སྲོལ་བཞིན་གཏན་འབེབས་མཛད། ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་རླབས་ཆེ་བའི་བྱ་གཞག་འདིས་གདོད་མིའི་བོད་མི་རིགས་ཀྱི་སྐད་གདངས་ལ་ལྷད་མེད་ཀྱི་ཞབས་འདེགས་ཤིག་བསྒྲུབས་ཡོད་པ་མངོན་སུམ་བསྙོན་མེད་རེད། ཡིན་ཡང་བོད་རྒྱལ་གླང་དར་གྱིས་ནང་བསྟན་བསྣུབས་ཏེ་ནང་ཁུལ་གྱི་འབངས་མི་གྱེན་ལོག་གི་རྐྱེན་པས་བོད་སིལ་བུར་གྱུར་ཏེ་ལོ་མང་རིང་ཁ་འཐོར་སྣ་འཐོར་དུ་ཕྱིན་པའི་སྐབས་དག་ནི་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ཉམས་མགོ་བརྩམས་པའི་དུས་ཤིག་ཏུ་ཁོ་བོས་འཁུམས།
བོད་སིལ་བུར་ཐོར་བའི་དུས་སྐབས་ནང་མདོ་དབུས་ཁམས་གསུམ་བར་འབྲེལ་འདྲིས་ཇེ་ཞན་དུ་ཕྱིན་ཏེ་ཆིག་སྒྲིལ་གྱི་གོང་བུ་འཐོར་ཞིག་ཏུ་སོང་། དུས་དེ་ཙམ་ན་མཁས་པར་རློམ་པ་འགའ་ཞིག་གིས་གནའ་བོའི་བོད་ཀྱི་སྤྱི་སྐད་ཀྱི་འགྲོས་དང་མི་མཐུན་ཞིང་། བརྡ་སྤྲོད་པའི་འབྲི་སྲོལ་དང་དེ་བས་ཀྱང་མི་མཐུན་པའི་ལུང་ཚན་གྱི་ཕལ་སྐད་བཙན་བཅུག་གི་དེབ་རིགས་མང་དུ་བྲིས་ཏེ་བོད་སྤྱི་ཚོགས་སྟེང་འགྲེམས་སྤེལ་བགྱིས་པས་གནའ་དར་ལྷད་མེད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ལ་དགོས་མེད་ཀྱི་རྨ་ཁ་ཆེན་པོ་བཟོས། མཁས་པར་རློམ་པ་དེ་དག་དང་དེའི་ཕྱོགས་སུ་ལྷུང་བའི་རྗེས་འཇུག་སློབ་བུ་མགོ་བདེ་དྲན་འཕྲུལ་ཅན་རྣམས་ཀྱིས་རང་རེའི་སློབ་དཔོན་ག་གེ་མོས་བྲིས་པ་སྔར་མེད་གསར་གཏོད་དང་རྨ་མེད་ཀྱི་བསྟན་བཅོས་ཡང་དག་ཅིག་ཏུ་བསམས་ནས་བོད་སྤྱི་ཚོགས་སྟེང་འུར་སྒྲོག་གིས་དེ་ཁོ་ནར་རྒྱུན་བསྲིངས་པ་མ་གཏོགས་དེ་ལས་ལྡོག་སྟེ་གནའ་དར་སྲེག་བཅད་བརྡར་བའི་བརྡ་སྤྲོད་པའི་བསྟན་བཅོས་དག་ལ་བལྟ་བའི་བློ་མིག་ཕྱེ་མེད། དེ་ནི་ཕྱོགས་ལྷུང་གི་བསམ་བློ་དོར་མ་ཐུབ་པས་ལན་པ་རེད། ཕྱོགས་རིས་འཐེན་འཁྱེར་གྱི་བསམ་ངན་དེའི་དབང་གིས་ཁོང་རྣམ་པས་རང་ཉིད་གང་ལ་གོམས་འདྲིས་ཆེ་བའི་ལུང་ཚན་བྱེ་བྲག་པའི་ཕལ་སྐད་གཙོར་འཛིན་གྱི་ལས་ཐབས་རྩོམ་པ་ ལས་བོད་གངས་ཅན་པའི་སྤྱི་སྐད་ལ་ཕན་པའི་བྱེད་ཐབས་གང་ཡང་བརྩམས་མེད་པའི་ཁར་དོ་སྣང་གིས་རྒྱུན་བསྲིང་སྲུང་སྐྱོབ་ཀྱི་འགན་ཕྲན་བུ་ཙམ་ཡང་འཁུར་མྱོང་མེད། བྱེད་ཐབས་འདི་རིགས་ནི་བོད་སིལ་བུའི་དུས་སྐབས་སུ་བྱུང་ཞིང་། དེ་ནི་བོད་མི་རིགས་ཀྱི་སྲོག་ཤིང་ལྟ་བུའི་སྐད་ཡིག་དང་གནའ་བོའི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཉམས་རྒུད་ཀྱི་རྒྱུ་རྐྱེན་དུ་གྱུར་བའོ།།
བོད་སིལ་འཐོར་སོང་རྗེས་ཀྱི་སྐད་ཡིག་དང་བརྡ་སྤྲོད་དར་རྒུད་སྐོར།
བོད་གངས་ཅན་པའི་སྐད་ཡིག་དང་བརྡ་སྤྲོད་པའི་རིག་པའི་གཞུང་ལུགས་འདི་དག་ནི་བོད་སིལ་འཐོར་གྱི་དུས་སྐབས་དང་སིལ་བུར་འཐོར་བའི་རྗེས་ཀྱི་དུས་སྐབས་གཉིས་མཉམ་བསྡུར་བྱས་ན་སྔ་མར་རྒུད་པ་དང་། ཕྱི་མར་དར་རྒྱས་གོང་འཕེལ་དུ་སོང་ཞེས་གླེང་ཆོག་པར་སྣང་། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་འཛིན་པ་ས་སྐྱ་པས་ལོ་གྲངས་བརྒྱ་ཙམ་གྱི་བར་དུ་བོད་ཁམས་ཡོངས་ལ་དབང་བསྒྱུར་ཞིང་བོད་ལྗོངས་ཀྱི་པཎྜི་ཏ་དང་པོ་སྟེ་ས་པཎ་མཆོག་གིས་སྡོམ་གསུམ་རབ་དབྱེ་དང༌། ཚད་མ་རིག་གཏེར། མཁས་འཇུག་སོགས་མང་དུ་བརྩམས་ཏེ་གནའ་དར་བོད་ཀྱི་བརྡ་སྤྲོད་རིག་གནས་དང་བཅས་པ་བསྐྱར་གསོ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་། ས་སྐྱ་བའི་སྲིད་དབང་བཀའ་བརྒྱུད་པའི་ལག་ཏུ་ཤོར་བའི་བརྒྱུད་རིམ་ཁྲོད་དུའང་བཀའ་བརྒྱུད་པའི་དྲན་དབང་དག་གིས་སྲོལ་རྒྱུན་བོད་ཀྱི་བརྡ་སྤྲོད་སྐད་ཡིག་དང་བཅས་པའི་ཟུར་ཙམ་ཡང་ཉམས་པ་མེད་པར་རྒྱུན་ལེགས་པར་བསྐྱངས་ཤིང་། བཀའ་གདམས་པ་དང་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་མཁན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་། རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པའི་འཕྲིན་ལས་ཅན་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ཟུང་གིས་མཚོན་རྗེས་འཇུག་སློབ་བུ་དང་རྗེས་འཇུག་མིན་པའི་སྔོན་བྱོན་མཁས་དབང་རྣམས་ཀྱིས་ཀྱང་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་ཕབ་ཅིང་བརྩམས་པའི་བསྟན་བཅོས་དག་ནི་ཐུ་མིའི་སུམ་རྟགས་ཀྱི་འགྲོས་དང་མཐུན་པ་ཤེས་རིག་གི་གནས་ལ་བློ་གྲོས་ཡངས་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།
ཡིན་ཡང་དུས་རབས་བཅུ་དགུ་བའི་ལོ་རབས་དགུ་ཅུ་བའི་ནང་རང་རེའི་ཕ་ཡུལ་གངས་ལྗོངས་སུ་སྐྱེས་ཤིང་འཚར་བའི་བོད་རིགས་ན་གཞོན་སྐོར་ཁག་གཅིག་གིས་བརྡ་སྤྲོད་སུམ་ཅུ་བའི་གཞུང་དུ། ཨི་ལྡན་གྱི་རྣམ་དབྱེ་གི་ཀྱི་གྱི་འི་ཡི་སྟེ་འབྲེལ་སྒྲ་དང་། དེ་རྣམས་ས་མཐའ་ཅན་ལྔ་བྱེད་སྒྲར་གསལ་བར་བསྟན་པ་ཤེས་བཞིན་དུ་གི་དང་གིས་གཉིས་ཀྱིས་བྱེད་འབྲེལ་གྱི་ཚབ་བྱེད་ཐུབ་པས་ཀྱི་གྱི་འི་སོགས་དགོས་མཁོ་མེད་ཚུལ་གླེང་སྟེ་མང་ཚོགས་སྒྱུ་རྩལ་དང་དུས་དེབ་འདྲ་མིན་ཐོག་འགྲེམ་སྤེལ་གནང་བར་མདོ་སྨད་ཀྱི་རིག་པའི་དཔའ་བོ་སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་མཆོག་གིས་རིགས་པའི་རྒྱལ་བོ་རྟེན་འབྲེལ་གཏན་ཚིགས་ཀྱི་སྒོ་ནས་ཕ་རོལ་པའི་སྤོབས་པ་ཡོངས་སུ་བཅོམ་པར་མཛད་པས་དུས་ད་ལྟའི་བར་བོད་དུ་ཁུངས་ལུང་གང་ཡང་མེད་པའི་བསྟན་བཅོས་ལྟར་སྣང་རེ་འབྲི་མཁན་ཧ་ལམ་མེད་པའི་ཚོད་དུ་སྣང་།
ཡིན་ནའང་། ཁ་སང་དེ་རིང་གི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བྱེས་བཞུགས་བོད་མི་ཤེས་ཡོན་པ་དང་བསམ་བློ་བའི་ཁྲོད་དུ་བརྡ་སྤྲོད་ལ་བཅོས་འགྱུར་དང་། བོད་ཡིག་གི་ཚིག་མཚམས་གཅོད་སྟངས་ལ་འགྱུར་བ་བཏང་ན་བོད་ཡིག་ཀློག་མཁན་མང་དུ་འགྲོ་བའི་གདེང་ཚོད་རྙེད་པའི་རྒན་དར་གཞོན་གསུམ་གང་མང་ཞིག་ཐོན་དང་འཐོན་བཞིན་ འདུག དེ་དག་ལས་འདིར་དཔེ་མཚོན་ཙམ་དུ་ཨ་རིའི་(Harvard) གཙུག་ལག་སློབ་གཉེར་ཁང་གི་དབྱིན་ཇིའི་རྩོམ་ཡིག་སློབ་ཐོན་པ་བསྟན་འཛིན་བདེ་སྐྱིད་རེད། དེ་སྔོན་ཨ་རིའི་བརྙན་འཕྲིན་ཁང་གིས་ཁོ་མོར་བཅར་འདྲི་ཞིག་བྱས་པའི་ནང་མོས་དཔེར་ན་༼ ཕོ་བྲང་ཆེན་པོ་པོ་ཏཱ་ལ་ནས་༽ཞེས་པ་ལྟ་བུར་མཚོན་ན་༼ཕོ་བྲང་ ཆེན་པོ་ པོ་ཏཱ་ལ་ནས་༽ཞེས་བར་སྟོང་བཞག་ན་ཀློག་བདེ་བས་ཀུན་ལ་ཕན་ཐོགས་ཆེ་ཚུལ་གླེང་བར་མི་བུ་བདག་གིས་བསམ་ན་དེ་ནི་ཕན་ལས་གནོད་ཚབས་ཆེ་བར་མཐོང་།
བདག་ནི་སྲོལ་རྒྱུན་བོད་ཀྱི་རིག་གནས་དང་སྲོལ་རྒྱུན་བོད་ཀྱི་བསམ་བློས་བཅིངས་ཤིང་སྲོལ་རྒྱུན་གྱི་བྱ་དངོས་ཡོད་ཚད་གཅེས་སྐྱོང་དང་རྒྱུན་བསྲིང་བའི་ཁེངས་སྐྱུང་གི་རྟུལ་ཞུགས་འཛིན་མཁན་ཞིག་ཡིན་པའི་ཆ་ནས་ཁོ་མོས་བཤད་པ་དེ་ནི་དགོད་བྲོ་བའི་བྱིས་པའི་མཚར་སྒྲུང་ལྟ་བུར་བསམས། ཁོ་མོས་རང་ཉིད་ཀྱི་འཚོ་བ་གང་ལེགས་བསྐྲུན་ཐུབ་པའི་སྐད་ཡིག་གཞན་ཞིག་ཆེད་སྦྱོང་བྱས་པ་ལས་རང་གི་ཡབ་མེས་ཀྱི་སྲོལ་རྒྱུན་སྐད་ཡིག་ལ་གོམས་འདྲིས་མེད་པ་གསལ་བོ་རེད། སྤྱིར་ན་སྐད་ཡིག་དང་འཚོ་གནས་གཉིས་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་དམ་ཟབ་ཅིག་ཡོད་པས་འཚོ་གནས་ཀྱི་ཆེད་རང་རེའི་སྐད་ཡིག་བེད་སྤྱོད་གཏོང་བ་མ་གཏོགས་དེ་ལས་གཞན་དུ་བེད་སྤྱོད་མེད་པར་ཡན་གར་བར་འཇོག འཚོ་གནས་ཁོ་ན་གཙོ་བོར་འཛིན་པའི་མི་ཞིག་ལ་མཚོན་ན་རང་ཉིད་ཀྱི་འཚོ་གནས་གང་ལེགས་བསྐྲུན་ཐུབ་པའི་སྐད་ཡིག་གང་ཡིན་ཆེད་སྦྱོང་བྱེད་པ་ལས་ཡབ་མེས་ཀྱི་སྐད་ཡིག་ལ་དེ་ཙམ་གྱི་དོ་སྣང་གིས་སྦྱང་བརྩོན་མི་གནང་། རང་གི་ཡབ་མེས་ཀྱི་ཡི་གེ་འབྲི་ཀློག་ཙམ་ཡང་དཀའ་བའི་མི་བུ་ཞིག་གིས་མི་རིགས་ཤིག་གི་ཡི་གེའི་ཚིག་མཚམས་གཅོད་སྟངས་མི་འགྲིག་པར་བསྒྱུར་བཅོས་གཏོང་དགོས་པར་གླེང་ན་ཅུང་ཡ་མཚན་པ་ཞིག་མ་རེད་དམ།
རང་ཉིད་དང་རང་ཉིད་ཀྱི་ཁོར་ཡུག་ན་ཕྲད་དང་འཕྲད་བཞིན་པའི་དཀའ་ངལ་དེ་མི་རིགས་ཤིག་གི་དཀའ་ངལ་ཡིན་པར་གླེང་ཆོག་ཀྱང་གླེང་རིན་ཡོད་མེད་གང་ཟག་རང་ངོས་ནས་བསམ་ཞིབ་གནང་དགོས། ང་ཚོས་ད་ལྟའི་དུས་རབས་འདི་ནི་ཡབ་མེས་ཀྱི་སྐད་ཡིག་ལ་ཕྱོགས་ཡོངས་ནས་སུན་གཙེར་བཟོ་བའི་དུས་སྐབས་ཤིག་ཡིན་པར་ངོས་བཟུང་ནས་རང་ནུས་ཅི་ལྕོགས་ཀྱིས་གཞན་གནོད་སྔོན་འགོག་གི་ཐབས་ལམ་འཚོལ་སྒྲུབ་ཀྱིས་རང་རེའི་སྐད་ཡིག་སྲུང་སྐྱོབ་བྱེད་ དགོས་པ་ལས་གཞན་གནོད་ལ་རོགས་འདེགས་ལྟ་བུའི་ལས་བརྩམས་པ་ནི་ཅི་འདྲའི་སེམས་འཕངས་པ་ཞིག་གོ། སྤྱིར་ན་སྲོལ་རྒྱུན་བོད་ཀྱི་རིག་གནས་དང་། དེང་རབས་རིག་གསར། ཆོས་ཀྱི་ལེགས་བྱང་། རྒྱལ་རབས་ལོ་རྒྱུས། ཆབ་སྲིད་ཀྱི་མངའ་ཐང་། སྤྱི་ཚོགས་ཀྱི་འཕོ་འགྱུར། དངོས་པོའི་དཔལ་ཡོན་བཅས་འཛུགས་སྐྲུན་འཕེལ་རྒྱས་གཏོང་བའི་བླ་སྲོག་ནི་བོད་མི་རིགས་ཀྱི་སྐད་ཡིག་དང་། ཡིག་ངོས་རྩོམ་རིག་རྣམས་ཡིན་པ་ཅིས་ཀྱང་སེམས་སུ་གཟུང་དགོས། ང་ཚོ་མཐོ་སྒང་བ་རྣམས་ནི་གཞིས་བྱེས་གཉིས་སུ་གྱེས་ཤིང་བྱེས་འབྱོར་བ་ཚོ་ཡང་འཚོ་བའི་དོན་དུ་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་ཁ་འཐོར་ཞིང་གཞན་སྐད་ཀྱི་གཉའ་འོག་ཏུ་ཚུད་ནས་སྐད་ཡིག་ཕུང་གསུམ་པ་ཞིག་རྒྱུན་སྤྱོད་བྱེད་ཀྱིན་པར་ལྟོས་ན། དུས་ ཡུན་ཐུང་ངུ་ཞིག་གི་ནང་ར་མ་ལུག་གི་ཚིག་མཛོད་ཅིག་བསྒྲིགས་ནས་གསར་གཏོད་བྱས་པ་ཡིན་ཚུལ་གླེང་ཉེན་ཆེའོ།།
ཡང་གཅིག་བཤད་ན། བོད་མི་རིགས་གསོན་གནས་ཐུབ་མིན་ནི་བོད་མི་རིགས་ཀྱི་སྐད་ཡིག་ཡུན་རིང་རྒྱུན་འཛིན་བྱེད་ཐུབ་མིན་ལ་ཐུག་ཅིང་། བོད་མི་རིགས་ཀྱི་སྐད་ཡིག་ཡུན་རིང་རྒྱུན་འཛིན་བྱེད་ཐུབ་མིན་ནི་རང་གི་ཡབ་མེས་ནས་དུས་ད་ལྟའི་བར་བརྒྱུད་པའི་ལྷད་མེད་ཀྱི་སྐད་ཡིག་འདི་ཉིད་ལ་སྦྱང་བརྩོན་དཔྱིས་ཕྱིན་པར་གནང་སྟེ་མི་རབས་རྗེས་མར་བརྒྱུད་སྤྲོད་གནང་ཐུབ་མིན་ལ་རག་ལས་ཡོད་པའི་གནས་ལུགས་འདི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རྟོགས་པར་བྱས་ཏེ་སྐད་ཡིག་ཉམས་རྒུད་ཀྱི་རྒྱུ་རྐྱེན་དུ་མི་འགྱུར་བའི་ཐབས་ལ་ཅིས་ཀྱང་འབད་པར་བྱའོ།།
སྲོལ་རྒྱུན་བརྡ་སྤྲོད་ལ་འགྱུར་བ་གཏོང་ཚུལ་སྐོར་ལ་དཔྱད་པ།
སྤྱིར་སློབ་དཔོན་ཐུ་མི་སྐུ་ཉིད་ཀྱིས་བརྩམས་གནང་བའི་བོད་མི་རིགས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་འདི་ལ་མཚོན་ན་རང་རེའི་གནའ་བོའི་དྲན་དབང་རྣམས་ཀྱིས་འགྲེལ་བ་དང་། འགྲེལ་བཤད་ཇི་སྙེད་ཅིག་བརྒྱབ་སྟེ་རྩོམ་སྒྲིག་གནང་བའི་བསྟན་བཅོས་བགྲང་གིས་མི་ལང་བ་ཞིག་ཡོད་པ་ཐམས་ཅད་ཚད་མར་འཛིན་དགོས་པའི་ངེས་པ་མ་མཆིས་བཞིན། ད་ལྟའི་དུས་ཀྱི་འགྲེལ་བཤད་མཁན་པོ་རྣམ་པས་རྩོམ་བྲིས་གནང་བ་འགའ་ཞིག་ཚད་མར་འཛིན་དཀའ་འོ།། ཉེ་བའི་ཆར་ཨ་རིའི་བརྙན་འཕྲིན་ཁང་གིས་༧གོང་ས་མཆོག་གི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བརྩམས་པའི་སྨྲ་སྒོ་ལྡེ་མིག་དང་། སྲོལ་རྒྱུན་བརྡ་སྤྲོད་ལ་གསར་གཏོད་ཀྱི་འགྱུར་བ་གཏོང་དགོས་པའི་སྐོར་ལ་བཅར་འདྲི་ཞིག་གནང་འདུག བཅར་འདྲིའི་ཚན་པ་ལ་བལྟས་པའི་ཚོར་སྣང་ཞིག་འདིར་ཉུང་ངུའི་ཚིག་གིས་གླེང་བར་བྱ།
དགེ་བཤེས་ཐུབ་སྦྱིན་ལགས་ཀྱིས་སློབ་དཔོན་ཐུ་མིའི་སུམ་རྟགས་གཉིས་རྩ་བར་བཟུང་ནས་རང་ནུས་ཅི་ལྕོགས་ཀྱིས་བརྡ་སྤྲོད་ལ་གསར་གཏོད་ཀྱི་འགྱུར་བཅོས་གཏོང་དགོས་སྐོར་གྱི་དཔྱད་གཞིའི་རྩོམ་དེབ་ཅིག་བོད་ཀྱི་ཤེས་ལྡན་པ་དང་སྨྱུག་ཐོགས་པས་ གཙོས་དགེ་རྒན་གང་མང་ཞིག་གི་དགོངས་ཚུལ་ཇི་ཡོད་བསྡུ་ལེན་ཆེད་སྤྱི་ཚོགས་ནང་འགྲེམ་སྤེལ་གནང་ཡོད་པའི་སྐོར་དངོས་སུ་ལྟ་ཐོས་བྱུང་བས་དགའ་སྤྲོས་བརྟས། ཡིན་ཡང་། ཁོང་གི་རྩོམ་དེབ་ཆ་ཚང་བ་ཞིག་ཀློག་རྒྱུའི་གོ་སྐབས་མ་བྱུང་བ་ནི་ཅུང་བློ་ཕམ་པའི་གནས་སུ་གྱུར། གལ་ཏེ་རྩོམ་པ་པོར་ཐུགས་འདོད་ཡོད་ན་དྲ་རྒྱའི་ནང་གཏོང་རོགས་ཞེས་རེ་འབོད་ཅིག་ཞུ་བཞིན་ཡོད། ང་ཚོར་དགོས་མཁོ་ཆེ་བ་ནི་གསར་གཏོད་ཅེས་པའི་ཡིག་འབྲུ་འདི་རེད། གསར་གཏོད་ཅེས་པ་ནི། ཀླད་མྱུར་རིག་གསལ་གྱི་ནུས་རྩལ་ལས་སྔར་མེད་ཀྱི་ཐབས་ཚུལ་ཞིག་སྐད་ཡིག་གི་གཤིས་ལུགས་དང་མཐུན་པར་གསར་སྐྲུན་བྱེད་པ་ཞིག་ལ་གོ་དགོས་པར་འདོད། ཀླད་མྱུར་རིག་གསལ་ཅན་རྣམས་ཀྱིས་སྔར་མེད་ཀྱི་ཐབས་ཚུལ་ཞིག་གསར་སྐྲུན་བྱས་པ་ཙམ་གྱིས་གསར་གཏོད་ཅེས་པའི་ཡིག་འབྲུ་དེའི་དགོས་ཉིང་གྲུབ་མེད་པར་འདོད།
དེས་ན། དགེ་བཤེས་ཐུབ་སྦྱིན་ལགས་ཀྱིས། རང་རེའི་སུམ་གཞུང་དུ་མ་གྲགས་པའི་ཐ་སྙད་ཇི་སྙེད་ཅིག་གསར་སྣོན་བརྒྱབ་ཅིང་མིང་ དང་ཚིག་གཉིས་ལྟ་བུར་མཚོན་ནའང་ནང་ཚན་གྱི་དབྱེ་བ་གང་མང་ཞིག་ཕྱེས་ཏེ་རྣམ་གསལ་གྱི་དཔེར་བརྗོད་གཅིག་གིས་ཀུན་ལ་རིགས་འགྲེ་བཏང་འདུག་པ་ལ་གཞིགས་ན་བདག་གིས་གསར་གཏོད་ཀྱི་གོ་དོན་བཞག་པ་དེ་དང་ཅུང་མི་མཐུན་པའི་ཚོད་དུ་སྣང་། ཉིད་ཀྱིས་གསར་དུ་བསྣན་པའི་ཐ་སྙད་ཀྱི་ཁྲོད་དུ་བྱ་བའི་རྣམ་འགྱུར་བརྗོད་པའི་ཚིག མིང་ཚིག་ལ་སྦྱར་བའི་ཁྱད་ཚིག་ཅེས་སོགས་བྲིས་པ་ཐམས་ཅད་གདོད་མའི་བོད་མི་རིགས་ཀྱི་སྐད་གཤིས་དང་མཐུན་མིན་བློ་གྲོས་ཀྱི་གནས་ལ་འཇུག་པ་ཡངས་པ་དག་གིས་དཔྱད་པར་འཚལ། ཡང་ཁོང་གིས་བོད་པའི་ཚིག་མཛོད་རྒྱས་ཤོས་བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མིང་ཚིག་རེ་རེའི་མཐར་བྱ་ཚིག་དང་། བསྣན་ཚིག་སོགས་གང་ཡིན་གྱི་ངོས་འཛིན་གསལ་བོ་བྱས་མེད་པས་འཛམ་གླིང་གི་དབྱིན་ཡིག་ཚིག་མཛོད་སོགས་དང་བསྡུར་ཚོད་མེད་ཚུལ་བཤད་པ་བདེན་གཏམ་དུ་གནང་ཡང་། བོད་རྒྱ་ཚིག་མཛོད་ཆེན་མོ་རུ་དེ་ལྟར་ངོས་འཛིན་གནང་མེད་ཀྱང་། དག་ཡིག་གསར་བསྒྲིགས་ལས། མིང་ཚིག་གི་མཐར་བྱ་ཚིག བསྣན་ཚིག རྒྱན་ཚིག་སོགས་ངོས་འཛིན་གསལ་བོ་གནང་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དགེ་བཤེས་ཐུབ་སྦྱིན་གྱིས་ཀྱང་བསྟན་འཛིན་བདེ་སྐྱིད་ཀྱི་འདོད་ཚུལ་དང་ཅུང་མཐུན་པར་བྱིས་པ་རྣམས་ལ་ཡི་གེ་བསླབ་པའི་སྐབས་དག་ཏུ་ཡི་གེའི་བར་དུ་སྟོང་ཆ་བཞག་སྟེ་བསླབ་ན་དགེ་མཚན་ཆེ་ཞེས་ཟེར་བར་བསྟན་འཛིན་བདེ་སྐྱིད་ཀྱི་ལན་དེས་འཐུས་སོ།།
བོད་ཀྱི་སྐད་ཡིག་འདི་ཁ་སྐད་དང་ཡིག་སྐད། ཆོས་སྐད་དང་ཕལ་སྐད་དབར་བར་ཐག་རིང་པོ་རིང་པོ་འདིས་དཀའ་ངལ་འཕར་མ་ཞིག་དང་དུས་རབས་ཀྱི་རྗེས་མི་ཟིན་པར་འཛམ་གླིང་སྐད་རིགས་གཞན་པའི་ནང་ཡོད་པའི་དངོས་ཁམས་རིག་པ་ལ་སོགས་པའི་ཐ་སྙད་ཇི་རྙེད་གཅིག་ཡོད་པ་དེ་ཚོ་ནང་བསྒྱུར་བྱེད་མི་ཐུབ་པ་དཔེར་ན་། བཙན་བྱོལ་གཞི་རིམ་སློབ་གྲྭའི་ཚན་རིག་སྡེ་ཚན་སྐད་ཡིག་གཞན་པའི་སྟེང་སྦྱོང་དགོས་པའི་གནས་སྟངས་འདི་གང་ནས་བྱུང་བ་རེད།
དུས་ཚོད་འཕྲོ་བླགས་མ་གཏོང་རོགས།
གཞན་ཞིག་འབྲི་དགོས་པ་མ་མཆིས།
གནས་ཚུལ་འདི་ཚོ་དྲྭ་རྩོམ་གྱི རིམ པ ལས་བརྒལ བའི གླེང་བྱ་ཞིག་ཡིན།
བྷེལ་ཇམ་གནས་སྡོད་ཆབ་འགག་དཔལ་ལྡན་ལགས་ཀྱིས།
ཕོ་ བྲང་ཆེན་ པོ་པོ་ ཏྰ་ལ། ཞེས་པ་ཞིག་ཚིག་མཚམས་མེད་པར་ཅིག་བྲིས་དང་དེ་ནས་ཁྱོད་ཀྱི་རྨོངས་མུན་དེ་སེལ་བར་ངེས།