འབྲོང་དཀར་པོ།
མི་མང་པོ་ཞིག་གིས་ཚོར་གྱི་ཡོད་མེད་མི་ཤེས་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་པ་འཕྲིན་ལས་ལ་སྒྲོ་སྐུར་བྱེད་ས་ཞིག་རག་ཐབས་ལ་ཕོ་རོག་གཏོར་མ་སྒུག་པ་བཞིན་སྒུག་སྡོད་བྱེད་མཁན་གྱི་རྩོམ་པ་པོ་གཉིས་ཡོད་པ་ནི་ཡེ་རྡོར་དང་འཇམ་ནོར་གཉིས་རེད། ཡེ་རྡོར་ནི་ཀྲུང་དབྱང་ནས་ཆེད་དུ་གསོ་སྐྱོང་བྱས་པའི་རྩོམ་འབྲིའི་ལས་བྱེད་པ་ཞིག་ཡིན་པར་བརྟེན་ཁོ་རང་ལ་ཏང་གི་དྲུང་ཆེའི་ལག་ཏུ་ཡོད་པའི་སྨྱུ་གུ་ཞིག་ལས་ལྷག་པའི་རིན་ཐང་གང་ཡང་མེད། ཡེ་རྡོར་གྱི་རྩོམ་ཡིག་ལ་མཚོན་ན་ཁོའི་འབྲི་རྩོམ་གྱིས་རྒྱལ་སྤྱིའི་ནང་ཏང་གི་ཆབ་སྲིད་དྲིལ་བསྒྲགས་ལ་ནུས་པ་ཐོན་ཐུབ་ཀྱི་མེད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་དེ་བས་གཡོ་འགུལ་ཐེབས་ཐུབ་ཀྱི་མེད། ཁོའི་རྩོམ་ཡིག་དེ་ཚོས་དོན་དམ་དུ་རང་གི་འཚོ་གནས་བསྐྲུན་རྒྱུ་ལས་ལྷག་པའི་ནུས་པ་དམིགས་བསལ་འདོན་ཐུབ་ཀྱི་མེད། འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ནི་ཡོངས་གྲགས་སུ་རང་བཙན་འཐབ་རྩོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོ་རང་གི་རྩོམ་འབྲིའི་སྒྱུ་རྩལ་གྱི་ནུས་པས་གཞོན་སྐྱེས་མང་པོ་ཞིག་རང་གི་ཀློག་པ་པོར་འགུག་ཐུབ་ཀྱི་ཡོད། གཞོན་ནུའི་དུས་སྐབས་ནི་དོན་དངོས་ལས་འཆར་སྣང་ལ་སྤྲོ་སྣང་འཕེལ་བའི་དུས་སྐབས་ཤིག་ཡིན་པར་བརྟེན་བཤད་མི་ཤེས་མཁན་གྱིས་བདེན་པ་བཤད་པ་ལས་བཤད་མཁས་པས་རྫུན་གཏམ་བཤད་པ་ཁྱབ་ཆེ་བའི་དཔེ་བཞིན་ཁོའི་འབྲི་རྩོམ་ཀྱི་འཐབ་རྩལ་གྱིས་ན་གཞོན་མང་པོ་ཞིག་ལ་གཡོ་འགུལ་ཐེབ་ཀྱི་ཡོད། དེར་བརྟེན་འཇམ་ནོར་གྱིས་ཐབས་མཁས་པའི་ཐོག་ནས་གཞོན་སྐྱེས་མང་པོ་ཞིག་བསླུ་བྲིད་བྱེད་ཐུབ་ཀྱི་ཡོད་པས་གོ་སྐབས་དེ་དང་བསྟུན་ཏེ་གཞོན་སྐྱེས་ཚོའི་ཀླད་པའི་ནང་དུག་རྫོང་རྒྱག་གི་ཡོད་པ་ཧ་ཅང་གསལ་པོ་རེད། མི་མང་པོ་ཞིག་གིས་འཇམ་ནོར་གྱིས་རྒྱ་ནག་གཞུང་གི་འཁྱོག་བརྗོད་མང་པོ་ཞིག་ལ་ལན་འདེབས་གནད་སྨིན་བྱས་ཡོད་པས་བཙན་བྱོལ་གཞུང་དང་༸གོང་ས་མཆོག་ལ་སྐབས་རེ་མཚན་སྨད་ཞུས་པར་བཟོད་བསྲན་བྱེད་དགོས་པའི་རྣམ་འགྱུར་སྟོན་གྱི་ཡོད། དོན་དངོས་སུ་སྐད་ཆ་འདི་དག་ནི་ཁོའི་རྩོམ་ཡིག་གི་བཀའ་ལུང་ལ་དད་པ་བྱེད་མཁན་ཚོའི་རྨོངས་དད་ཀྱི་སྐད་ཆ་ཞིག་རེད། འཇམ་དབྱང་ནོར་བུས་སྐེ་བྲེགས་ནས་ཨོག་མར་བྱིལ་བྱིལ་བྱེད་པའི་བྱ་ཐབས་འདི་ཚོས་ང་ཚོ་ཁ་ཕྱོགས་གང་དུ་འཁྲིད་ཀྱི་ཡོད་མེད་དེ་ངེས་པར་དུ་ཤེས་དགོས་པ་རེད།
འཇམ་དབྱངས་ནོར་བུས་ཉིན་ཤས་སྔོན་”བོད་ཀྱི་སྤྲུལ་སྐུ་རྗེས་མ་ཨེ་”ཞེས་རྩོམ་བྱང་དུ་བཀོད་པའི་རྩོམ་ཡིག་ཅིག་སྤེལ་འདུག རྩོམ་ཡིག་དེར་བརྗོད་དོན་གསུམ་དུ་དབྱེ་བའི་དང་པོའི་ནང་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་བློན་ཁྲི་པ་ནས་སྲིད་སྐྱོང་དུ་མིང་བརྗེས་པའི་གོ་སྐབས་དང་བསྟུན་ནས་དོན་དུ་རང་ཉིད་གཞུང་དང་རྒྱལ་ཁབ་གཉིས་ཀའི་དབུ་འཁྲིད་གནང་རྒྱུའི་གོ་གནས་ཀྱི་འཐབ་རྩོད་ཅིག་བྱེད་ཀྱི་ཡོད་པ་དེ་ཁོ་རང་གཅིག་པུས་ཤེས་ཚོར་བྱུང་བ་ལས་གཞན་སུ་གཅིག་གིས་ཚོར་མི་འདུག་ཅེས་བཤད་འདུག གཞུང་ས་དགའ་ལྡན་ཕོ་བྲང་གི་བྱུང་རབས་ཀྱི་ངོ་བོའི་ཐོག་ནས་བཤད་ན། ༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་༸གོང་ས་བཅུ་བཞི་པ་ཆེན་པོའི་བར་ང་ཚོར་རྒྱལ་ཁབ་དང་གཞུང་གི་དབུ་ཁྲིད་གཉིས་སོ་སོར་མེད་པའི་གཞུང་འཛིན་ལམ་ལུགས་ཤིག་གི་ནང་ཕྱིན་ཡོད། ༸གོང་ས་བདུན་པ་དང་མི་དབང་ཕོ་ལྷ་བའི་སྐུ་དུས་ཀྱི་གཞུང་འཛིན་ལམ་ལུགས་ནང་གཞུང་འཛིན་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་སོ་སོར་ཡོད་པའི་གླེང་གཞི་ཡོང་ས་ཞིག་མེད་དམ་སྙམ། དེ་མིན་༸གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་རྒྱལ་ཚབ་དང་སྲིད་སྐྱོང་གིས་གཞུང་འཛིན་རིང་རྒྱལ་ཚབ་དེ་ཉིད་གཞུང་དང་རྒྱལ་ཁབ་གཉིས་ཀའི་དབང་ལྡན་དབུ་འཁྲིད་ཡིན། བཙན་བྱོལ་དམངས་གཙོའི་གཞུང་འཛིན་ལམ་ལུགས་ནང་ཕྱི་ལོ་ ༢༠༠༡ བར་རྒྱལ་ཁབ་དང་གཞུང་གི་དབུ་འཁྲིད་གཉིས་ཀ་༸གོང་ས་མཆོག་ཡིན། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ལམ་སྲོལ་གཏོད་པ་ནས་༸གོང་ས་མཆོག་ཕྱེད་བགྲེས་ཡོལ་གནང་ནས་བཞུགས་པའི་རིང་༸གོང་ས་མཆོག་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་བཀའ་ཁྲི་དེ་གཞུང་གི་དབུ་འཁྲིད་ཡིན་པ་དང་མཚུངས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་༸གོང་ས་མཆོག་ནས་སྲིད་སྐྱོང་སྟག་བྲག་གི་སྐུ་མདུན་ནས་ཚུར་བཞེས་པའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེར་ཕར་རྩིས་འབུལ་ཞུ་གི་ཡོད་གསུངས་པར་བརྟེན་སྲིད་སྐྱོང་ནི་གཞུང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་འཁྲིད་མཐོ་ཤོས་དེ་རེད།
བརྗོད་དོན་གཉིས་པའི་ནང་ཉེ་ལམ་དབུ་མའི་ལམ་ལ་གྲུབ་འབྲས་མ་བྱུང་བར་བརྟེན་བོད་མི་ཚོ་རང་བཙན་ལ་སྤྲོ་སྣང་འཕེལ་བཞིན་པའི་སྐབས་ངྷ་སའི་ཚོགས་པ་བཅུ་གཅིག་སོགས་ཀྱིས་རང་བཙན་འཐབ་རྩོད་པར་རྒོལ་རྡུང་བཏང་རབས་བཤད་འདུག གནད་དོན་འདིའི་ཐད་འཇམ་ནོར་གྱིས་སྡོམ་ཚིག་སྟབས་བདེ་འདི་འདྲ་ཞིག་བཀོད་པ་དེ་ནི་དོན་དངོས་ལས་གཡོལ་ཐབས་བྱས་པ་རང་རེད། མཚམས་འདི་ནས་ཁོ་པས་རང་ཉིད་རང་བཙན་འཐབ་རྩོད་པ་ཞིག་ཡིན་པའི་གཟུགས་བརྙན་སྔར་བཞིན་ཕྱིར་སྟོན་བྱས་ཡོད། ཁོ་པས་རྒྱུན་དུ་སྐད་ཆ་ཤོས་སྐབས་ཁོ་པ་བཙན་བྱོལ་ནང་གི་རྒྱ་ནག་ཉམས་ཞིབ་པ་གཅིག་པུ་དེ་ཡིན་པ་དང་། ཁོ་པར་རྒྱ་ནག་ཐོག་དེབ་མང་ཤོས་ཡོད་ཚུལ་ཤོད་ཀྱི་ཡོད། དེ་དག་བདེན་པ་ཡིན་དུ་ཆུག་ཀྱང་ལོ་ངོ་ལྔ་བཅུའི་ནང་ཁོ་པས་བོད་དོན་ཐོག་བྱས་པའི་ལས་ཀའི་གྲུབ་འབྲས་ལ་ཕྱིར་བལྟས་བྱས་ཚེ་རང་ཉིད་རྒྱ་ནག་ཐོག་གི་ཉམས་ཞིབ་པ་ཞིག་ཡིན་པར་བརྗོད་རྒྱུར་ངོ་ཚ་དགོས་པ་ཞིག་མ་ཡིན་ནམ། ལོ་ངོ་ལྔ་བཅུའི་སྐད་ཆ་མ་བཤད་པར་མིག་སྔའི་འདས་ལོ་བཅུར་ཕྱི་མིག་ཅིག་བལྟས་ཏེ་དཔེ་མཚོན་བཀོད་ན། ཕྱི་ལོ་ ༢༠༠༡ ནས་ཕྱི་ལོ་ ༢༠༡༡ བར་ཁོ་པས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རེ་གཟའ་ཉི་མའི་གཏམ་གླིང་ལེ་ཚན་ནང་བརྗོད་གཞི་འདྲ་མིན་ཐོག་གཏམ་བརྗོད་ཐེངས་ ༡༧༢ ཙམ་བྱས་ཡོད་པར་བསྐྱར་ཞིབ་ཅིག་བྱས་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་གཞུང་གི་མཛད་གཙོ་རྣམ་པར་ཟུར་ཟ་དང་། ཁྱད་གསོད། མཐོང་ཆུང་སོགས་བྱས་ཏེ་སྤྱི་ཚོགས་དཀྲུག་གཞིའི་གཏམ་བཤད་བྱས་པ་ལས་ལྷག་པའི་བོད་དོན་ཐོག་གཟེངས་སུ་ཐོན་པའི་སྐད་ཆ་གང་ཞིག་བཤད་ཡོད་མེད་ལ་གཟིགས་དང་། ང་ཕོད་འཇིགས་མེད་ཀྱིས་མཐུན་འགྱུར་འོག་ཀརྨ་རྒྱ་མཚོ་དང་འཇམ་ནོར་གྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རེ་གཟའ་ཉི་མའི་གཏམ་གླེང་ལེ་ཚན་ལོ་ངོ་བཅུའི་རིང་སྒེར་བདག་བྱས་ཏེ་བེད་སྤྱོད་གང་དུ་བཏང་འདུག་དཔྱད་པ་བྱས་ན་ད་གཟོད་ཁོ་པ་རང་བཙན་འཐབ་རྩོད་པ་ཞིག་ཡིན་མིན་གྱི་གཟུགས་བརྙན་གསལ་པོ་མཐོང་ཐུབ་ངེས་ཡིན།
ཁོ་པས་ད་དུང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་གཞུང་གི་བཞེངས་ཕྱོགས་འོག་ཤར་བསྐྱོད་བྱེད་མཁན་དེ་དག་ནི་ཀླད་རྙིང་མཁྲེགས་འཛིན་པ་དང་དད་པའི་རྗེས་འབྲངས་པ་ཡིན་ཞིང་། ཁོ་པ་ཚོར་རྒོལ་རྡུང་བཏང་སྟེ་ནུས་མེད་དུ་བསྒྱུར་ཐབས་བྱེད་ཀྱི་འདུག་ཅེས་བཤད་འདུག སྐད་ཆ་འདི་ནི་འཇམ་ནོར་གྱིས་ཐེངས་མང་བཤད་མྱོང་བའི་སྐད་ཆ་རྙིང་པ་ཞིག་རེད། སྐད་ཆ་འདིའི་འོག་ནས་འཇམ་ནོར་ཁོ་པ་ད་བར་ཨ་རིར་ལྷོད་སྡོད་བྱས་པ་རེད། འཐབ་ཕྱོགས་གཅིག་འགྱུར་ཁང་གི་ལས་བྱེད་པར་རུལ་སུངས་བྱེད་པའི་ཐབས་ལམ་ཞིག་ཡོད་པ་ནི་མ་དངུལ་ཉུང་ཉུང་སྤྱད་དེ་འཐབ་ཕྱོགས་གཅིག་འགྱུར་ལ་གནོད་པའི་རྙོག་འཛིང་ཀྱི་ལས་འགུལ་རིགས་སྤེལ་བཅུག་རྗེས་ཀྲུང་དབྱང་ལ་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ཐོག་ཉེན་ཁ་ཡོད་པ་དང་། འགྲོ་གྲོན་ཕོན་ཆེ་དགོས་སྐོར་བཤད་དེ་ལྐོག་ཟ་བྱེད་ཀྱི་ཡོད། བྱེད་སྟངས་འདི་དང་འདྲ་བར་འཇམ་དབྱངས་ནོར་བུས་ཐོག་མར་འགན་ཁུར་མེད་པའི་གཏམ་བཤད་སྤེལ་ཏེ་༸གོང་ས་མཆོག་དང་གཞུང་ལ་མཚན་སྨད་ཞུ་བ་སོགས་ཀྱིས་སྤྱི་ཚོགས་ཟང་ཟིང་དུ་འགྲོ་བའི་ལས་གཞི་བརྩམས་པ་དང་། མང་ཚོགས་ནས་དེར་འགན་འཁུར་སྐབས་ཁོ་པ་ཚོར་རྒོལ་རྡུང་གཏོང་གི་འདུག་ཅེས་བཤད་དེ་ཨ་རིར་ལྷོད་སྡོད་བྱེད་ཀྱི་ཡོད། ཁོ་པས་ད་བར་ཕྱོགས་གཅིག་ནས་མིང་གྲགས་དོན་དུ་གཉེར་བ་དང་ཕྱོགས་གཞན་ནས་ཨ་རིར་ལྷོད་སྡོད་བྱེད་པའི་མཐུན་རྐྱེན་བསྐྲུན་ཐབས་ལ་འབད་བརྩོན་བྱས་ཡོད། ཉེ་བའི་ཆར་ཁོ་པས་བོད་རང་བཙན་ཡིན་པའི་ཁུངས་ལྡན་ལོ་རྒྱུས་ཀྱི་བདེན་དཔང་ཡིན་ཟེར་བའི་ཡིག་ཆ་དང་པར་རིས་དེ་འདྲ་འཁྱེར་རྒྱུ་ཡོད་པ་དེ་དག་ཀྱང་ཞིང་གཤེགས་སྟག་འཚེར་རིན་པོ་ཆེས་སྐུ་ངལ་སྐྱོན་ནས་འཚོལ་སྒྲུབ་བྱས་པ་ཤ་སྟག་རེད། དེང་སྐབས་ཁོ་པས་འཇོན་རབས་རྐྱང་ཤོད་ཀྱི་འདུག ཁོ་པའི་བྱེད་སྟངས་འདི་འདྲ་ཞིག་རེད། མདོར་བསྡུས་ནས་བཤད་ན་ཁོ་པ་ད་བར་རང་བཙན་འཐབ་རྩོད་པའི་མིང་བྱང་འོག་སྐྱིད་ཉལ་བརྒྱབ་ནས་བསྡད་པ་རེད། འདི་ལྟ་བུའི་རྒྱབ་ལྗོངས་ལྡན་པའི་འཇམ་ནོར་ལ་རང་བཙན་འཐབ་རྩོད་པའི་མིང་བཀུར་བྱ་རིན་འདུག་གམ།
བརྗོད་དོན་གསུམ་པའི་ནང་ཁོ་པས་༸གོང་ས་མཆོག་ལ་མཚན་སྨད་ཚབས་ཆེན་ཞུས་ཡོད། ༸གོང་ས་མཆོག་གིས། ཨི་ཊ་ལི་དང་། ལ་དྭགས། ས་ལུ་སྒར་བཅས་སུ་གནང་བའི་བཀའ་སློབ་གསུང་བཤད་ཀྱིས་ཁོ་པའི་གབ་ཁུང་མེད་པར་བཟོས་པས་ཁོ་པ་ནད་མ་ཐེག་པར་༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་ཀྱི་ཡོད། ཁོས་༸གོང་ས་མཆོག་གི་འཚེ་བ་མེད་པའི་ལམ་ལ་ཕེབས་པ་ནི་ནོར་བྷེལ་གཟེངས་རྟགས་ཐོབ་པའི་ཆེད་དུ་ཡིན་པ་དང་། ༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ལ་ཕེབས་པ་ནི་མི་འདོད་བཞིན་དུ་ཕེབས་ཚུལ། བགྲེས་ཡོལ་དུ་ཕེབས་རྗེས་ཀྱང་དགོངས་པ་བསྐྱར་བཞེས་གནང་ཡོད་ཚུལ། སྐུ་དབང་ད་དུང་བཟུང་ཡོད་ཚུལ་སོགས་རྙོག་གཏམ་འདྲ་མིན་བཤད་ཡོད། སྐད་ཆ་འདི་འདྲ་ཤོད་མཁན་ནི་འཇམ་ནོར་ཙམ་མ་རེད། དོལ་རྒྱལ་གྱི་འབག་གྱོན་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྒོ་ཁྱི་བདེ་ཆེན་སྤྲུལ་སྐུ་དང་། ལི་ཐང་རྒྱ་མཚོ། བསོད་ནམས་རིན་ཆེན། བློ་བཟང་རྡོ་རྗེ། དྲ་ངོས་སུ་རྩོམ་འཆལ་སྤེལ་མཁན་སྤྲུལ་སྐུ་དབང་ཆེན་སོགས་ཡོད། འཇམ་ནོར་གྱིས་དེང་སྐབས་འཁྲབ་སྟོན་གཞན་ཞིག་འཁྲབ་བཞིན་ཡོད་པ་གཞི་རིམ་ནང་ཤེས་རྟོགས་མེད་པ་འདྲ། ཉེ་བའི་ཆར་ཁོ་པས་ཨ་རིར་བདེ་ཆེན་སྤྲུལ་སྐུ་དང་མཉམ་དུ་བརྒྱབ་པའི་འདྲ་པར་དེ་འདྲ་མངོན་མེད་ཀྱི་ཐོག་ནས་སྤྱི་ཚོགས་ནང་འགྲེམ་བཞིན་ཡོད་པ་དང་། དེ་རིང་ཁོང་ཚོའི་གཏམ་འཆལ་མང་དག་ཅིག་ཆེན་པོ་བཟོ་བའི་ཆེད་དུ་རྩོམ་ཡིག་ནང་འཁྱེར་ཡོང་བ་སོགས་ཀྱི་སྣང་ཚུལ་འདིས་དངོས་གནས་ཁོ་པས་དེང་སྐབས་ཅི་ཞིག་བྱ་རྩིས་ཡོད་མེད་ལའང་དོགས་པ་མང་པོ་བྱེད་དགོས་པ་འདུག་སྙམ། ས་ལུ་སྒར་གནང་བའི་བཀའ་སློབ་ནང་༸གོང་ས་མཆོག་ནས་གང་ཉིད་ལ་ལས་འགན་ཞིག་ཡོད་ཅེས་གསུངས་ཡོད་པའི་བཀའ་སློབ་ཀྱི་ཚིག་ལ་སྙད་དེ་སྐུ་དབང་ད་དུང་བཟུང་ཡོད་ཚུལ་གྱི་འཁྱོག་བརྗོད་བྱས་ཡོད། ང་ཚོས་མཚམས་འདི་ནས་ཕྱི་ལོ་ ༢༠༡༡ ལོར་བསྐྱར་ཞིབ་ཅིག་བྱས་ན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༠ དང་ཚེས་ ༡༧ སོ་སོར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རེ་གཟའ་ཉི་མའི་གཏམ་གླེང་ལེ་ཚན་ནང་ཁོ་པས་༸གོང་ས་མཆོག་གིས་སྐུ་དབང་ཆ་ཚང་ནས་དགོངས་པ་ཞུ་བ་ད་ལྟ་ཏོག་ཙམ་མགྱོགས་དྲག་པ་དང་། མ་མཐའ་ཡང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་གོ་གནས་བཞེས་དགོས་པ་སོགས་བརྗོད་པ་མ་ཟད། ང་ཚོ་ལམ་སང་ཨ་རི་ལྟ་བུ་དམངས་གཙོ་གཙང་མའི་ལམ་ལ་ཕེབས་ན་རྙོག་དྲ་ཡོང་ཉེན་ཡོད་ཚུལ་སོགས་བཤད་ཡོད་པ་དེ་དག་རྟིང་བརྗེད་དུ་ཕྱིན་ཡོད་པ་འདྲ། གལ་ཏེ་སྐབས་དེ་དུས་ཁོ་པས་བཤད་པ་བཞིན་གོ་གནས་ཅུང་ཟད་ཅིག་བཞེས་ཡོད་ན་དེ་རིང་ཁོ་པས་དེ་ཆོས་ཅན་དུ་བཙུགས་ཏེ་གང་བྱུང་བརྗོད་རྒྱུ་ཡིན་པ་གསལ་པོ་རེད། དེ་རིང་ཁོ་པར་ཆོས་ཅན་འགོད་རྒྱུ་མ་རག་པས་ས་ལུ་སྒར་གྱི་བཀའ་སློབ་ནང་ནས་”ང་ལ་ལས་འགན་ཞིག་ཡོད་”ཅེས་པ་དེར་སྙད་དེ་ལོག་འགྲེལ་གང་འདྲ་བྱེད་ཀྱི་མི་འདུག་གམ། ཁོ་པ་ད་བར་འགན་ཁྲི་འཁུར་མྱོང་མེད་པས་དེ་རིང་ཁོས་འགན་ཁྲིའི་གོ་དོན་མ་རྟོགས་པ་ཡིན་གྱི་རེད། མདོར་བསྡུས་ཏེ་བཤད་ན་ཁོ་པས་ད་བར་བྱས་པའི་ལས་ཀར་དམིགས་ཡུལ་ཆེན་པོ་གསུམ་ཡོད་པ་ནི། བོད་མི་རིགས་ཀྱི་འཐབ་རྩོད་ཐོག་འགན་འཁུར་གཅིག་ཀྱང་བླངས་མི་དགོས་པ། རང་བཙན་འཐབ་རྩོད་པའི་མིང་གྲགས་ཡོད་པ། འཚོ་གནས་ལ་དཀའ་ངལ་མེད་པ་བཅས་ཀྱི་ཐོག་ནས་མི་ཚེ་སྐྱིད་པོ་ཞིག་བསྐྱལ་ཡོད། ད་ནི་ཁོ་པས་དོན་དངོས་ཐོག་རང་བཙན་འཐབ་རྩོད་པ་ཞིག་གི་འགན་ཁྲི་ག་ཚོད་ཁུར་ཡོད་མེད་ལ་བསྐྱར་ཞིབ་ཅིག་བྱེད་པའི་དུས་ལ་བསླེབས་འདུག་གོ།།
ཡོད་ཞུ་རྒྱུར་དང་། འཇམ་དབྱངས་ནོར་བུ་ཞེས་པའི་མི་ངན་འདིས་དེ་སྔ་ནས་ད་བར་དུ་བཙན་བྱོལ་ནང་ཁུལ་དུ་དཀྲུག་ཤིང་རྒྱག་འདོད་ཀྱི་ངན་བྱུས་དང་སྦྱོར་བ་ཕྱིན་ཅི་ལོག་པ་སྤེལ་བ་ནི་བགྲངས་ཡུལ་ལས་འདས། ནམ་རྒྱུན་ཁོ་པ་རང་བཙན་འཐབ་རྩོད་པ་ཞིག་ཡིན་བཅས་འུར་རྒྱག་གི་ཡོད་རུང་དོན་ངོ་མ་ཁོ་པའི་རང་བཙན་རྩོད་སྟངས་དེ་ནི་ངོ་མ་ཡ་ཚན་དགོས་པ་ཞིག་རེད། ལྷག་པར་དུ་ཡང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་སྲིད་སྐྱོང་གིས་མཚན་ནས་ཕུལ་བ་དེའི་རྐྱེན་རྩ་བྱས་ཏེ་ཁོ་ལ་སྙིང་ནད་ཆེན་པོ་ཞིག་ཕོགས་ཡོད་པར་ཉེར་ཆར་ཁོས་བྲིས་པའི་ལོག་རྩམ་དེ་ཚོར་གཟིགས་དང་རང་མདོག་དམར་རྗེན་མ་མངོན་པར་བྱས་མི་འདུག་གམ།
ད་དུང་ཁོ་པའི་ལོག་རྩམ་ནང་དུ་བློ་སེང་ནི་༸གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་ཡིན་ནམ་ཞེས་ཟུར་ཟ་དང་། ༸གོང་ས་མཆོག་གི་ང་བོད་མི་ཞིག་ཡིན་པའི་ཆ་ནས་འགན་ཡོད་བཅས་པའི་བཀའ་སློབ་དེར་ཁོ་པའི་ལོག་བཤད་གང་འདྲ་བྱས་འདུག་གམ། ནམ་རྒྱུན་ཁོས་བཤད་རྒྱུར། ང་ཚོ་དགྲ་བོ་དང་ལྷན་དུ་ནམ་ཡང་གནས་ཐབས་མེད་ཚུལ་དང་། གཞུང་འབྲེལ་ཐོག་ནས་རྒྱ་མི་རིགས་མི་མང་དང་འབྲེལ་བ་གནང་སྐབས་ཙམ་ལ་ཡང་ཁོ་པའི་རྒོལ་གཏམ་སྤེལ་བ་ཉུང་ཉུང་ག་ལ་ཡིན། ཡིན་ཡང་དེང་སང་ཡ་ཚན་དགོས་པ་ཞིག་ལ། རྒྱ་དམར་དང་ཐད་ཀར་ངན་པ་ལག་འབྲེལ་བཟོ་མཁན་དོ་རྒྱའི་རྗེས་འབྲངས་པ་དང་ལྷན་དུ་འགྲོགས་འདྲིས་ཡོད་པའི་པར་རིས་དྲ་ལམ་དུ་ཁྱབ་བཞིན་པ་འདིའི་འཇམ་ནོར་གྱིས་འཁྲབ་སྟོན་གང་ཡིན་གོ་བ་བྱས་མི་འདུག་གམ། མདོར་ན་འཇམ་ནོར་གྱིས་རང་བཙན་འཐབ་རྩོད་ནི་ལོ་རྒྱུས་ཡི་ན་ས་ཞིག་ལས་བྱུང་བས་ནང་ཁུལ་གྱི་འཐབ་རྩོད་ཞིག་ལས་མི་རིགས་ལ་ཞེན་པས་འཐབ་རྩོད་གཅིག་མིན་པར་རིམ་བཞིན་སྤྱི་ཚོགས་ནང་དུ་གསལ་གྱི་མི་འདུག་གམ།
འབྲོང་དཀར་ལག་གི་འབྲེལ་བ་ཞེས་པ་དེ་ཤུ་ལྡན་རྟེན་མི་ཉམས་པར་རྒྱབ་པ་དང་སྐད་ཆ་བཤད་པ་ཙམ་ལ་དགོས་དགོས་ན་་དེ་དངོས་ཡོད་ཡིན་པ་http://www.jamyangnorbu.com/blog/2013/05/07/highest-peaks-to-lowest-gutters/འཇམ་ནོར་ཁོང་རང་ནས་ཀྱང་བཤད་འདུག།
དྲ་གྲོགས་རྣམས་པ་ཚོ་གཟིགས་དང་། འབྲོང་དཀར་ལགས་ཀྱི་རྩོམ་ཡིག་འདིར་རིན་ཐང་གང་ཡང་ཡོད་པ་ཤིག་ལ་དངོན་མི་ཐོབ། རྒྱུ་མཚན་ནི་སྨྱུག་མིང་འོག་ཏུ་གབ་སྡོད་བྱེད་མཁན་ཞིག་གི་རྩོམ་ཡིག་ལ་ཡར་རེད་དང་མར་རེད་ཟེར་དགོས་དོན་གང་ཡང་མ་མཐོང་། དེ་ལས་སྤུན་ཟླ་རྣམས་པ་དང་དྲ་གྲོགས་ཕན་ཚུན་མཐུན་ལམ་བྱ་དགོས་པ་དེ་གལ་གནད་ཤིན་དུ་ནས་ཆེ་བ་ཤིག་ལ་ངོས་འཛིན་དང་། གལ་སྲིད་རྩོམ་པ་པོ་རང་ཉིད་ཀྱི་རྩོམ་ཡིག་དེར་ཡིད་ཆེས་དང་། དྲང་བདེན། རྒྱུ་མཚན་ཡང་དག་ཅིག་ཡོད་པ་ཡིན་ན། སྨྱུག་མིང་བེད་སྤྱོད་གཏན་ནས་བྱ་མི་སྲིད། དེ་དོན་དགོངས་འཇགས་ཡོད་པ་ཞུ།
འབྲོང་དཀར་ལགས་ཀྱིས་ཉམས་ཞིབ་ཡག་པོ་གནང་འདུག ད་དུང་མུ་མཐུད་དུ་ཉམས་ཞིབ་བྱེད་རྒྱུར་རེ་བ་ཡོད། འཇམ་ནོར་དོར་རྒྱལ་དང་འབྲེལ་བ་ཡོད་མེད་ནི། སྐབས་སུ་བབ་པའི་ངོ་སྤྲོད་བྱེད་དགོས་པར་མ་མཐོང་། འོན་ཀྱང་མཆན་འགོད་མཁན་ཁ་ཤས་ཤིག་གིས་ཨུ་ཚུགས་བྱེད་པར་བདེན་དཔང་བྱས་པ་ཡིན་ན་འཇམ་ནོར་ཡར་འཇོག་བྱེད་རྩིས་ཡིན་ནམ་ཁྱི་སྤྱང་ངན་འབྲེལ་བྱེད་རྩིས་ཡིན། དེ་ལ་ལན་ཐོབས་དང་ཀུན་སློང་གང་འདྲ་ཡིན་མིན་དྲ་གྲོགས་རྣམ་པས་རྟོགས་ངེས། ཁ་གསལ་ན་བཤད་བདེ་ནམ་ལངས་ན་འགྲོ་བདེ། དེ་ཡང་གལ་ཆེ་བར་འདུག
བོད་པ་ཚོ་ཆིལ་སྒྲིག་གནང་རོགས། རང་དབང་ཡིན་ན་འདྲ་རང་བཙན་ཡིན་ན་འདྲ་། ང་ཚོ་ཚང་མར་འཐབ་བརྩོད་བྱས་པའི་དབང་ཚད་འདྲ་མཉམ་དུ་ཡོད་པས་བཀའ་དང་ལུང་གི་ནུས་པས་གནོད་ཤུགས་སྤྲོད་ན་སྤྲོད་མཁན་དེ་རྒྱལ་བའི་བཀའ་དགོངས་དམངས་གཙོ་ལ་ནུས་མེད་བྱེད་པའི་དགྲ་བོ་བྱས་སྟངས་ཞིག་མཐོང་གི་འདུག དེས་ན་ནང་འཕྲུག་གི་ལས་གཞི་ལྷ་སྲས་རྒྱ་ལོའི་ཤུགས་ཅན་ལྡན་པ་རང་རེད། རྒྱ་མོ་དང་མཉེན་སྒྲིག་བྱས་ནས་དགྲ་བོའི་དམིགས་ཡུལ་བཞིན་གམ་པ་མདུན་སྤོ་བྱེད་བཞིན་པའི་ལྷ་སྲས་ཁོའི་རྒྱབ་ན་ལང་ཆོལ་ཁའི་མིང་འཁྱེར་ཀླད་སྟོང་ཨ་འཇིག་སོགས་མི་ཉུང་བ་ཞིག་ཡོད་པ་གྲགས། ཤུགས་ཚད་འདི་ད་དུང་ཡང་སྐུ་སྒེར་ཚང་དང་སྒྲིགས་འཛུག་ནང་གྲ་ལོག་མངའ་རི་སོགས་ཀྱི་བེད་སྦྱོད་བྱས་བཞིན་པ་མཐོང་།
འབྲོང་དཀར་པོའི་རྩོམ་ཡིག་འདི་རིན་ཐང་ཆེན་པོ་ལྡན་པར་ངོས་འཛིན་ཞུ། ད་དུང་དུས་ཚོད་བྱུང་ན་རྒྱབ་སྐྱོར་མཚོད་བྱེད་དུ་མཆན་བུ་ཞིག་ངེས་པར་དུ་འབྲི་འདོད་ཡོད།
འབྲོང་དཀར་ལགས།
ཁྱེད་ཀྱི་འབྲི་བའི་རྩོམ་ནང་འཇམ་ནོར་ལགས་ཤུག་ལྡན་དང་འབྲེལ་བ་ཡོར་སྐོར་གསུང་འདུག་པའི་དེ་ལ་བདེན་དཔང་ཡོད་ཚེ་ངེས་པར་ཐེར་བསྟོན་བྱེད་དགོས། བྱེད་ཐུབ་ན་ཁྱེད་རང་དཔའ་བོ་ཡིན་ལ་ཁྱོད་རང་གི་འཇོན་ཐང་ཡང་ཐོང་ཐུབ།
གལ་སྲིད་ཁྱེད་ཀྱི་བཤད་པ་དེ་རྒྱག་རྫུན་ཡིན་ཚེ་ཁྱོད་ནི་གོང་གི་འདྲ་གྲོགས་གའི་གསུང་པ་ལྟར་རང་མིང་ཡང་བཀོད་མི་ཐུབ་པའི་ཁྱི་རྒན་ཞིག་ཡིན།
མི་ཁག་ཅིག་གིས་ཡེ་རྡོར་ཟེར་བ་དེ་གླེང་ཡོང་གི་འདུག དོན་ལ་ཡེ་རྡོར་ནི་དགག་རྩོམ་འབྲི་བར་ཆེད་བསྐོས་ཀྱི་ཚོགས་ཆུང་ཞིག་རེད། འབྲོང་དཀར་པོའང་དེ་འདྲ་ཞིག་ཡིན་པ་མིན་འགྲོ། དེ་མ་གཏོགས་རང་མིང་ཡང་འགོད་པར་སྐྲག་མཁན་ཞིག་གིས་སྐད་ཆ་ག་ཚད་ཅིག་དྲང་པོར་ལབ་མིན་ནམ་ལངས་ལངས་ཉི་མ་ཤར་ཤར་རེད།
གལ་སྲིད་ནང་ཆོས་དད་པ་ཡོད་མཁན་ཞིག་གིས་འཇམ་ནོར་གྱི་རྩོམ་ཀློག་པ་ཡིན་ན། དོགས་སློང་ཙམ་རེད་ལ། ཐུགས་ཕན་གསོ་བར་ལོ་ལགས་སོ་བརྒྱ་ལས་ཕན་པའང་གསལ་བོ་རེད། ཡིན་ནའི། སྙིགས་མའི་དུས་སླེབས་ཤག ཁ་ཡག་ངོ་བསྟོད་ལས་མཁོ་མཁན་མི་འདུག
རང་མིང་དངོས་སུ་སྨོས་མི་ནུས་པའི་འབྲོང་དཀར་པོ་ཟེར་བ་ཁྱོད་མིག་ཆེ་ཙམ་འདང་ནས་༼http://www.rangzen.net/rangzen-facts/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%A2%E0%BD%84%E0%BC%8B%E0%BD%96%E0%BD%99%E0%BD%93%E0%BC%8D-%E0%BD%96%E0%BD%91%E0%BD%BA%E0%BD%93%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A3%E0%BC%8B/༽འདི་ཀློགས་དང་དེ་ནས་ཁྱོད་ཀྱིས་འཇམ་ནོར་ལགས་རང་བཙན་འཐབ་རྩོད་པ་ཡིན་མིན་ཤེས་ཀྱི་རེད།
འབྲོང་དཀར་པོས་ངོ་མ་ཡག་པོ་བྲིས་འདུག གནད་ལ་འཁེལ་བ་དང་། བསྒྲུབ་བྱེད་རྣོ་བའི་རྩོམ་ཡིག་འདི་འདྲ་མང་ཙམ་སྤེལ་ན་ལུང་དང་རིགས་པའི་དཔྱད་བསྡུར་ཡིན་པས་དགེ་མཚན་ཆེ་བར་མཐོང་།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོ་རང་གིས་མི་ལོ་ལྔ་བཅུའི་རིང་གི་བོད་དོན་འཐབ་རྩོད་དང་། བོད་རང་བཙན་སྐོར་ལ་བྲིས་པའི་དཔེ་ཚོགས། མི་རིགས་དང་རྒྱལ་ཁབ་ཆེད་བཞག་པའི་བྱས་རྗེས་ཅི་ཡོད་སོགས་ངོ་སྤྲོད་གནང་ཐུབ་ན་ཡག་པོ་འདུག
དེ་མིན་འཇམ་ནོར་ལ་བརྒྱ་ཆ་སྤྲོད་སྟངས་མི་ཤེས་པས། འཇམ་དབྱངས་ནོར་བུ་ཡང་དག་ཏུ་བསྒྲུབ་མཁན་ཚོས་ཁུངས་ལུང་ལྡན་པའི་ཁོ་རང་གི་བྱས་རྗེས་རེ་ངོ་སྤྲོད་གནང་རོགས།
འདི་ནི་ཟུར་ཟ་སོགས་གང་ཡང་མིན། ངོ་མ་ཤེས་འདོད་པ་ཞིག་ཡིན་ཐུགས་རྗེ་གཟིགས།
འཇམ་ནོར་ལ་དགག་བཞག་བྱས་པའི་དབྱིན་བོད་ཀྱི་རྩོམ་ཡིག་མང་པོ་བཀླགས་པ་ཡིན་ཏེ་རྩོམ་ཡིག་འདི་འདྲ་བ་དེ་སྔར་མ་མཐོང་། གནས་ལུགས་ཀྱི་རྗེས་སུ་གནས་ལུགས་དྲངས་འོང་བའི་རྩོམ་འདི་འདྲ་ཀློག་ན་ངོ་མ་སྐྱིད་པོ་འདུག
ལྷག་པར་དུ་དོལ་ཚོགས་ཀྱི་སྐོར་དེ་ཚོ་ང་ཚོས་ཞིབ་ཚགས་པོས་དཔྱད་པ་བྱེད་པའི་ས་བོན་ལྟ་བུ་བསྐྲུན་འདུག
འདི་དབྱིན་ཡིག་ཤེས་མཁན་ཞིག་གིས་དབྱིན་བསྒྱུར་བྱས་ཏེ་འཇམ་ནོར་ལ་གཅིག་བསྟན་ན་ཁོས་ལན་མི་ཐེབས་ཐག་ཆོད་རེད།
འབྲོང་དཀར་པོ་ལགས། རྩོམ་ཡིག་འདི་འདྲ་སྤེལ་བ་ཐུགས་རྗེ་ཆེ། སླད་དུའང་འདི་འདྲ་བའི་རྩོམ་ཡིག་མང་པོ་སྤེལ་བའི་རེ་བ་དང་། ཉམས་ཞིབ་ཡག་པོ་གནང་ཐུབ་པའི་སྨོན་འདུན་ཞུ།
ཡ་མཚན་རེད། དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་སྟོན་ལ་ཕེབས་མཁན་དེ་ཚོ་སྒོ་ཁྱི་མ་ཡིན་པ་ཇི་ལྟར་བསྒྲུབ་ཐུབ་བམ།
མདོ་རྩ་བོད་དང་བོད་མི་རིགས་ཀྱི་ལས་དབང་འདི་ཆོས་ལུགས་ཀྱི་དད་ཞེན་ལ་སྦྱར་ནས་ནང་འཁྲུགས་རྒྱགས་དགོས་ན་དཔེ་བསགས་པ་རེད་དོ། མི་རིགས་ཀྱི་བླ་བཙོང་བ་ཞིག་ཡིན་ན་ལྷ་དཀར་ནག་ལ་ཁྱད་པར་མེད་མཐའ་གཅིག་ཏུ་རྒོལ་རྒྱུ་ཡིན།
རྩོམ་འདི་མགོ་མ་གཏོག་བཀླགས་མེད། ཆོས་ལུགས་ཀྱི་དད་ཞེན་གྱི་སེམས་འཚོར་ཙམ་ལས་བོད་དང་བོད་མི་རིགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་དཔྱད་གླེང་ཞིག་རེད་མི་འདུག། འདི་རིགས་ལ་གནས་ལུགས་རྒྱུ་མཚན་དྲངས་ནས་བགྲོ་གླེང་བྱེད་རྒྱུའི་སྒོ་ཕྱེ་ཡོད་པ་མ་རེད།
“གཞུང་འཛིན་”དང་”གཞུང་འཛིན་ལམ་ལུགས་”ཟེར་བ་སོགས་ནི་མང་གཙོའི་རིང་ལུགས་ནང་གི་རྒྱལ་ཁབ་སྐྱོང་སྟངས་ཀྱི་ཐ་སྙད་རེད། ཐ་སྙད་དེ་རྣམས་དེ་སྔའི་༼ ཞིང་བྲན་ལམ་ལུགས་༽དགའ་ལྡན་ཕོ་བྲང་ལ་སྦྱར་ས་གང་ནས་འགྲོ འཇམ་དབྱངས་ནོར་བུས་བཤད་པ་དེའི་འགག་རྩ་སྲིད་སྐྱོང་གི་མཚན་དེ་མི་མང་གི་འོས་འདེམས་ཤིག་གི་ལམ་ནས་མ་གཏོགས་བཀའ་བློན་ཁྲི་པ་ཙམ་ལ་བཏགས་ཆོག་མིན་དེ་གཅིག་རེད། གཉིས་ནས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡུལ་མིའི་རང་བཞིན་གྱི་བཅའ་ཁྲིམས་ཡིན་མིན་ལ་དོགས་སློང་བྱས་ཤིང། མགོ་རྙོག་ཅན་གྱི་བཅའ་ཁྲིམས་བྱས་བཀོད་ཡོད་པ་རེད། གཙོ་བོ་དེ་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གྱི་རྒྱུན་དང་མང་གཙོའི་ཀ་བ་གསུམ་གྱི་དབང་ཚད་ཀྱི་ཁྱབ་ཚད་ལྗིད་མཉམ་ཏག་ཏག་ཅིག་བཅའ་ཁྲིམས་ནང་ཐོན་དགོས་ན་རྩ་བའི་ཆ་ནས་འགྱུར་བ་ཞིག་བཏང་ན་མ་གཏོགས། མིང་རེ་འགའ་བརྗེ་བོ་བརྒྱབས་པས་ཡོང་གི་མི་འདུག་ཟེར་གྱི་ཡོད་པ་རེད། དེ་ལྟར་བྱས་ན། ད་གཟོད་ང་ཚོས་སྲིད་སྐྱོང་གི་གནས་བབ་གསལ་བཟོ་ཐུབ་པ་མ་ཟད། གྲོས་ཚོགས་ལམ་ལུགས་དབུས་སུ་བཞག་པའི་སྒྲིག་འཛུགས་སམ་གཞུང་གི་རྣམ་པ་ཇེ་བཏོད་དུ་འགྲོ་ངེས་རེད་ཅེས་བཤད་འདུག་བསམས། དེས་ན་འབྲོང་དཀར་པོའི་དུམ་བུ་གཉིས་པ་དགྲ་ནུབ་ནས་བཞག་སྟེ་གླུད་ཤར་དུ་འཕངས་བ་དང་མི་འདྲའམ། ཞིབ་ཚགས་བཤད་ན་མང་པོ་འདུག་པས་སྟབས་བདེ་ཙམ་ཡིན།།
འབྲོང་དཀར་པོ་ལགས་ཀྱིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་དྲིན་བྱས་དྲིན་དུ་གོ་དགོས་པའི་ལེགས་བཤད་དམར་རྗེན་མ་ཞིག་སྨས་འདུག་མོད།གཡམ་རྒྱུག་ཁོ་ནར་དགའ་བའི་དྲྭ་འབུ་དག་གིས་ལེགས་བཤད་འདིའི་ཁ་ཕྱོགས་གང་ཞིག་ཏུ་འཁྲིད་མིན་འཕྱང་མོ་ཉུག་གོ། དྲྭ་འབུ་དག་ཕུད་པའི་གཟུར་གནས་བློ་ལྡན་དག་ལ་རེ་བ་ཞིག་ཡོད་པ་ནི་དྲང་མོ་དྲང་བཞག་དང་གཡོ་སྲོལ་མ་འདྲེས་པའི་ངང་ནས་བདེན་པ་བདར་རྒྱུ་དེའོ།། བོད་རྒྱལ་ལོ།།
འབྲོང་བུ་སོག་ཚ་ལ། ཁྱད་པར་ཡོད་མེད་ཁྱེད་རང་སྟེང་ནས་མ་ཤེས་པ་རེད་མ་གཏོགས། གྲོས་མཐུན་དོན་ཚན་བཅུ་དང་དབུ་མའི་ལམ་ལ་ཁྱད་པར་གནམ་ས་ཡོད། དོན་ཚན་བཅུ་བདུན་གྱིས་འབྲི་ཆུའི་ཚུར་ཕྱོགས་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་རེད། ཁམས་དང་ཨ་མདོའི་སྐད་ཆ་རྗེས་ནས་རེད། དབུ་མའི་ལམ་གྱི་རྩ་བའི་དམ་བཅའ་ཆོལ་གསུམ་བོད་རིགས་ཡོངས་ཡིན་ལ། དེའི་བཤད་བྱའི་ནང་གཙོ་ཕལ་དང་སྔ་གཞུག་གི་གནས་ཚུལ་གང་ཡང་མེད་པར། ཤི་ན་གསོན་ན་སྐྱིད་ན་སྡུག་ན་མཉམ་ཤི་མཉམ་གསོན་ཡིན། གཞན་ཞིབ་ཆའི་ཐོག་མི་འདྲ་བ་མང་པོ་ཡོད། རྒྱ་ནག་དང་ཁ་གཏད་སྐབས་ཀྱང་མི་འདྲ་བ་མང་པོ་ཡོད། དེ་རྣམས་ལ་རང་ངོས་ནས་སློབ་སྦྱོང་ཡག་པོ་བྱས་རྗེས་གཏམ་བཤད་ན་ལོས་དགའ་བསམས།། དེ་མིན་ཁོར་ཡག་བཙོག་པ་བཟོ་རོགས་རེད།།་དགོངས་དག།
མི་མང་པོ་ཞིག་གིས་ཚོར་གྱི་ཡོད་མེད་མི་ཤེས་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་པ་འཕྲིན་ལས་ལ་སྒྲོ་སྐུར་བྱེད་ས་ཞིག་རག་ཐབས་ལ་ཕོ་རོག་གཏོར་མ་སྒུག་པ་བཞིན་སྒུག་སྡོད་བྱེད་མཁན་གྱི་རྩོམ་པ་པོ་གཉིས་ཡོད་པ་ནི་ཡེ་རྡོར་དང་འཇམ་ནོར་གཉིས་རེད། ་་་་ཟེར།
མི་ལ་འགྱུར་བ་ཡོད་མེད་མི་ཤེས་ཀྱང་། བོད་ཀྱི་ཆབ་སྲིད་ལ་འགྱུར་བ་ཡོད་པ་གཏན་གཏན་རེད་ད། དཔེར་ན། སྔར་བོད་རང་བཙན་བཤད་ན་དཔའ་བོ་དང་། དེང་སང་བོད་རང་བཙན་བཤད་ན་དམ་ཉམས་ཀྱི་གྲལ་དུ་བཅུགས་པ་ཡིད་རེ་མུག
སྔར་ང་ཕོད་ནས་བཞག་པའི་དོན་ཚན་བཅུ་བདུན་དང་། དེང་སང་བཙན་བྱོལ་གཞུང་གིས་དབུ་ཚུག་གིས་བཏོན་པའི་དབུ་མའི་ལམ་གཉིས་ལ་ཁྱད་པར་ཅི་འདུག་ཡག་པོ་གཟིགས་ནས་དཔྱད་པ་རན་པའི་དུས་ལ་སླེབ་ཡོད།
མགོ་ནས་ཏོག་ཙམ་ལས་ཀློག་མེད།་འཇམ་གྱིས་རྒྱ་དམར་གྱིས་རྩ་ཁྲིམས་དང།་དེ་འཛམ་གླིང་ལ་བསྡུར་ནས་དཔྱད་རྩོམ་གནང་ཡོད་དམ། ང་ཚོས་རྒྱ་དམར་གྱིས་འཛམ་གླིང་ལ་བརྫུན་གཏམ་བཤད་པའི་རྫུན་རྐུབ་བཏོན་མ་ནུས་པ ར་ལྷག་ནས་ཡོད་པར་སེམས།
འཇམ་ནོར་དང་དོལ་རྒྱལ་ཚོགས་པ་མཉམ་འབྲེལ་ཡིན་སྐོར་བྲིས་འདུག གནད་དོན་འདི་ཁུངས་མེད་ལུང་མེད་ཀྱི་ལབ་བརྡོལ་སྤེལ་བ་མིན་ངེས་རེད། གང་ཡིན་ཟེར་ན། བོད་ཀྱི་དུས་བབ་ལས་ཁུངས་ནས་བསམ་ཚུལ་འདི་ལ་བདག་སྤྲོད་བྱེད་རིན་ཡོད་པ། ཁུང་ལུང་ཡོད་པ་ཞིག་ཏུ་མཐོང་ནས་སྤེལ་ཡོད་རྒྱུ་རེད། དེར་བརྟེན་དྲ་ཐོག་འདི་རང་དུ་དཔང་བརྟག་འདོན་རོགས་ཞུ་གི་ཡོད། དེ་ནས་ང་ཚོས་འཇམ་ནོར་ལ་ག་རེ་བྱེད་དགོས་ས་འདུག་ལྟ་ཆོག་གི་རེད་བསམ་གྱི་འདུག
སྣང་བ་འགྲོ་བའི་ཚིག བོད་མི་ཚང་མས་འདི་སྐྱོར་རོགས།།
“སྒོ་ཁྱི་བདེ་ཆེན་སྤྲུལ་སྐུ།” སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི། འདི་བཀའ་སྤྱི་གཉིས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་དུ་བེད་སྤྱོད་གནང་རོགས།།
སྒོ་ཁྱི་དང་བཀྲས་མཐོང་ཚང་གི་སྲས་སྐུ་ཞབས་གཉིས་ཀྱི་པར་ག་བ་འདུག