ཕྱི་ཟླ་ ༦ ཚེས་ ༡ ཉིན་སུད་སིའི་རི་ཀོན་བོད་ཡིག་སློབ་གྲྭ་ལོ་ངོ་ ༣༠ འཁོར་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད་འདུག
གནས་ཚུལ་བཏང་འབྱོར་ལྟར་ན། ཡུལ་དེའི་ཕྱི་ཚེས་ ༡ ཉིན་གྱི་ཆུ་ཚོད་ ༡།༣༠ སྟེང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་དང་། བོད་པའི་བདེན་དོན་འཐབ་རྩོད་ཆེད་ཚེ་སྲོག་ཤོར་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་བཅས་ཞུས་ཡོད་འདུག
གནས་ཚུལ་གཏོང་མཁན་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་ཀྱིས་བརྗོད་པར། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་སུད་སིའི་སྐུ་ཚབ་དོན་གཅོད་ལགས་སྤྱི་ཟུར་ཁག་ཅིག རི་ཀོན་དགོན་པའི་དགེ་འདུན་པ་དང་ས་གནས་གཞན་དག་གི་བོད་ཡིག་སློབ་གྲྭའི་འགན་འཛིན་རྣམ་པ། སློབ་ཕྲུག་གི་ཕ་མ་དང་སྐུ་མགྲོན་བཅས་མི་ ༣༠༠ ཙམ་འདུ་འཛོམས་བྱུང་ཡོད་འདུག
རི་ཀོན་བོད་ཡིག་སློབ་གྲྭའི་འགན་འཛིན་དགའ་ཞི་ཐུབ་བསྟན་ལགས་དང་རི་ཀོན་ཚོགས་ཆུང་གི་འཐུས་མི་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་གཉིས་ཀྱིས་སློབ་གྲྭའི་ཐོག་མའི་རྒྱབ་ལྗོངས་ལོ་རྒྱུས་དང་དམིགས་ཡུལ་ངོ་སྤྲོད་གནང་པའི་ནང་། སློབ་གྲྭ་དབུ་འཛུགས་འགན་འཁུར་གནང་མཁན་བུད་དབང་ངག་དབང་བྱང་ཆུབ་ལགས་དང་རྟགས་པ་པ་སངས་དབང་འདུས། ཚེ་འདས་དགའ་ཆོས་འཇམ་དཔལ་རབ་ཡང་ལགས་བཅས་ཀྱིས་འདས་པའི་ལོ་ངོ་ ༣༠ རིང་བོད་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་ཕྱག་རྗེས་རླབས་ཆེན་བཞག་ཡོད་པར་བསྔགས་བརྗོད་གནང་ཡོད་འདུག
དེ་ནས་སུད་སི་རྒྱལ་ཡོངས་བོད་ཡིག་སློབ་གྲྭ་ཁག་ ༡༥ སློབ་མ་མཉམ་འཛོམས་ཀྱིས་གཞས་དང་སྐོར་བྲོ། བོད་སྐད་ཡིག་སྐོར་གྱི་གཏམ་བརྗོད་སོགས་འཁྲབ་སྟོན་ཞུས་ཡོད་འདུག
གནས་ཚུལ་ནང་སློབ་གྲྭའི་ཐོག་མའི་བྱུང་རིམ་བཀོད་པ་ལྟར་ན། རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་༧གོང་ས་མཆོག་གཙོས་པའི་བོད་མི་ཆིག་འབུམ་ལྷག་རྒྱ་བལ་འབྲུག་གསུམ་ནང་སྐྱབས་བཅོལ་དུ་འབྱོར་རྗེས། ༧གོང་ས་མཆོག་དང་བོད་གཞུང་གི་དབུ་ཁྲིད་རྣམ་པས་སུད་སིའི་དབུས་གཞུང་དང་། རྒྱ་གྲམ་དམར་པོའི་ཚོགས་པ་སོགས་ལ། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཁག་ཅིག་སུད་སིར་གཞིས་ཆགས་སུ་ངོས་བཞེས་ཡོང་བའི་འབོད་སྐུལ་ཞུས་འབྲས་སུ་ ༡༩༦༣ ལོའི་ནང་བོད་མི་གང་འཚམ་སུད་སིར་གཞིས་ཁོངས་སུ་འབྱོར་ཡོད་པ་དང་། ལོ་ཤས་རྗེས་བོད་རིགས་ཤེས་ལྡན་པ་ཁག་ཅིག་གིས་དང་བླང་ཐོག་སོ་སོའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཆེད། ༡༩༨༣ ཟླ་ ༤ ཚེས་ ༡༥ ཉིན་ཐོག་མར་བོད་ཕྲུག་ ༧ ཙམ་ལ་བོད་ཡིག་སློབ་འཁྲིད་གནང་མགོ་བཙུགས་ཡོད་འདུག ད་ལྟའི་ཆར་སློབ་གྲྭར་སློབ་ཕྲུག་ ༢༩ ཡོད་པ་དང་། བོད་དགེ་བསམ་མདོ་བྱམས་པ་ལགས་ཀྱིས་རེས་གཟའ་ཉི་མ་འཆར་ཅན་ལྟར་ཆུ་ཚོད་གཅིག་རེར་སློབ་འཁྲིད་གནང་གི་ཡོད་འདུག
དེང་སྐབས་སུད་སི་རྒྱལ་ཡོངས་སུ་སྐྱབས་བཅོལ་བོད་མི་སྡོད་ཡུལ་གྱི་ས་གནས་ཁག་ཏུ་བོད་ཡིག་སློབ་གྲྭ་ ༡༥ ཙམ་ཡོད་པ་དང་། དེ་དག་ནང་ཁྱོན་སློབ་ཕྲུག་ ༣༠༠ ཡས་མས་ཤིག་ཡོད་འདུག