དེ་རིང་ཞོགས་པར་རྒྱ་ནག་ཅི་ལིན་ཞིང་ཆེན་ཏེ་ཧྥི་གྲོང་ཁྱེར་གྱི་བཤས་རྭ་ཞིག་ཏུ་གློ་བུར་འབར་གས་དོན་རྐྱེན་བྱུང་ཏེ་ཉུང་མཐར་མི་ ༦༡ རྐྱེན་ལམ་ཤོར་ཡོད་འདུག
ཞིན་ཧྭ་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པ་རྒྱ་ནག་གི་ཆུ་ཚོད་ ༦ ཙམ་ལ། རྒྱ་ནག་ཅི་ལིན་ཞིང་ཆེན་ཏེ་ཧྥི་གྲོང་ཁྱེར་གྱི་བྱ་རིཊ་བཤས་རྭ་ཞིག་ཏུ་འབར་གས་དོན་རྐྱེན་བྱུང་ཆེན་པོ་ཞིག་བྱུང་བ་དང་མཉམ་དུ་མེ་སྐྱོན་ཤོར་ཡོད་པ་དང་། བཤས་རྭ་དེར་བཟོ་ལས་པ་ ༡༢༠༠ ལྷག་ཡོད་པ་འདུག དེ་མ་ཐག་མེ་གསོད་རླངས་འཁོར་མང་པོ་བསླེབས་ཏེ་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་མེ་ཡོངས་སུ་བསད་ཐུབ་ཡོད་ཀྱང་། བཤས་རྭ་དེར་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་མ་ཟད། ཉུང་མཐར་མི་གྲངས་ ༦༡ རྐྱེན་ལམ་དུ་ཕྱིན་བ་དང་། མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག
ཉེན་རྟོག་པས་བརྗོད་པ་ལྟར་ན། དོན་རྐྱེན་དེ་རླངས་རྫས་ཕྱིར་ཤོར་བ་ལས་བྱུང་བ་ཡིན་སྲིད་ལ། དེ་ལྟར་ཡིན་ན་དུས་ཡུན་ངེས་མེད་ནང་ཡང་བསྐྱར་འབར་གས་དོན་རྐྱེན་འབྱུང་སྲིད་སྟབས། ཉེན་ཟོན་ས་ཚིགས་རྒྱ་ཆེ་རུ་གཏོང་དགོས་པ་མ་ཟད། བཤས་རའི་ཉེ་འཁོར་གྱི་རྨི་ ༡༠༠༠ ཙམ་གྱི་སར་ཡོད་པའི་མི་མང་རྣམས་གནས་སྤོར་དུ་འཇུག་དགོས་ལུགས་བརྗོད་འདུག