སྐུ་ཞབས་དཔལ་འབྱོར་ཚེ་རིང་ལགས་ནི། ༡༩༨༢ ལོར་མདོ་སྨད་མང་རའི་དགོ་རཱ་སྡེ་བར་སྐྱེས་ཤིང་། ཕ་ཡུལ་དུ་སློབ་གྲྭ་རིམ་པར་འགྲིམས་རྗེས་ ༢༠༠༠ ལོར་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་། དེའི་རྗེས་སློབ་གྲྭ་ནས་ཐོན་ཏེ་ངྷ་སའི་ཉེ་འཁོར་གྱི་གྲྭ་ཚང་ཞིག་གི་མ་བྱན་ཡང་བྱས་མྱོང་ཡོད་འདུག ༢༠༠༢ ལོར་ཕྱིར་ཕ་ཡུལ་དུ་ལོག་རྗེས་ཕྱི་རྒྱལ་བ་ཚོར་ཡུལ་སྐོར་སྣེ་ཤན་པ་བྱས་ཏེ་བོད་ཀྱི་ས་ཁུལ་གང་སར་ཕྱིན་ཡོད་འདུག ཉེ་ལམ་ཁོང་ལས་དོན་ཞིག་གི་ཆེད་ཨ་རིར་ཕེབས་ཡོད་པ་དང་བསྟུན་ཏེ། གསར་འགོད་པས་ཁོང་ལ་ཡུལ་ལུང་འདྲ་མིན་བརྒྱུད་པའི་ཉམས་མྱོང་དང་། ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཁྱེད་རང་ཨ་རིར་ཕེབས་དོན་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ངས་ཕ་ཡུལ་དུ་ལས་ཀ་བྱེད་བཞིན་པའི་སྐབས་ཞིག་ལ་ཨ་རིའི་ཀོ་ལོམ་བྷི་ཡ་སློབ་ཆེན་( Columbia University ) གྱིས་བོད་ནང་གི་ཡུལ་སྐོར་ལས་རིགས་ཐད་ཀྱི་མི་སྣ་སྐོར་ཞིག་ལ་སྐྱེས་ཁམས་ཡུལ་སྐོར་( Ecotourism) ཞེས་པའི་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་པ་ཐོས་སོང་། ངས་དེའི་སྐོར་རྩད་གཅོད་བྱས་ཏེ་ད་ལོའི་ཕྱི་ཟླ་ ༢ པའི་ནང་ལ་ཐོ་འགོད་བྱས་པ་ཡིན། མཐར་མི་ ༩ བསྡུ་ལེན་བྱས་པའི་གྲས་སུ་གོ་སྐབས་ཐོབ་སྟེ་ཕྱི་ཟླ་ ༣ ཚེས་ ༥ ཉིན་འདིར་སླེབས་པ་ཡིན། ཨ་རིར་སླེབས་རྗེས་ཀོ་ལོམ་བྷི་ཡ་སློབ་ཆེན་གྱིས་ང་ཚོར་ཉིན་ ༡༣ རིང་སློབ་སྦྱོང་དང་བལྟ་སྐོར་སོགས་ཀྱང་གོ་སྒྲིག་གནང་འདུག
དྲི་བ། ཨ་རིའི་སློབ་སྦྱོང་རྫོགས་རྗེས་ཕྱིར་བོད་ནང་ལོག་འཆར་ཡོད་དམ།
ལན། དང་པོ་ཨ་རིར་ཡོང་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྐབས་ནས་ཨ་རིའི་ནང་སྡོད་ཐབས་ཤིག་འགྲིག་ན་བསམ་སོང་། རྒྱུ་མཚན་ནི་བོད་མི་ཞིག་ལ་མཚོན་ན་བོད་ནང་ནས་ལས་ཀ་བྱེད་རྒྱུ་ཉིན་རེ་བཞིན་དཀའ་ངལ་ཇེ་ཆེ་རེད། ལྷག་པར་དུ་༢༠༠༨ ལོ་ནས་བོད་ཀྱི་ས་ཁུལ་དུ་ཡུལ་སྐོར་བ་འགྲོ་སྐྱོད་ཐད་ལ་དམ་དྲག་ཆེ་རུ་ཕྱིན་སོང་། རྒྱ་གཞུང་ལ་ངོ་རྒོལ་ཡར་ལངས་བྱུང་བའི་ས་ཁུལ་མང་པོ་ཞིག་ལ་ཕྱི་རྒྱལ་ཡུལ་སྐོར་བ་གཏན་འགོག་བྱས་ཡོད་པ་རེད། དེའི་རྐྱེན་གྱིས་ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་ཚོར་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་འདུག མཚམས་རེར་ཕྱི་རྒྱལ་ཡུལ་སྐོར་བ་ཁ་ཤས་འཁྲིད་རྒྱུ་རག་ཀྱང་རྒྱ་གཞུང་གི་བདེ་སྲུང་མི་སྣས་ང་ཚོ་སྐོང་འགུག་བྱས་ཏེ། ཕྱི་རྒྱལ་བ་དེ་ཚོ་གང་ནས་ཡིན་པ་དང་། ལས་ཀ་ག་རེ་བྱེད་མཁན་ཡིན་པ། ཁྱེད་རང་གིས་ཁོ་ཚོར་སྐད་ཆ་ཅི་ཞིག་བཤད་པ་སོགས་འདྲི་རྩད་ཡང་ཡང་བྱས་ཏེ་འགྲོ་སྟངས་འདུག་སྟངས་མི་ཤེས་པ་བཟོས་ཡོང་གི་འདུག ད་ཐེངས་གནས་སྟངས་མང་པོ་ཞིག་ལ་སོ་སོས་བསམ་བློ་བཏང་། གྲོགས་པོ་ཚོར་སྐད་ཆ་དྲིས་དེ་ལྟར་བྱས་ཏེ་ཕ་ཡུལ་དུ་མི་ལོག་རྒྱུའི་སེམས་ཐག་བཅད་པ་ཡིན།
དྲི་བ། སྔོན་ཆད་བོད་ནང་ཡོད་སྐབས་དང་བསྡུར་ན་དེང་སྐབས་ཨ་རིར་ཚོར་བ་མ་འདྲ་བ་ག་རེ་ཚོར་གྱི་འདུག་གམ།
ལན། སྔོན་མ་བོད་ནང་རང་གི་ཉེ་འཁོར་སོགས་སུ་བོད་མི་ཚོས་དཀའ་སྡུག་དང་གཉའ་གནོན་མྱོང་གི་ཡོད་པ་མཐོང་སྐབས་སེམས་པ་ལྷོད་ལ་འབབ་ཐུབ་ཀྱི་མི་འདུག མཚམས་རེར་ཆང་རག་འཐུང་ནས་ར་བཟི་སྐབས་རང་གི་ཚོར་ཤུགས་གནོན་མ་ཐུབ་པར་སྲང་ལམ་དུ་བུད་ནས་སྐད་བརྒྱབ་པ་སོགས་བྱུང་མྱོང་ཡོད། དེ་ཚོར་རྗེས་ནས་བསམ་བློ་བཏང་ན་ཞེད་སྣང་སྐྱེས་ཀྱི་འདུག ང་རང་ལ་མཚོན་ན་སྔ་ཕྱི་མ་གཏོགས་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པ་ངས་ཧ་གོ་གི་འདུག དེ་དག་གནས་སྟངས་མང་པོ་ཞིག་གི་དབང་གིས་ཕྱིར་ཕ་ཡུལ་དུ་མི་ལོག་རྒྱུའི་ལམ་ཁ་འདི་མི་འདེམས་ཀ་མེད་བྱུང་སོང་། ཨ་རིར་སླེབས་རྗེས་མི་དེ་ཚོའི་སྣེ་ལེན་དང་འདྲ་མཉམ་གྱི་མཐོང་འཇོག་སྟངས་སོགས་ཀྱིས་ང་ལ་བཤད་མ་ཤེས་པའི་ཚོར་བ་ཞིག་སྤྲད་སོང་། ཕ་ཡུལ་ནས་རྒྱའི་གྲོང་ཁྱེར་དུ་ཕྱིན་ན་རྒྱ་མི་ཚོས་ང་ཚོའི་གདོང་པ་དང་རྣམ་འགྱུར་ལ་བལྟས་ཏེ། བོད་མི་ཡིན་པ་ཤེས་ན་མཐོང་ཆུང་ཁྱད་གསོད་བྱེད་ཀྱི་འདུག ཨ་རིའི་ནང་ས་ཆ་གང་དུ་ཕྱིན་ཡང་ཡུལ་མི་ཚོ་དང་འདྲ་མཉམ་རེད། ང་ལ་ཁྱོད་བོད་པ་རེད་ཟེར་ནས་དབྱེ་འབྱེད་བྱེད་མཁན་ཞིག་བྱུང་མ་སོང་།
དྲི་བ། ཁྱེད་རང་ཚུར་མགྲོན་འབོད་བྱེད་མཁན་གོ་ལོམ་བྷི་ཡ་སློབ་ཆེན་རེད། སློབ་གྲའི་ངོས་ནས་ཁྱེད་རང་ཨ་རིར་སྡོད་གཏན་འཁེལ་བར་དགག་བྱའམ། ཡང་ན་ཐོག་མ་ནས་ཕྱིར་ལོག་དགོས་པའི་གན་རྒྱ་འདྲ་བཞག་ཡོད་དམ།
ལན། དང་པོ་བོད་ནང་ནས་ཚུར་མ་ཡོང་སྔོན་ལ་ཨ་རིར་སྡོད་ཆོག་གི་མ་རེད་ཟེར་བ་དང་། ཚུར་ལོག་དགོས་ཀྱི་ཡོད་ཟེར་བའི་སྐད་ཆ་དེ་འདྲ་གང་ཡང་ཡོད་པ་མ་རེད། ཨ་རིར་འབྱོར་སྐབས་ཀྱང་སྡོད་ཆོག་མིན་སྐོར་ལ་སློབ་གྲྭའི་ངོས་ནས་ཅི་ཡང་བཤད་མ་སོང་། ཉེ་ཆར་ང་རང་འདིར་འདུག་གཏན་འཁེལ་རྗེས་སློབ་གྲ་ནས་ཡི་གེ་ཞིག་འབྱོར་སོང་། ཡི་གེ་དེར་ཁོ་ཚོས་ཕྱིར་ཕ་ཡུལ་དུ་ལོག་ན་ཡག་པོ་ཡོད་པ་རེད་ཅེས་བཤད་འདུག ངས་ད་སྔ་དམིཊ་བསལ་གྱི་ལན་ཅང་སྤྲད་མེད། ཡིན་ནའང་ང་རང་ཕྱིར་ལོག་རྒྱུ་མིན་པའི་རྒྱུ་མཚན་སྐོར་ཁོང་ཚོར་གསལ་བོར་ཞུ་དགོས་བསམ་བསྡད་ཡོད།
དྲི་བ། རྒྱ་གར་ནས་ཕྱིར་ལོག་སྟེ་ཡུལ་སྐོར་སྣེ་ཤན་གྱི་ལས་ཀ་བྱེད་མཁན་ཚོར་རྒྱ་གཞུང་གི་ལྟ་རྟོག་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་ཞིག་གོ་སོང་། ཁྱེད་རང་ལ་དེ་འདྲའི་དཀའ་ངལ་རིགས་འཕྲད་མྱོང་ཡོད་དམ།
ལན། རྒྱ་གར་ནས་ཕ་ཡུལ་དུ་ལོག་མཁན་ཚོ་རྒྱ་གཞུང་གིས་གསལ་བོ་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་བོད་ནང་གི་ས་ཁུལ་ཚང་མ་གཅིག་པ་མ་རེད། དབུས་གཙང་ཁུལ་དུ་རྒྱ་གར་ནས་ཡོང་མཁན་ཚོས་ཡུལ་སྐོར་གྱི་ལས་ཀ་བྱེད་ཆོག་གི་མི་འདུག་ཟེར། ༢༠༠༨ ལོ་ནས་ཀན་སུའུ་དང་མཚོ་སྔོན་སོགས་སུ་ཡང་དམ་དྲག་ཆེ་རུ་ཕྱིན་ཏེ། རྒྱ་གར་ནས་ལོག་མཁན་ཚོར་དམིགས་བསལ་ལྟ་རྟོག་ནན་པོ་བྱས་ཐོག འདྲི་གཅོད་ཡང་ཡང་བྱེད་ཀྱི་ཡོད་པ་མ་ཟད། འཛིན་བཟུང་བཙོན་འཇུག་ཀྱང་བྱེད་ཀྱི་འདུག དཔེར་ན་ང་རང་གི་གྲོགས་པོ་སྣེ་ཤན་པ་ཞིག་ལ་དམག་མིའི་རླངས་འཁོར་ལ་པར་བརྒྱབ་པ་རེད་ཅེས་འཛིན་བཟུང་བྱས་ཏེ། ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། མཚམས་རེར་ཕྱི་རྒྱལ་བ་ཁ་ཤས་ཀྱིས་ཀྱང་རང་ཉིད་སུ་ཡིན་དང་ལས་དོན་ངོ་མ་སྦ་གསང་བྱེད་པ་སོགས་ཀྱིས་ང་ཚོར་དཀའ་ངལ་མང་པོ་སྤྲད་མྱོང་ཡོད། དཔེར་ན། ངས་ཐེངས་གཅིག་ཧྥ་རན་སུ་ནས་ཡིན་པའི་ཡུལ་སྐོར་བ་ཞིག་ལ་སྣེ་ཤན་བྱས་པ་ཡིན། རྗེས་སུ་ཤེས་གསལ་ལྟར་ན་ཁོ་བོ་ཧྥ་རན་སིའི་ཉིན་རེའི་གསར་ཁང་ཞིག་གི་གསར་འགོད་པ་རེད། རྗེས་སུ་བདེ་སྲུང་མི་སྣས་ང་ལ་དཀའ་ལས་མང་པོ་བཟོས་སོང་། ཡིན་ནའང་ངས་ཁོང་ཚོར། ལས་ཀ་འདི་ང་རང་ཚོའི་འཚོ་བའི་ཆེད་དུ་བྱེད་ཀྱི་ཡོད་པ་མ་གཏོགས་གཞན་ཅི་ཡང་ཤེས་ཀྱི་མེད་ཅེས་ལབ་ཀྱང་། རྒྱ་མིའི་ལས་བྱེད་དེ་ཚོར་གནས་ལུགས་བཤད་ས་རྩ་བ་ནས་ཡོད་པ་མ་རེད། ང་ཚོས་ཡུལ་སྐོར་བ་སྣེ་ཤན་བྱེད་སྐབས། ས་གནས་འདི་ལ་འགྲོ་ཆོག་དང་འདི་ལ་འགྲོ་མི་ཆོག་ཅེས་བརྡ་ལན་གསལ་བོ་ཡོད་པ་མ་རེད། དེ་རིང་ས་ཁུལ་ཅིག་ཏུ་གནད་དོན་ཞིག་བྱུང་ཡོད་ན་གློ་བུར་དུ་ས་གནས་དེར་ཡུལ་སྐོར་བ་བཀག་འགོག་བྱེད་པ་དང་། ཡང་མཚམས་རེར་རྒྱ་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ས་ཁུལ་གང་ཞིག་དུ་ཡུལ་སྐོར་བར་སྒོ་ཕྱེས་ཡོད་ཚུལ་བཤད་ཀྱང་། ས་གནས་དེར་དངོས་སུ་འབྱོར་སྐབས་བདེ་སྲུང་མི་སྣས་ཕྱིར་འཕུད་གཏོང་གི་འདུག དེ་ནི་རྒྱུན་ལྡན་ལྟ་བུ་ཡིན་སྟབས་བོད་མི་ཡུལ་སྐོར་ལས་བྱེད་ཚོར་མཚོན་ན་དཀའ་ངལ་ཆེ་ཤོས་ཤིག་རེད། ང་ཚོས་དུས་རྒྱུན་ཕར་ཚུར་སྐད་ཆ་བཤད་སྐབས་ཀྱང་། ད་ལས་ཀ་གཞན་པ་བཙལ་ན་མ་གཏོགས་ལས་ཀ་འདིས་རང་ཁ་ཡང་གསོ་ཐུབ་རྒྱུ་ཁག་པོ་ཆགས་ས་རེད་ཅེས་བཤད་ཀྱི་ཡོད། ལྷག་པར་དུ་རྒྱ་གར་ནས་ལོག་མཁན་ཚོར་ནམ་རྒྱུན་ལྟ་རྟོག་བྱས་ཏེ། ཁོ་ཚོའི་སེམས་ནང་རང་བཞིན་གྱིས་དངངས་སྐྲག་དང་དཀའ་ངལ་ཞིག་ཡོད་པ་རེད། ཐ་ན་སྲང་བར་ན་གློག་ཀླད་ཞིག་འཁུར་འགྲོ་གི་ཡོད་པ་མཐོང་ན་ཡང་འཛིན་བཟུང་བྱེད་ཀྱི་འདུག
དྲི་བ། བོད་མི་སྣེ་ཤན་པ་ཚོར་ཁྲིམས་མཐུན་གྱི་ལག་འཁྱེར་ཐོབ་ཀྱི་ཡོད་མེད་དང་། རྒྱ་གཞུང་གིས་རྒྱ་མི་ཡུལ་སྐོར་ཆེད་སྦྱོང་བ་མང་པོ་བོད་ཀྱི་ས་ཁུལ་དུ་བཏང་སྟེ། བོད་མི་སྣེ་ཤན་པ་ཚོ་ལས་མེད་ཆགས་ཀྱི་ཡོད་པ་གོ་རྒྱུ་འདུག དོན་ངོ་མ་གང་འདྲ་ཡིན་ནམ།
ལན། སྣེ་ཤན་པ་ཚོར་ཁྲིམས་མཐུན་གྱི་ལག་ཁྱེར་ཐོབ་པར་ཡིག་རྒྱུགས་སྤྲོད་དགོས་རེད། ཡིག་རྒྱུགས་འཕྲོད་དེ་ལག་ཁྱེར་རག་པ་ཡིན་ན་ས་ཆ་གང་དུ་ཕྱིན་ཡང་འདྲ་མཉམ་རེད། དབུས་གཙང་ཁུལ་དུ་ཡིག་རྒྱུགས་ཀྱི་ཆ་རྐྱེན་གཙོ་བོ་མཐོ་སློབ་ཀྱི་ལག་ཁྱེར་དགོས་ཀྱི་འདུག་ཟེར། མཚོ་སྔོན་དང་ཀན་སུའུ་སོགས་སུ་རྒྱུགས་གཞི་རྒྱ་ཡིག་ནང་ལ་མ་གཏོགས་མེད། ༢༠༠༥ ལོར་ཐེངས་གཅིག་བོད་ཡིག་ནང་ཡིག་རྒྱུགས་ལེན་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་སོང་། སྐབས་དེར་ང་ཡིག་རྒྱུགས་དེར་ཐོ་འགོད་བྱས་ཡིན། ཁོ་ཚོས་རྒྱུགས་ལེན་སྟངས་དེ་དངོས་གནས་ཁྱད་མཚར་རེད། ཡིག་རྒྱུགས་བོད་ཡིག་ནང་ལ་སྤྲོད་ཆོག་ཟེར་ཡང་། རྒྱུགས་ཤོག་ནང་གི་དྲི་བ་ཁག་རྒྱ་ཡིག་ནང་བཟོས་འདུག ལན་བོད་ཡིག་ནང་བརྒྱབ་ཆོག་ཅེས་འཁོད་འདུག རྒྱ་ཡིག་ཤེས་མཁན་ཞིག་མིན་ན་རྒྱུགས་སྤྲོད་ནང་ཞུགས་ཐབས་མི་འདུག རྒྱ་མི་སྣེ་ཤན་པ་དེ་ཚོ་གཞུང་གིས་སྦྱོང་བརྡར་སྤྲད་དེ་བོད་ནང་ལ་བཏང་བ་ཡིན་མིན་མི་ཤེས་མོད། དེང་སང་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ཡུལ་སྐོར་སྣེ་ཤན་ལས་རིགས་ལ་ཧ་ཅང་མཐོང་ཆེན་བྱས་ཏེ་ཆེད་སྦྱོང་བྱེད་མཁན་མང་པོ་འདུག དེར་བརྟེན། བོད་ཀྱི་ས་ཁུལ་ཁག་ཏུ་ཡིག་རྒྱུགས་ལེན་སྐབས། རྒྱ་ནང་ནས་རྒྱ་མི་སྟོང་ཕྲག་མང་པོ་འབྱོར་ཡོང་གི་རེད། སྲིད་གཞུང་གིས་ལག་ཁྱེར་ཡོད་མེད་ཐོག་དམ་དྲག་བྱས་ཡོང་དུས། བོད་མི་ལག་ཁྱེར་མེད་མཁན་ཚོའི་ལས་ཀ་རང་བཞིན་གྱིས་ཤོར་འགྲོ་བཞིན་ཡོད། རྒྱ་མི་དེ་ཚོ་བོད་ཀྱི་ས་ཆ་དང་ཡུལ་གོམས་སོགས་ལ་རྒྱུས་མངའ་མེད་སྟབས། ཁོ་ཚོས་ནམ་རྒྱུན་དགོན་པ་དང་གནས་ཆེན་ཁག་གི་ངོ་སྤྲོད་ཡིག་ཐོག་ན་ཡོད་པ་དེ་ཚོ་བློར་བཟུང་སྟེ་བཤད་ཀྱི་ཡོད་པ་རེད། ཡུལ་སྐོར་བ་ཚོས་དྲི་བ་གཅིག་དྲིས་ཡོང་སྐབས་ལན་འདེབས་རྒྱུ་མ་རག་སྟབས་གང་བྱུང་མང་བྱུང་བཤད་ཀྱི་འདུག ཕྱི་རྒྱལ་ཡུལ་སྐོར་བ་མང་ཆེ་བས་བོད་མི་ཚོར་ས་གནས་ཀྱི་འཚོ་བ་དང་རིག་གནས་སོགས་ལ་རྒྱུས་མངའ་ཡོད་སྟབས། བོད་མི་སྣེ་ཤན་པར་དགའ་མོས་བྱེད་ཀྱི་འདུག ཡིན་ནའང་རྒྱ་མི་ཚོས་གནས་ཚུལ་དེ་ཧ་གོ་སྟེ་ཁོང་ཚོས་ཀྱང་བོད་ལྭ་གྱོན་པ་དང་། སོ་སོར་བོད་མིང་རེ་བཏགས་ཏེ་བོད་མིའི་སྣེ་ཤན་པ་ཡིན་མདོག་བྱེད་ཀྱི་འདུག ཟི་ལིང་དང་པེ་ཅིན་སོགས་སུ་རྒྱ་མི་སྣེ་ཤན་པ་དང་སྐད་སྒྱུར་བ་ཚོས་བོད་ནང་འགྲོ་མཁན་ཕྱི་རྒྱལ་ཡུལ་སྐོར་བ་ཚོར། ངའི་ཕ་མ་གཉིས་ཀྱི་གཅིག་བོད་པ་ཡིན་ཟེར་བ་དང་། ང་རང་བོད་པ་ཡིན་ཡང་གྲོང་ཁྱེར་དུ་འཚར་ལོངས་བྱུང་སྟབས་བོད་སྐད་ཤེས་ཀྱི་མེད་ཟེར་བ་སོགས་བཤད་དེ་མགོ་སྐོར་གཏོང་གི་འདུག
དྲི་བ། བོད་ནང་གི་ཛ་དྲག་གནས་བབ་འདི་འདྲའི་འོག་བཙན་བྱོལ་ནང་དབུ་མའི་ལམ་དང་རང་བཙན་བར་རྩོད་པ་བརྒྱབ་ནས་ཉི་མ་ཕུད་ཐབས་བྱེད་ཀྱི་ཡོད་པ་འདིར་དགོངས་ཚུལ་ག་རེ་འདུག
ལན། བོད་ནང་གི་མི་མང་ཞེས་བཤད་ཁག་པོ་ཡིན་ཡང་། རང་གི་བསམ་ཚུལ་ཙམ་བཤད་ན། བོད་ནང་གི་འཐབ་རྩོད་གནང་མཁན་ཚོས་རང་བཙན་དང་དབུ་མ་ཞེས་སོ་སོའི་ལངས་ཕྱོགས་བཟུང་སྟེ་བློས་གཏོང་གནང་ཡོད་པ་རེད་བསམ་གྱི་མི་འདུག སོ་སོར་མཚོན་ན་ཡང་རྒྱ་གར་དུ་ཕྱིན་མྱོང་ཡོད་པ་རེད། ཕྱི་ནང་གཉིས་ཀའི་གནས་ཚུལ་ཕྲན་བུ་མགོ་འཚོས་པའི་ཁུལ་རེད། ཡིན་ནའང་རང་བཙན་དང་དབུ་མ་ཞེས་དབྱེ་བ་གསལ་བོ་ཤེས་ཀྱི་མེད། དེ་གཉིས་ལ་འགལ་བ་ཆེན་པོ་ཡོད་པ་ཞིག་ལ་མཐོང་གི་ཡང་མེད། ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་དེ་འདྲ་ཡོད་སྲིད་ཀྱང་། སྤྱི་ཡོངས་ནས་ངོ་རྒོལ་བྱེད་མཁན་ཚོས་བོད་སྤྱི་བའི་བདེ་སྡུག་ཆེད་བློས་གཏོང་གནང་བ་རེད། ནམ་རྒྱུན་བོད་ནང་གི་མི་མང་ཚོའི་སེམས་ལ་འཐབ་རྩོད་པ་ཚོས་བོད་ལ་རང་དབང་རང་བཙན་རྩོད་ཀྱི་ཡོད་པ་རེད་བསམ་པའི་སྣང་བ་ཞིག་ཡོད་པ་རེད་དྲན་ཡོད། རྒྱ་གཞུང་གིས་ཀྱང་བོད་མི་ངོ་རྒོལ་བ་ཚང་མར་བོད་ཁ་བྲལ་བ་( 藏独分子) ཞེས་མཐའ་གཅིག་ཏུ་རང་བཙན་རྩོད་མཁན་ལ་བརྩི་བཞིན་ཡོད་པ་རེད། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མང་པོ་ཞིག་དགོན་པ་དང་། ཞིང་འབྲོག་ས་ཁུལ་དུ་བྱུང་གི་ཡོད་པ་དེ་ཡང་རྒྱ་གཞུང་གིས་བོད་ནང་ཆོས་རིག་ཉམས་ཉེས་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེས། བོད་མིའི་རིག་གནས་དང་སྲོལ་རྒྱུན་གྱི་བྲོ་བ་ཡལ་མེད་པའི་ས་ཁུལ་ཁག་གི་བོད་མི་ཚོར་ཤུགས་རྐྱེན་ཆེ་ཤོས་ཐེབས་ཀྱི་ཡོད་སྟབས། ཁོ་ཚོས་རང་གི་དཀའ་སྡུག་མ་བཟོད་པར་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཡོད་ཅེས་ངོ་རྒོལ་གནང་གི་ཡོད་པ་རེད་དྲན་ཡོད།
དྲི་བ། བོད་ནང་གི་བོད་མི་ཚོས་རྩ་དོན་ཐོག་ཕྱག་ལས་གནང་ཕྱོགས་ཀྱི་སྙིང་སྟོབས་བློས་གཏོང་སྨྲ་མ་དགོས་པ་ཞིག་རེད། བཙན་བྱོལ་རང་དབང་ལུང་པའི་བོད་མི་ཚོས་སྤྱི་དོན་ལ་འགན་འཁུར་ཕྱོགས་ཐད་མཐོང་ཚུལ་གང་འདྲ་འདུག
ལན། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་དེར་ང་ཚོ་ཝ་ཞིན་ཊོན་ཌི་སི་ (Washington, DC)ལ་ཕྱིན་ཏེ་ཡུལ་སྐོར་གྱི་འགྲེམས་སྟོན་ཞིག་ལ་མཉམ་ཞུགས་བྱས་པ་ཡིན། དེར་བོད་མི་ཞིག་གིས་ཁོ་བོའི་ནང་ལ་སྐད་བཏང་སྟེ་ཕྱིན་པ་ཡིན། ངས་ཁོང་ལ་ཁ་ཀྱང་གསུམ་བཅུའི་དུས་དྲན་གང་འདྲ་བྱུང་མིན་དྲིས་སྐབས། ཁོ་གཉིས་གཅིག་གྱང་སྐད་འབོད་ལ་ཕྱིན་མི་འདུག ཉིན་དེར་ཁོ་གཉིས་ལ་ལས་ཀ་ཡང་མེད་ཟེར། ང་ཅུང་ཧ་ལས་སོང་། བོད་པ་ཚོར་མཚོན་ན་ཨ་རིར་འགྲོ་བ་དང་། ཨ་རིའི་ནང་སྐྱབས་བཅོལ་ཞུ་བ་སོགས་བོད་དོན་དང་ཏན་ཏན་འབྲེལ་བ་ཡོད་རྒྱུ་རེད་དྲན་གྱི་འདུག སོ་སོ་བདེ་ས་དང་སྐྱིད་ས་ཞིག་ཏུ་སླེབས་པ་ཙམ་གྱིས་རང་ཉིད་སུ་ཡིན་པ་དང་། རང་ཉིད་ཀྱི་རྒྱབ་ལྗོངས་གནས་ཚུལ་བརྗེད་པ་ཡིན་ན། དེ་ནི་ངོ་མ་ཐབས་སྐྱོ་བོ་རེད། གནས་ཚུལ་གཞན་ཞིག་ལ། ང་རང་ཕོར་ཏྲི་ལན་ཌི་( PORTLAND )དུ་བསླེབས་རྗེས་གཟའ་ཉི་མ་ཞིག་ལ་བོད་ཁང་དུ་ཕྱིན་པ་ཡིན། དེ་གའི་བོད་ཡིག་འཛིན་གྲྭའི་ཕྲུ་གུ་ཚོས་ཕན་ཚུན་སྐད་ཆ་བཤད་སྐབས་དབྱིན་སྐད་རྒྱག་གི་འདུག ཕར་བོད་སྐད་བཤད་ཀྱང་ཚུར་དབྱིན་སྐད་རྒྱག་གི་འདུག རྩ་བའི་ཁོར་ཡུག་གི་དབང་གིས་ཡིན་སྲིད། གཙོ་བོ་ཕ་མས་འགན་ལེན་མ་ཐུབ་པའི་སྐྱོན་རེད། ཕ་མ་རེ་ཟུང་གིས་ཕྲུ་གུའི་སློབ་གསོ་ལ་དོ་སྣང་ཆེན་པོ་བྱས་པའི་དབང་གིས་ཕྱི་རྒྱལ་ནས་སྐྱེས་ཀྱང་བོད་སྐད་གཙང་ཐག་ཆོད་རྒྱག་མཁན་འདུག ཕ་ཡུལ་དུ་ང་ཚོས་སྦྲགས་སྐད་མ་བཤད་ལབ་དུས་རྒྱ་མིའི་སྐད་མ་བསྲེས་ཟེར་གྱི་ཡོད། འདིར་སྦྲགས་སྐད་བཤད་དུས་དབྱིན་སྐད་དང་རྒྱ་གར་སྐད། ད་དུང་རྒྱ་མིའི་སྐད་ཀྱང་བསྲེས་ཀྱི་འདུག མདོར་བསྡུས་ན། ང་རང་འདིར་བསླེབས་སྟེ་དུས་ཡུན་ཐུང་ངུ་ཞིག་ལས་ཕྱིན་མེད་ཀྱང་། ད་སྔའི་མཐོང་སྣང་བཤད་ན་འདི་གའི་བོད་མི་ཚོས་སོ་སོའི་སྐད་ཡིག་གི་ཕྱོགས་ལ་དོ་སྣང་རྩ་བ་ནས་གནང་གི་མི་འདུག་ཅེས་བཤད་ཀྱང་མ་འོས་པ་མི་འདུག་སྙམ་པའི་ཚོར་སྣང་སྟེར་གྱི་འདུག
གསར་འགོད་པ། ཕྱོར་ཚང་འཇམ་དབྱངས།
“ཁོ་གཉིས་གཅིག་གྱང་སྐད་འབོད་ལ་ཕྱིན་མི་འདུག ཉིན་དེར་ཁོ་གཉིས་ལ་ལས་ཀ་ཡང་མེད་ཟེར། ང་ཅུང་ཧ་ལས་སོང་།” དྲི་བ་དྲིས་ལན་འདིས་ཁ་བྱང་ལ་འདི་བཀོད་ན་ལེགས་པར་མཐོང་།
ཁ་གསང་ན་གོ་བདེ། ནམ་ལངས་ན་འགྲོ་བདེ། ཟེར་བ་བཞིན། ཚེ་རིང་རྡོ་རྗེ་ལགས་སུ་ཞུ་རྒྱུར། ད་དུང་ཞེས་འབྲི་མཚམས་འཇོག་དགོས་དོན་གང་ཡིན་ནམ། ནུབ་ཕྱོགས་བདེ་བ་ཅན་དུ་སླེབས་ཚར་དུས་ཕྱིར་ངན་སོང་དུ་སྐྱེ་བ་ལེན་འདོད་མཁན་གྱི་སོ་སྐྱེས་ཤིག་གང་དུ་ཡོད། གོ་སྐབས་བྱུང་ན་བོད་མི་ཤེས་ཡོན་ཅན་ཚོ་དང་། གཞུང་ཞབས་པ་ཚོ། སྐུ་ངོ་ཚོ། སློབ་ཕྲུག་ཚོ། འཇོན་ཐང་ཅན་གྱི་གང་ཟག་སུ་གང་ཡང་ནུབ་ཕྱོགས་བདེ་བ་ཅན་དུ་བཞུགས་རྐྱང་ཡིན་པ་ལས་ཕྱིར་ལོག་པའི་གཏམ་རྒྱུད་ཉུང་ཉུང་མ་ཡིན་ནམ།
རང་དོན་སྒྲུབ་ལ་མཁས་པའི།།
བོད་མི་མགོ་བདེ་ལྕེ་བདེ།།
སྤྱི་དོན་ཁ་ལ་བྱང་པའི།།
དཔོན་པོ་ཨ་བོ་ནེ་ཙོ།།
བོད་སྤྱི་བའི་གོ་སྐབས་དང་ཁེ་ཕན་བརྒྱུད་ནས་ནུབ་ཕྱོགས་སུ་སླེབས་རྗེས། མགྲོན་ཤོག་གཏོང་མཁན་གྱི་སྦྱིན་བདག་ལ་ཁེྲལ་མེད་བྱས་ཤིང་། བོད་མི་གཞན་ལ་མ་འོངས་པར་གོ་སྐབས་དེ་འདྲ་རག་རྒྱུར་གནོད་པ་ཚབས་ཆེན་བྱས། བོད་ཕྱི་ནང་གཉིས་ཀར་འདི་འདྲ་མི་ཉུང་བ་ཞིག་འདུག
ཁོང་ཚོའི་ཁ་ནས་ད་དུང་་་་་་་་་་་་་་་་་་་
མའོའི་ཉྭ་ལུ་དེ་ཚོས་བོད་བོད་ལ་འཚོ་བ་སྐྱེལ་སྟངས་ཅིག་ཡིན་པ་འདྲ།
སྐུ་ཞབས་དཔལ་འབྱོར་ཚེ་རིང་ལགས་ཀྱིས་སྐད་ཆ་དྲང་མོ་དྲང་རྐྱང་དང་ཧ་ཅང་གལ་གནད་ཆེ་བ་མང་པོ་གསུངས་འདུག ཐུགས་རྗེ་ཆེ། རྒྱ་མི་གནས་ཤན་པ་ཚོས་བོད་པའི་རི་མཚོ་ནགས་གསུམ་དང་། དགོན་པ་སོགས་ལ་འགྲེལ་བཤད་རྒྱག་གི་ཡོད་པ་དངོས་གནས་བདེན་པ་བདེན་རྐྱང་རེད། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་ནང་དུ་རྒྱ་མོ་ལོ་གཞོན་རྐྱང་རྐྱང་གིས་བོད་པའི་ཕྱི་བ་གྱོན་ཏེ་ཧ་ཅང་བཀུས་ཉམས་དོད་པོས་ཡུལ་སྐོར་བ་ཚོར་འགྲེལ་བཤད་རྒྱག་གི་འདུག ཡིན་ནའང་ཁོང་ཚོས་ནོར་འཁྲུལ་ཅན་མང་པོ་རྒྱག་གི་འདུག་པ་མ་ཟད། ཕོ་ཏཱ་ལའི་ནང་གི་རྒྱལ་དབང་སྐུ་ཕྲེང་རིམ་བྱུང་གི་བཞུགས་ཁྲི་དང་སྐུ་འདྲ་སོགས་ལ་འགྲེལ་བཤད་རྒྱག་སྐབས་ལོག་འགྲེལ་དང་འཁྱོག་བཤད་ཧང་སང་པ་རྒྱག་གི་ཡོད་པ་ང་རང་གིས་དངོས་སུ་མཐོང་ཐོས་ཡོད།
ལན་དྲང་པོ་བརྒྱབས་ཐལ།