མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོའི་གཞི་རྩའི་གྲུབ་ཆ་གལ་ཆེན་ཞིག་ནི་འཇིཊ་ཞུམ་བྲལ་བའི་རང་དབང་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་དྲུག་བཞིའི་དུས་དྲན་སྐབས་དང་བསྟུན་ཏེ་ཨེ་ཤ་ཡཱ་གཟའ་དེབ་ཀྱིས་ ༡༩༨༩ ལོའི་དྲུག་བཞི་སློབ་མའི་ཡར་ལངས་ལས་འགུལ་གྱི་དབུ་ཁྲིད་གཙོ་བོ་སྐུ་ཞབས་ཝང་ཏན་ལགས་སུ་རྒྱ་ནག་གི་དམངས་གཙོའི་སྐོར་ལ་བཅར་འདྲི་བྱས་ཡོད་པ་ཞིག་འདིར་བོད་བསྒྱུར་ཞུས་ཡོད།

སྐུ་ཞབས་ཝང་ཏན་ལགས་ནི་རྒྱ་ནག་དམངས་གཙོའི་ལས་འགུལ་གྱི་མི་སྣ་གཙོ་གྲས་དང་དྲུག་བཞི་སློབ་མའི་ཡར་ལངས་ལས་འགུལ་གྱི་དབུ་འཁྲིད་མཁན་ཡིན། དྲུག་བཞིའི་ཡར་སྔོན་དུའང་ཁོང་གིས་ཧུའུ་ཡའོ་པང་ལ་མྱ་ངན་གྱི་ལས་འགུལ་རྩ་འཛུགས་དང་དམངས་གཙོར་རྒྱབ་སྐྱོར་གྱི་རྩོམ་ཡིག་སོགས་སྤེལ་ཏེ།  རྒྱ་ནག་གི་དམངས་གཙོའི་ལས་འགུལ་ཐད་ལ་དངོས་ཤུགས་བརྒྱུད་གསུམ་ནས་ནུས་བ་བཏོན་ཡོད་པ་རེད། དྲུག་བཞིའི་རྗེས་སུ་ཁོ་རང་ཐེངས་མང་རྒྱ་གཞུང་གི་འཇུ་བཟུང་བཙོན་འཇུག་འོག་ཚུད་དེ་མནར་གཅོད་མྱངས་ཡོད། རྗེས་སུ་ཨ་རིར་བཙན་བྱོལ་དུ་འབྱོར་རྗེས་ཧཱ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་པའི་འབུམ་རམས་པ་སློབ་ཐོན་དང་། ཐེ་ཝན་རྒྱལ་གཉེར་ཁྲུན་ཀོང་སློབ་ཆེན་དང་རྒྱལ་གཉེར་ཆིན་ཧྭ་སློབ་ཆེན། ཏུང་ཝུའུ་སློབ་ཆེན་བཅས་སུ་གདན་ཞུའི་དགེ་རྒན་ཆེན་མོའི་ཕྱག་ལས་གནང་མྱོངས་ཡོད་འདུག 

དྲི་བ།  ཧུང་ཀོང་གྲོང་ཁྱེར་རྒྱལ་གཅེས་དམངས་གཙོ་མཉམ་འབྲེལ་ལས་འགུལ་ཚོགས་པས་ད་ལོའི་ཝེ་ཡཱོན་མར་མེ་མཚན་འཛོམས་ཀྱི་བརྗོད་གཞི་ནི་༼ ཧུང་ཀོང་སྙིང་སྟོབས། རྒྱལ་གཅེས་དམངས་གཅེས།༽ཞེས་པ་དེ་རེད།  ཁྱེད་རང་གིས་༼རྒྱལ་གཅེས༽ ཞེས་པའི་ཡིག་འབྲུ་དེ་གཉིས་ལ་གོ་བ་ཇི་ལྟར་ལེན་གྱི་ཡོད།

ལན།  རྒྱལ་གཅེས་ཞེས་པ་ལ་གཞི་རྩའི་ནང་དོན་གཉིས་ཡོད།  གཅིག་ནི་མཉམ་ཞུགས་རེད། གལ་སྲིད་ཁྱེད་ལ་དེ་ལྟ་བུའི་རྒྱལ་ཁབ་ཅིག་ཡོད་ཚེ། ཁྱེད་རང་དེའི་ལས་དོན་ཁྲོད་མཉམ་ཞུགས་བྱེད་དགོས། རང་ཉིད་ཀྱི་རྒྱལ་ཁབ་ཏུ་བརྩིས་ཏེ་སོ་སོའི་བསམ་བློའི་འདུ་ཤེས་ཀྱང་དེའི་ལས་དོན་ཁྲོད་མཉམ་ཞུགས་བྱེད་དགོས། གཞན་གཅིག་ནི་ཐེར་འདོན་རེད། ཁྱེད་རང་དངོས་གནས་རྒྱལ་ཁབ་དེ་ལ་དགའ་བ་ཡིན་ན། ངེས་པར་དུ་སྐྱོན་བརྗོད་ཐེར་འདོད་བྱེད་དགོས། སྐྱོན་ཐེར་འདོན་བྱས་ན་ད་གཟོད་ཡར་རྒྱས་མདུན་སྐྱོད་ཡོད་པ་རེད། དེར་བརྟེན།  དོན་དངོས་ཀྱི་རྒྱལ་གཅེས་པ་ཚང་མ་ནི་སྐྱོན་བརྗོད་ཐེར་འདོན་བྱེད་མཁན་དག་ཡིན།  ལྟ་སྤྱོད་ཡན་གར་བ་བརྗོད་མཁན་དག་ཡིན།  སྲིད་གཞུང་གི་ཕྱོགས་ནས་ལངས་ཏེ་སྐད་ཆ་ཡག་བཤད་རྒྱག་མཁན་ཚང་མ་ནི་དོན་དངོས་ཀྱི་རྒྱལ་གཅེས་བ་མིན།

དྲི་བ། གྱ་བརྒྱད་ལོའི་མི་རབས་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན་པའི་ངོས་ཐད་ནས། ཁྱེད་རང་ཉིད་ཀྱི་རྒྱ་ནག་(ཀྲུང་གོ)རྨི་ལམ་ག་རེ་ཡིན།

ལན།  ཐོག་མར་ང་རང་རྒྱ་ནག་རྨི་ལམ་ཞེས་པའི་ཚིག་དེ་སྤྱོད་རྒྱུར་མོས་མཐུན་མེད། ངས་བསམ་ན་གཞུང་འཛིན་སྐྱོང་བྱེད་མཁན་ཞིག་གི་ངོས་ཐད་ནས་བཤད་ན།  རྒྱ་གཞུང་གུང་བྲན་ཏང་གིས་རྒྱ་ནག་ལ་ལོ་བཅུ་ཕྲག་འགའི་རིང་དབང་སྒྱུར་བྱས་པ་རེད། ད་ལྟ་ད་དུང་རྨི་ལམ་རྨིས་སྡོད་དགོས་ཀྱི་ཡོད་ན།  དེ་ལ་ཅི་ཞིག་གི་ཚོགས་པ་ཟེར་དགོས་པ་རེད།  སྤྱིར་ང་རང་ངོས་ནས་ནམ་རྒྱུན་རྒྱ་ནག་གི་དམིགས་འདུན་ཞེས་བརྗོད་རྒྱུ་ཡིན། ངའི་དམིགས་འདུན་ནི་ཡིག་འབྲུ་བརྒྱད་དེ་༼རང་དབང་དྲང་སྙོམས། བརྟན་བརླིང་འབྱོར་ལྡན།༽ ཡིན།  དེ་ནི་ང་ཚོ་དང་གུང་བྲན་ཏང་གཅིག་མཐུན་དང་འགལ་བའི་ཆ་གཉིས་ཀ་ཡོད་པའི་གནས་ཤིག་ཡིན། ངས་བསམ་ན་ང་ཚོ་དང་གུང་བྲན་ཏང་བར་གཅིག་མཐུན་རྩ་བ་ནས་མེད་པ་ཞིག་མ་རེད།  གཅིག་མཐུན་གྱི་ཆ་ནི་འབྱོར་ལྡན་བརྟན་བརླིང་རེད། ང་ཚོར་ཡང་རྒྱ་ནག་སྟོབས་འབྱོར་ལྡན་ཞིང་བརྟན་བརླིང་ཡོང་རྒྱུའི་རེ་བ་ཡོད།

ཡིན་ནའང་། ང་ཚོའི་བར་གྱི་འགལ་བའི་ཆ་ནི་རང་དབང་དང་དྲང་སྙོམས་རེད།  གུང་བྲན་ཏང་ལ་མཚོན་ནས་བཤད་ན། རང་དབང་ཡོད་ཚེ་བརྟན་བརླིང་ཡོང་མི་སྲིད་པ་དང་། དྲང་སྙོམས་བྱས་ཚེ་འབྱོར་ལྡན་ཆགས་མི་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་དེ་རིང་གི་རྒྱ་ནག་དཔལ་འབྱོར་གྱི་དར་རྒྱས་ནི་དྲང་སྙོམས་མ་ཡིན་པའི་རྨང་གཞིའི་སྟེང་བཙུགས་ཡོད་པས་རེད།  ཡིན་ནའང་། ང་ཚོའི་ངོས་འཛིན་ནི་ངེས་པར་དུ་འབྱོར་ལྡན་དྲང་སྙོམས་དང་རང་དབང་བརྟན་བརླིང་གི་སྤྱི་ཚོགས་ཤིག་འཛུགས་དགོས་ངེས་སུ་མཐོང་གི་ཡོད། དེ་ནི་ངའི་རྨི་ལམ་མ་ཡིན་པར་ངས་སྙེགས་ཀྱིན་པའི་དམིགས་འདུན་ཡིན།  ང་ཚོས་གོམ་པ་རེ་རེ་བཞིན་མངོན་འགྱུར་གྱིས་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་འཆིང་གི་ཡོད། 

དྲི་བ། རྒྱ་ནག་རང་དབང་དྲང་སྙོམས་ཀྱི་དམངས་གཙོ་ཅན་དུ་མངོན་འགྱུར་གྱི་བརྒྱུད་རིམ་ཁྲོད། ཧུང་ཀོང་ནི་རྒྱ་ནག་སྐམ་ས་དང་འབྲེལ་མེད་ལོགས་གནས་ཤིག་ཡིན་ནམ།  

ལན། རྒྱ་ནག་འདི་འདྲའི་རྒྱལ་ཁབ་ཆེན་པོ་ཞིག་དམངས་གཙོ་ཅན་དུ་མངོན་འགྱུར་བྱ་རྒྱུ་དེ་ནི།  འཛམ་གླིང་ཡོངས་དང་འབྲལ་ཐབས་མེད་པ་ཞིག་ཡིན།   ཧུང་ཀོང་དང་ཐེ་ཝན་ཚུད་པའི་འཛམ་གླིང་ཡོངས་ལ་རྒྱ་ནག་དམངས་གཙོ་ཅན་དུ་མངོན་འགྱུར་བྱ་རྒྱུའི་འགན་ཡོད། རྒྱུ་མཚན་ནི་དམངས་གཙོ་མི་ལྡན་པའི་རྒྱ་ནག་གིས་ཧུང་ཀོང་དང་ཐེ་ཝན་ལ་གནོད་པ་མ་ཟད།  འཛམ་གླིང་སྤྱི་ཡོངས་ཀྱི་ཞི་བདེ་དང་ཁེ་ཕན་ལའང་གནོན་གྱི་ཡོད།    

དྲི་བ།  ཁྱེད་ཀྱིས་ད་ལྟའི་ཧུང་ཀོང་གི་དམངས་གཙོ་དང་རང་དབང་གི་གནས་ཚད་ལ་གདེང་འཇོག་ག་འདྲ་ཞིག་གནང་གི་ཡོད།

ལན། ད་ལྟའི་ཆར་ཧུང་ཀོང་གི་རང་དབང་དམངས་གཙོ་ལ་ལྷད་སྐྱོན་ཆེན་པོ་ཐེབས་ཡོད།  མི་འགའ་ཤས་ཀྱིས་རྟ་སྔར་བཞིན་རྒྱུགས་ཐུབ་ཀྱི་འདུག བྲོ་སྔར་བཞིན་འཁྲབ་ཐུབ་ཀྱི་འདུག མི་དམངས་ཀྱིས་ངོ་རྒོལ་ཁྲོམ་སྐོར་སྔར་བཞིན་བྱེད་ཆོག་གི་འདུག  དེར་བརྟེན་ཧུང་ཀོང་གི་རང་དབང་དམངས་གཙོ་ལ་ལྷད་སྐྱོན་ཐེབས་མི་འདུག་བརྗོད་ཀྱི་ཡོད།  ངའི་བསམ་ན་སྐད་ཆ་དེའི་རིགས་བཤད་མཁན་དག་ནི་དམངས་གཙོའི་སྐོར་ལ་མ་མཐའི་རྨང་གཞིའི་གོ་རྟོགས་ཙམ་ཡང་མི་འདུག དམངས་གཙོའི་རྩ་བའི་གྲུབ་ཆ་གལ་ཆེ་ཤོས་གཅིག་ནི་འཇིགས་ཞུམ་བྲལ་བའི་རང་དབང་ཡིན། དེ་འདྲའི་རང་དབང་དེ་ཧུང་ཀོང་ནང་སྔར་ནས་མེད་པར་གྱུར་ཚར་བ་རེད། ལས་ཀ་ག་རེ་སྒྲུབ་པ་ཡིན་ནའང་མི་མང་པོ་ཞིག་ལ་སེམས་ཁྲལ་ཡོང་གི་ཡོད། རྒྱ་ནག་སྐམ་སའི་མི་འདོད་པའི་རྣམ་འགྱུར་ལ་སྐྲག་སྣང་ཡོང་གི་ཡོད།  དེ་ལྟ་བུའི་ནང་སེམས་ཀྱི་འཇིགས་སྣང་གིས་དམངས་གཙོའི་རྨང་གཞི་ཤུལ་མེད་གཏོང་བཞིན་ཡོད།  འོས་འདེམས་ཀྱི་ལམ་ལུགས་ཡོད་པ་ཡིན་ན་འདྲ།  སྨྲ་བརྗོད་རང་དབང་ཙམ་ཡོད་པ་ཡིན་ན་འདྲ། གལ་སྲིད་མི་དམངས་ཀྱི་སེམས་ནང་དུ་རང་མཐོང་བརླགས་ཏེ་བྲན་གཤིས་འབུས་མགོ་བརྩམས་ཤིང་།  རང་ཉིད་ཀྱིས་སོ་སོར་གཅིན་སྡོམ་བྱས་ཏེ་འཇིགས་སྣང་བག་འཁུམ་ཡོང་བཞིན་པ་དེ་ནི་རང་དབང་དམངས་གཙོའི་རྨང་གཞི་བརླགས་ཟིན་པའི་མངོན་རྟགས་རེད།   

དྲི་བ། རྒྱ་ནག་དམངས་གཙོ་ཅན་དུ་མངོན་འགྱུར་གྱི་གོ་རིམ་ཁྲོད། ཧུང་ཀོང་ལ་ས་གནས་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་མཐོང་གི་འདུག་གམ།

ལན།  ཝེ་ཡཱོན་མཚན་འཛོམས་ནི་ཧུང་ཀོང་གི་དམིགས་བསལ་ཁྱད་ཆོས་ཆེན་པོ་ཞིག་ཡིན། ལོ་ལྟར་དྲུག་པའི་ཚེས་ལྔ་ཉིན་གྱི་ནེའུ་ཡོག་དུས་བབ་སྟེང་དུའང་ཤུགས་ཆེན་པོས་གནས་ཚུལ་སྤེལ་གྱིན་ཡོད་ལ། དེ་ནི་ནེའུ་ཡོག་དུས་བབ་ལ་མཚོན་ན་སྲོལ་རྒྱུན་ལྟ་བུ་ཞིག་ཏུ་གྱུར་ཡོད། གནས་ཚུལ་འདིའི་ཐད་ནས་ཀྱང་འཛམ་གླིང་ཧྲིལ་པོས་ལོ་ལྟར་ཧུང་ཀོང་གི་ཝེ་ཡཱོན་མཚན་འཛོམས་ལ་མིག་གཅེར་བཞིན་ཡོད་པ་རྟོགས་ཐུབ།

དེར་བརྟེན། ངས་ཝེ་ཡཱོན་མཚན་འཛོམས་ནི་ཧུང་ཀོང་གི་ཚབ་མཚོན་ཞིག་དང་ཧུང་ཀོང་གི་སྣང་བརྙན་ཞིག་ཏུ་གྱུར་ཡོད་ཅེས་ནན་བརྗོད་བྱེད་བཞིན་ཡོད།  དེ་ནི་ཧུང་ཀོང་ཁོ་ནར་ཡོད་པའི་དམིགས་བསལ་ཁྱད་ཆོས་ཤིག་ཡིན།  རྒྱ་ནག་གི་ད་ལྟའི་ཡ་ང་བའི་གནས་སྟངས་འདིའི་འོག་ཏུའང་།  རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་མིང་ཐོག་ནས་ཧུང་ཀོང་དུ་སྔར་བཞིན་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་ཐུབ་ཀྱིན་ཡོད་ལ།  དྲུག་བཞིའི་གཞི་རྩའི་རིན་ཐང་གི་སྣང་བརྙན་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་ཡོད།  དེ་ནི་རྒྱ་ནག་གི་ས་ཁུལ་གཞན་གང་དུའང་གཏན་ནས་སྒྲུབ་མི་ཐུབ་པ་ཞིག་ཡིན།   

དྲི་བ། ཝེ་ཝན་གྱི་འདས་པའི་ཉམས་མྱོང་ལ་བལྟས་པ་ཡིན་ན། ཐེ་ཝན་ལ་ཧུང་ཀོང་ནང་བཞིན་ས་གནས་རང་བཞིན་དཔུང་ཤོག་འདུག་གམ།

ལན། ཐེ་ཝན་གྱི་ས་ཁོངས་རང་བདག་གི་ངོས་ཤེས་ནི་ཧུང་ཀོང་དང་བསྡུར་ན་ལོ་རྒྱུས་ཀྱི་གཞི་རྩ་ཆེན་པོ་དང་བག་ཆགས་ཧ་ཅང་གཏིང་ཟབ་མོ་ཡོད།  རྒྱ་ནག་སྐམ་སའི་དམངས་གཙོའི་གནས་བབ་ཐད་ཐེ་ཝན་ལ་ཧུང་ཀོང་ནང་བཞིན་གྱི་སེམས་ཁུར་ཀྱང་ཡོད་པ་མ་རེད།  རྒྱ་ནག་སྐམ་སའི་དམངས་གཙོའི་ཐད་དོ་ཁུར་མངོན་གསལ་མེད་པ་དེ་ནི་ངས་བསམ་ན་གཙོ་བོ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་རེད།   ཡིན་ནའང་། ད་ལྟའི་ཆར་རྣམ་པ་དེ་ག་ལེར་འགྱུར་བ་ཐེབས་བཞིན་འདུག  ཉེ་ཆར་ཐེ་ཝན་ཀྱི་ཤེས་ལྡན་པའི་སྡེ་ཁག་གིས་༼རང་དབང་མིའི་བསྒྲགས་གཏམ༽འདོན་སྤེལ་བྱས་ཡོད་ལ།  དམངས་གཙོ་ཡར་ཐོན་ཚོགས་པས་ཀྱང་༼མཚོ་འགག་གི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཆོད་ཡིག་ཆ༽གསལ་བསྒྲགས་བྱས་ཡོད།  ད་ལྟ་མཐོང་ཐུབ་པ་ནི་ཐེ་ཝན་ནང་དུ་ཡིན་ནའང་རྒྱ་ནག་དམངས་གཙོ་ཅན་དུ་བཅོས་བསྒྱུར་ལ་དོ་ཁུར་གྱི་མགོ་འབུས་བཞིན་པའི་སྒང་རེད། གནད་དེ་ལ་ཧུང་ཀོང་གིས་ཀྱང་ཉམས་མྱོང་ལེན་ཆོག་པ་ཞིག་རེད།

དྲི་བ། ཞིས་ལི་གཉིས་མགོ་ཁྲིད་མ་ཆགས་པའི་སྔོན་དེར་དྲུག་བཞི་དཀར་འདོན་བྱ་འཆར་ཡོད་པའི་བཤད་ཡམས་ཤིག་ཁྱབ་པ་རེད།  ད་ལྟ་ཁྱེད་ཀྱིས་བལྟས་ན་དེ་འདྲ་ཞིག་འབྱུང་སྲིད་པར་མཐོང་གི་འདུག་གམ།  

ལན། དེ་འདྲ་ཞིག་འབྱུང་སྲིད་མིན་གྱི་རེ་བ་ནི་ཀླད་ཀོར་ཙམ་དུ་མ་ཚད་ལྡོག་གྲངས་ཀྱང་འབབ་པའི་ཚད་རེད།  དཀར་འདོན་བྱེད་སྲིད་པའི་རྣམ་པ་ཙམ་ཡང་ཁྱོན་ནས་མཐོང་ཐུབ་ཀྱི་མི་འདུག  གླེང་སློང་དེ་དག་ནི་དྲ་རྒྱའི་སྟེང་གི་བཤད་ཡམས་ཙམ་རེད།  དེར་མ་ཟད་ཉེ་བའི་དུས་ཀྱི་རྒྱ་གཞུང་གི་དྲིལ་བསྒྲགས་བྱེད་སྟངས་དག་ལ་བལྟས་ན།  དེ་རིང་གི་གུང་ཁྲན་ཏང་གིས་མཐའ་གཅིག་ཏུ་རྒྱ་ནག་རིག་གསར་གྱི་ཕྱོགས་སུ་ཕྱིར་འཁྲིད་ཀྱིན་འདུག  འདི་ལྟའི་གནས་སྟངས་ཤིག་གི་འོག་དྲུག་བཞི་དཀར་འདོན་ཡོང་ཐུབ་རྒྱུ་ཕར་ཞོག ཐ་ན་གུང་བྲན་ཏང་རྒྱ་ནག་སྲིད་སྟེགས་འདིར་ཉིན་གཅིག་ལ་བསྡད་པ་ཡིན་ནའང་དེ་ལྟའི་རེ་བ་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་བཞིན་ཡོད།  ཁོ་ཚོ་མ་གཞི་ནས་མི་གསོད་ལག་དམར་གྱི་ཉེས་ཅན་པ་རྐྱང་རེད།  མི་གསོད་ལག་དམར་ཞིག་གིས་རང་མོས་ཐོག་སོ་སོ་བཙོན་དུ་འཇུག་བཞིན་པ་ཞིག་འཇིག་རྟེན་འདིར་ཧ་ཅང་མཐོང་དཀོན་པོ་རེད། དྲུག་བཞིའི་དམར་གསོད་དོན་རྐྱེན་ནི་རྒྱ་ནག་དམར་ཤོག་པས་བཟོས་བ་རེད།  རྒྱ་ནག་དམར་ཤོག་གིས་སོ་སོས་རང་ཉིད་ལ་ཁྲིམས་ཆད་གཅོད་པར་རེ་བ་ནི་དེ་ནི་ཧ་ཅང་འབྱུང་ཁག་པོའི་རྨི་ལམ་ཞིག་རེད། 

དྲི་བ། ཁྱེད་ཀྱིས་ཞི་འགྲིག་ཅེས་པའི་གླེང་ཕྱོགས་འདིར་ལྟ་སྟངས་ག་འདྲ་ཞིག་འཛིན་བཞིན་ཡོད་དམ།

ལན།  ངས་བསམ་ན། ད་ལྟའི་ཆར་ཞི་འགྲིག་གི་གནད་དོན་དེ་ང་ཚོའི་ངོས་ནས་ཕར་བཏོན་པ་ཡིན་ན། དེ་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད། རྒྱུ་མཚན་ནི་ཕྱོགས་གཉིས་བར་གྱི་སྟོབས་ཤུགས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་གནས་བབས་འོག  ཞི་འགྲིག་ནི་དུས་ནམ་ཡང་གནོད་འཚེ་ཕོག་ཡུལ་གྱི་འདོན་པར་འོས་བབས་ཡོད་པ་མ་རེད། དཔེར་ན། མི་ཀ་བས་མི་ཁ་བའི་གཅར་རྡུང་འོག་གནོད་འཚེ་མྱོང་བཞིན་ད་དུང་ཕར་མི་ཁ་བ་དེར་ང་ཚོས་ཕན་ཚུན་གྲོགས་པོ་སྒྲིག་གི་ཡིན་བརྗོད་ཚེ། འདི་ལྟ་བུའི་དགོད་བྲོ་བའི་གནས་ཚུལ་ཞིག་གནམ་འོག་ཏུ་ཡོད་སྲིད་དམ།  སྤྱིར་ཞི་འགྲིག་གི་རྨང་གཞི་ནི་དོན་དངོས་གནས་ཚུལ་གསལ་འདོན་དང་དྲང་པོ་དྲང་བཞག་གི་ཐག་གཅོད་གཉིས་ལ་ཐུག་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་སྔར་བཞིན་དྲུག་བཞིའི་དམར་གསོད་བྱ་སྤྱོད་དེ་རང་ཉིད་ཀྱི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱིན་མེད་པ་མ་ཟད། སྐབས་དེའི་དོན་དངོས་གནས་ཚུལ་རྣམས་སྤྱི་ཚོགས་ཁྲོད་སྦ་གསང་བྱས་ཏེ།  དྲུག་བཞིའི་གནད་དོན་ཐད་ཡོངས་གྲགས་ཐོག་གཏམ་གླེང་བྱེད་མི་ཆོག་པ་བཟོས་ཡོད།  དེ་འདྲའི་གནས་སྟངས་འོག་ཞི་འགྲིག་གི་རྨང་གཞི་ག་རེ་ཡོད་པ་རེད། རྨང་གཞི་གང་ཡང་མེད་པའི་གནས་བབ་འོག་ཞི་འགྲིག་གི་གནད་དོན་གླེང་བ་ཡིན་ན།  དེ་ནི་དགེ་མཚན་མེད་པའི་ཕྱོགས་གཅིག་རྐྱང་པའི་འདོད་བློ་ཙམ་མ་ཡིན་ནམ།

དྲི་བ། གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུ་ད་གཟོད་ཁྱོད་ཀྱིས་ཞི་འགྲིག་ཡོང་རྒྱུར་བསམ་བློ་གཏོང་གི་རེད་དམ།

ལན།  ང་ནི་ག་དུས་ཡིན་ཡང་བྲེལ་མྱུར་བྱེད་མཁན་ཞིག་མིན།  གཞི་རྩའི་རྩ་དོན་མ་དོར་བའི་རྨང་གཞིའི་ཐོག་ནས་སྤྱི་ཚོགས་ཞི་འགྲིག་དང་གྲོས་མོལ་གང་རུང་ཡོང་སྲིད་པ་ཞིག་རེད།  གཤམ་བཀོད་གནད་དོན་ཁག་རྒྱ་གཞུང་གིས་དངོས་སུ་ལག་བསྟར་བྱས་ཚེ་ད་གཟོད་ཞི་འགྲིག་གི་གནད་དོན་ཐད་བསམ་བློ་བཏང་ཆོག་གི་རེད།  གཅིག  དྲུག་བཞིའི་དམར་གསོད་ཆེན་མོའི་ཁྲོད་རྐྱེན་འདས་སུ་གྱུར་བ་དང་གནོད་འཚེ་ཕོག་མཁན་ཚང་མ་དཀར་འདོན་དང་གུན་གསབ་སྤྲོད་དགོས། གཉིས། ཕྱི་སྡོད་བཙན་བྱོལ་བ་དག་རྒྱལ་ནང་དུ་རང་དབང་ཐོག་ཕྱིར་ལོག་འཇུག་དགོས། གསུམ། ད་ལྟ་བཙོན་འོག་ཏུ་ཡོད་པའི་དྲུག་བཞིའི་གནད་དོན་དང་འབྲེལ་ཡོད་བཙོན་མ་ཆ་ཚང་བཙོན་གྲོལ་བྱ་དགོས།

 

ཚེ་རིང་རྒྱལ་གྱིས་བསྒྱུར།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 4

  1. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    ཉི་མ་རྒྱལ་མཚན་ལགས་ཀྱིས། སྐྱོན་བརྗོད་ཐེར་འདོན་བྱས་པ་ལེགས་པོ་འདུག སྤྱིར་སྐྱོན་བརྗོད་ཐེར་འདོན་གླེང་མཁན་ལ་སྐྱོན་བརྗོད་ཐེར་འདོན་གྱི་བསུ་མ་བྱེད་དགོས་པ་རེད། ཡིན་ནའང་། ཉི་མ་རྒྱལ་མཚན་ལགས་ཀྱིས་སྐྱོན་བརྗོད་ཐེར་འདོན་དེ་གནས་ལུགས་རྒྱུ་མཚན་གྱིས་བྲིས་མི་འདུག ཞེན་ཁོག་ཆགས་སྡང་གིས་བཙུར་འདུག དོན་གྱིས་ཕར་ལ་སྐྱོན་བརྗོད་པའི་ཟོལ་གྱིས་རང་ཉིད་ཐེར་འདོན་བྱས་འདུག་པ་ལྟ་བུ་ཞིག་ཏུ་སྣང་།
    དང་པོ། ཁོང་གིས་ “དོན་དངོས་ཀྱི་རྒྱལ་གཅེས་པ་ཚང་མ་ནི་སྐྱོན་བརྗོད་ཐེར་འདོན་བྱེད་མཁན་དག་ཡིན། ” ཞེས་པའི་ཚིག་འདི་ཟུར་དུ་བཏོན་ཏེ་དགག་འདུག དགག་སྟངས་ནི་ཚིག་གི་འབྱུང་ཁུངས་ཆ་ནས་སུང་ཀྲུང་ཧྲན་དང་རིག་གསར་སྐབས་ནས་དར་བ་སྒྲུབ་བྱེད་དུ་དྲངས། དེའི་ཞོར་ལ་བོད་ཀྱི་གཞོན་སྐྱེས་ཚོ་དྲུད། དེའི་ཐོག་ལ་ “དགག་རྒྱག་ངོ་ལོག” ་ཅེས་པའི་ཚིག་ཅིག་བཙན་གྱིས་བསྣན་རྗེས། ཤེས་ཡོན་དར་བའི་སྤྱི་ཚོགས་ཤིག་གི་གཤིས་ཀ་མིན་པར་བསྒྲུབས་ཏེ། ཡར་ཐོན་སྤྱི་ཚོགས་ནང་སྐྱོན་བརྗོད་ཐེར་འདོན་པ་ཚང་མ་རྒྱལ་གཅེས་པ་ཡིན་པར་བརྗོད་ཚེ་དགོད་བྲོ་ཡིན་པའི་བཞི་ཤད་བཀོད་འདུག
    ཁོང་གིས་འཁོར་གསུམ་སྐོར་བ་འདིའི་ནང་དུ་གནས་ལུགས་ཏོག་ཙམ་ཡོད་པའི་སྐད་ཅིག་ནི། སྐྱོན་བརྗོད་ཐེར་འདོན་པ་ཚང་མ་རྒྱལ་གཅེས་པ་ཡིན་པར་བརྗོད་ཚེ་དགོད་བྲོ་བའི་གཏམ་འདི་ཙམ་རེད། ཡིན་ནའང་། ཞིབ་ཏུ་བསམ་ཚེ་དེང་གི་འཛམ་གླིང་སྤྱི་ཚོགས་འདི་གཡོ་རྫུན་གྱིས་ལད་དེ་ཁ་དོག་ཡོད་ཚད་འགྱུར་བསྡད་ཡོད་སྟབས། ཐ་སྙད་ཀྱི་བཏགས་དོན་རྣམས་ཀྱང་འཐོར་བཤིག་ཏུ་གྱུར་ཏེ། ཐ་སྙད་རེ་རེ་ལའང་དྲང་ཕྱོགས་ལྡོག་ཕྱོགས་ཀྱི་འགྲེལ་གཉིས་རེ་རྒྱག་དགོས་བྱུང་གི་ཡོད། དེར་བརྟེན་ཁོང་གིས་བརྗོད་པའི་སྐྱོན་བརྗོད་ཐེར་འདོན་པ་ཚང་མ་རྒྱལ་གཅེས་པ་མ་ཡིན་པར་སྒྲུབ་བཞིན་པ་དེའང་ཐ་སྙད་ཀྱི་ལྡོག་ཕྱོགས་ཀྱི་གོ་བས་སྟེང་ནས་འགྲེལ་གྱི་ཡོད། རྒྱུ་མཚན་ནི་དེང་གི་སྤྱི་ཚོགས་ནང་དུ་རང་སེམས་སུ་སྐྱོན་དུ་མི་མཐོང་ནའང་དགོས་པ་དང་དམིགས་པ་ཡ་མཚན་པ་རེའི་ཆེད་དུ་བསམ་བཙུགས་ནས་སྐྱོན་དུ་བརྗོད་མཁན་ཡོང་གི་ཡོད། དོན་དངོས་ཐོག་དེ་ནི་སྐྱོན་བརྗོད་ཐེར་འདོན་མ་ཡིན་ཡང་། མི་མང་དཀྱུས་མའི་མཐོང་སྣང་དུ་སྐྱོན་བརྗོད་ཐེར་འདོན་དུ་ཚོར་ཡོང་གི་ཡོད། ཉི་མ་རྒྱལ་མཚན་ལགས་ཀྱིས་ཀྱང་ཐ་སྙད་ཀྱི་ལྡོག་ཕྱོགས་གོ་དོན་དེ་གཞིར་བཟུང་དགག་འདུག དེ་ལྟར་དགག་ན་མ་འགྲིག་པ་མི་འདུག་མོད། དེ་ནི་རང་གི་ཀུན་སློང་གིས་གཞན་གྱི་ཀུན་སློང་ལ་རྩི་བྱུགས་ཏེ་ཚོར་སྣང་ཙམ་གྱིས་དགག་སྒྲུབ་བྱས་པ་ཙམ་ལས་དོན་ལ་གནས་ཐུབ་པ་ཧ་ཅང་དཀའ་འོ། སྤྱིར་བརྡ་དོན་རང་སྟེང་གི་གོ་བ་ལྟར་འགྲེལ་ན། སྐྱོན་བརྗོད་ཅེས་པ་ནི་དངོས་ཡོད་གནས་སྟངས་ཀྱི་སྐྱོན་ཆ་ངོ་མ་དེ་བརྗོད་པ་གོ་བ་ལས། ཡོན་ཏན་གྱི་ཆ་ལ་སྐྱོན་འདོགས་བྱས་པར་གོ་མི་ཐུབ། དེར་བརྟེན་བརྡ་དོན་རང་སྟེང་གི་གོ་དོན་གྱི་ངོས་ནས་བཤད་ན་སྒྲུབ་བྱེད་དེའང་ཏག་ཏག་ཅིག་བསྡད་མི་འདུག
    གཉིས་པ་ “དམངས་གཙོའི་རྩ་བའི་གྲུབ་ཆ་གལ་ཆེ་ཤོས་གཅིག་ནི་འཇིགས་ཞུམ་བྲལ་བའི་རང་དབང་ཡིན།” ཞེས་པའི་ཚིག་ཟུར་དུ་དྲངས་ཏེ་དགག་འདུག དགག་སྟངས་ནི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁོའི་རྒྱུད་དུ་ “རང་བཞིན་ལྷན་སྐྱེས་ཀྱི་དམངས་གཙོའི་གཤིས་ཀ་ཏིལ་འབྲུ་ཙམ་ཡང་མེད་པ” རུ་བརྗོད་དེ། ཐད་ཀར་རང་གི་ཆགས་སྡང་གིས་གཞན་གྱི་མི་གཤིས་ལ་དམའ་འབེབས་བྱས་རྗེས། སླར་ཡང་ཁོ་(ཝང་ཏན) “དམངས་གཙོ་ལ་དུངས་ག་དང་རེ་སྨོན་ཤུགས་དྲག” ཡོད་པར་ངོས་ལེན་དང་སྦྲགས། ཁོའི་(ཝང་ཏན)དམངས་གཙོའི་ཐད་ཀྱི་ “སེམས་ཚོར་དང་སྙིང་སྟོབས་ཉི་ཚེ་བ” ཡིན་པར་ཕན་ཚུན་ནང་འགལ་གྱིས་སྒྲུབ་འདུག དེའི་རྒྱབ་བརྟེན་དུ་ “དམངས་གཙོའི་རྩ་བའི་གྲུབ་ཆ་གལ་ཆེ་ཤོས་ནི་གུ་ཡངས་དཀྱེལ་ཆེ།” ཡོད་དགོས་པ་དང་། “ལྟ་བ་མཁྲེགས་འཛིན་” འདོར་དགོས་པའི་སྒྲུབ་བྱེད་ཡང་དག་ཅིག་དྲངས་འདུག་མོད། དེའི་འོག་ཏུ་སླར་ཡང་ “སྒེར་གཤིས་དོར་ནས་ཕར་རོལ་བསམ་སྤྱོད་ལ་གུས་བརྩི་བྱེད་པ།” ཞེས་བསླབ་བྱའི་ཚུལ་དུ་རང་གིས་རང་ཉིད་རྡུང་བྱེད་ཀྱི་ཚིག་ཅིག་རྟ་ཤོར་ཐག་དྲུད་ཀྱི་ཚུལ་དུ་ཞོར་ལ་ཤོར་འདུག དམངས་གཙོའི་འདུ་ཤེས་ཀྱི་གཞི་རྩ་ནི་ཕན་ཚུན་འདྲ་མཉམ་གྱི་སྒེར་གཤིས་སྟེང་ནས་གྲུབ་ཀྱི་ཡོད་སྟབས། སྒེར་གཤིས་མ་དོར་བའི་ཐོག་ནས་ཕ་རོལ་བའི་བསམ་སྤྱོད་ལ་འདྲ་མཉམ་གྱི་གུས་བརྩི་བྱེད་དགོས་པ་དེ་རེད།
    དེ་ལྟར་རང་གིས་རང་གི་མགྲིན་པར་ཐག་པ་ཞིག་བརྒྱབ་རྗེས། “རང་གཞན་རོགས་གསུམ་ལ་མཐུན་སྦྱོར་དང་སྤྱི་ཚོགས་ལ་མཐུན་སྦྱོར། དམངས་ཀྱི་བསམ་ཕྱོགས་ལ་དང་ལེན་བྱེད་པ་སོགས་རེད།” ཅེས་ཀུན་སྤྱོད་ཀྱི་ངོས་ཐད་ནས་བམ་བཤད་ཅིག་བརྒྱབ་འདུག ཀུན་སྤྱོད་ཐད་ཀྱི་སྐད་ཆ་འདི་དག་ཀྱང་སྤྱིར་ཡིན་ན། སྒེར་གཤིས་མ་དོར་བར་རང་གཞན་འདྲ་མཉམ་ཀྱི་འདུ་ཤེས་ཐོག་ནས་ཡོང་དགོས་པ་ཞིག་ལས། སྒེར་གཤིས་དོར་བའི་ཤུལ་གྱི་བྲན་གཤིས་ཀྱི་ངོས་ཐད་ནས་མཐུན་སྦྱོར་ཞེས་པ་ཞིག་གླེང་རྒྱུ་ལྷག་མེད་ལ། དམངས་ཀྱི་བསམ་ཕྱོགས་ཟེར་བ་ཞིག་བཙལ་ཀྱང་རྙེད་དུ་མི་སྲིད།
    མཐའ་དོན་ཉི་མ་རྒྱལ་མཚན་ལགས་ཀྱིས་ “འཇིགས་ཞུམ་བྲལ་བའི་རང་དབང་” ནི་ “ང་རྒྱལ་དང་ཞེ་སྡང་” གིས་ཁེངས་ཡོད་ཅེས་གཞི་རྩ་མེད་པའི་གཏམ་གང་བྱུང་ཅིག་རང་སྣང་དུ་བཤད་འདུག འདི་ལྟར་གཞན་གྱི་འཇིགས་ཞུམ་བྲལ་བའི་རང་དབང་གི་ཁོག་པའི་ནང་ལ་རང་སྣང་གང་ཤར་དུ་ང་རྒྱལ་དང་ཞེ་སྡང་གི་རྡོ་ལོག་བཙན་གྱིས་འཇུག་པ་འདི་ནི་སོ་སོས་བསམ་བཞིན་དུ་རང་ཉིད་སྒེར་གཅོད་པར་སྒྲུབ་པ་དང་ཁྱད་ཅི་ཡོད། མང་ཚོགས་དཀྱུས་མ་ཞིག་གིས་ཀྱང་འདི་ལྟར་ལབ་མི་སྲིད་པས། འདིའི་ཐད་ནས་མང་པོ་ཞིག་བཤད་ན་ཚིག་ལྷག་རེད། མཐར་ “སྤྱི་ཚོགས་ཤིག་གི་ཁ་ཐུག་ནས་བཤད་ན་དམངས་གཙོའི་དྲི་མ་ཙམ་ཡང་མི་འདུག” ཅེས་གནས་ལུགས་དང་རྒྱུ་མཚན་གཅིག་ཀྱང་མ་ཤོད་པར། སྐད་གསེང་མཐོན་པོས་ “མི་འདུག” ཅེས་འུད་ཆེན་པོ་ཞིག་གིས་བཞི་ཤེད་བརྒྱབ་སྟེ་རང་སེམས་རང་གིས་གསོས་འདུག
    བོད་ཁ་བ་ཅན་གྱི་དམངས་ཁྲོད་ལ་གཏམ་ཞིག་ཡོད། “ གླེན་པས་བསྟོད་པ་ལས། མཁས་པས་སྨད་ན་ལེགས།” ཞེས་པ་ལྟར། ཉི་མ་རྒྱལ་མཚན་ལགས་ཀྱི་དགག་ལན་འདི་ནི་དེ་ལྟར་དུ་གྱུར་འདུག་ན། དེ་འདྲའི་དགག་ལན་རྒྱག་པ་ལས་མ་བརྒྱབ་ན་ཅི་མི་ལེགས།
    མཇུག་མཐར་ཞུ་འདོད་པ་ཞིག་ནི། རང་ཉིད་གོང་གི་བཅར་འདྲི་འདི་སྒྱུར་མཁན་ཅིག་གི་ངོས་ནས་ཀྱང་། ཝང་ཏན་གྱིས་དྲི་ལན་དུ་བརྗོད་པའི་བསམ་ཚུལ་ཆ་ཚང་ལ་མོས་མཐུན་དང་ལེན་མེད་མོད། ཡིན་ནའང་། རྒྱུ་མཚན་གནས་ལུགས་ལ་བསམ་རྣོ་མི་གཏོང་བར་འུ་ཅག་གི་སྤྱི་ཚོགས་འདིས་ངན་གཤིས་ལྟར། གང་དྲན་བྱུང་རྒྱལ་དུ་བརྗོད་པ་འདི་ནི་ཡག་པོར་མཐོང་མ་སོང་། དེ་བཞིན་དུ་གཞན་ཞིག་གིས་མཐོང་ན་དགོད་བྲོ་བའི་རྒྱུ་མི་འགྱུར་གྲང་།
    སྤྱིར་རྒྱ་ནག་གི་དམངས་གཙོའི་རླབས་རྒྱུན་མཐོ་ཤོས་དེ་དྲུག་བཞི་སློབ་མའི་ཡར་ལངས་ཆགས་ཡོད་ལ། ཝང་ཏན་གྱི་བསམ་ཚུལ་གྱིས་མཐའ་གཅིག་ཏུ་རྒྱ་ནག་དམངས་གཙོ་དོན་གཉེར་བ་དག་གི་བསམ་ཚུལ་མཚོན་ཐུབ་ཀྱི་མེད་ནའང་། ཁོ་ནི་དྲུག་བཞིའི་སློབ་མའི་ཡར་ལངས་སྐབས་ཀྱི་ཚབ་མཚོན་མི་སྣ་ཞིག་ཏུ་གྱུར་ཡོད་སྟབས། ཁོས་བསམ་ཚུལ་གྱིས་ད་ལྟའི་རྒྱ་ནག་དམངས་གཙོ་དོན་གཉེར་བ་དག་གི་བསམ་ཚུལ་གྱི་ཟུར་ཙམ་དང་ཁ་དོག་ཙམ་མཚོན་ནུས། ཁ་དོག་དང་ཟུར་ངོས་འདི་དག་ལ་ང་ཚོས་ངོས་ནས་ཀྱང་དོ་སྣང་དང་གཟབ་ནན་བྱ་དགོས་པར་དམིགས་ཏེ། ལས་ཞོར་དུ་བོད་སྒྱུར་གྱིས་བོད་ཡིག་ཀློག་པ་པོ་ཚོར་སྤྱན་འབུལ་ཞུས་པ་ཡིན།
    ང་ཚོས་རང་ཉིད་ཀྱི་རིམ་ཁོང་ཁོ་ན་མགོ་བཏུམ་སྟེ་རྨི་ལམ་བཏང་བསྡད་པ་ཡིན་ན། རང་གིས་རང་ཉིད་དབུགས་ཐུམ་དུ་བཅུག་སྟེ་རང་སྲོག་གཅོད་པར་འགྱུར་ངེས་ན། འཛམ་གླིང་གི་ལྟ་གྲུབ་འདྲ་མིན་བསམ་ཚུལ་སྣ་ཚོགས་ཉན་ཐོས་བྱེད་པར་གོམས་འདྲིས་བྱས་ཏེ། འཛམ་གླིང་མཐོང་ཐུབ་པ་དང་རང་ཉིད་འཚོལ་ཐུབ་པ་ཞིག་གནང་དགོས།
    སྤྱི་ཚོགས་ཁྲོད་ཞེན་ཁོག་དང་ཤོག་སྒྲིལ་གྱི་དགག་རྒྱག་མ་ཡིན་པར་གནས་ལུགས་དང་རྒྱུ་མཚན་ཀྱི་དགག་སྒྲུབ་ནི་མེད་དུ་མི་རུང་བ་ཞིག་ཡིན་སྟབས། གོང་བཀོད་ཕྲན་གྱི་བོད་སྒྱུར་བཅར་འདྲིའི་མཚོན་མི་གཞན་གྱི་ལྟ་ཚུལ་ལ་གནས་ལུགས་དང་རྒྱུ་མཚན་གྱི་དགག་སྒྲུབ་དབྱར་གྱི་ཆར་ལྟར་འབབ་རུང་ངོ་། ཡིན་ནའང་། གནས་ལུགས་དང་རྒྱུ་མཚན་གྱི་རྨང་རྡོ་ཡལ་བར་དོར་ཏེ་ཆགས་ཞེན་དང་ཤོག་སྒྲིལ་གྱི་བསམ་བློས་གང་དྲན་བྱུང་རྒྱལ་དུ་བརྗོད་པ་ནི་སོ་སོའི་སྤྱི་ཚོགས་ཀྱི་ངོ་གདོང་ལ་སོ་སོས་སྐྱག་པ་བྱུགས་པ་དང་ཁྱད་མེད་པས། སྤྱི་ཚོགས་ཀྱི་གནས་ཚད་ལ་བསམ་ནའང་རང་ཉིད་ཀྱི་ངོ་ཚ་བསམ་ཏེ་གཏམ་ལ་བག་ཡོད་གནང་རོགས་ཞུ།
    མཐར། གནས་ལུགས་རྒྱུ་མཚན་གྱི་དབྱར་ཆུ་གང་སར་བརྡོལ་ཏེ་རྨོངས་འཐོམ་བྲན་གཤིས་ཀྱི་བ་ཚྭའི་དྲི་མ་ཡོངས་སུ་འདག་པ་དང་། ཤེས་རབ་གནད་དུ་སྨིན་པའི་རིག་པའི་འོད་སྣང་ལ་བརྟེན་ནས། བཙན་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་དྲག་གནོན་འོག་ནས་ཡར་ལངས་ཏེ། འཇིགས་ཞུམ་བྲལ་བའི་རང་དབང་དམངས་གཙོའི་ལོངས་སྤྱོད་ཀྱི་ཉི་མ་འཆར་བའི་སྨོན་འདུན་དང་བཅས། ཚེ་རིང་རྒྱལ་གྱིས།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    སྐུ་ཞབས་བང་ཏན་འདི་གུང་བྲན་ཏང་ལ་མི་དགའ་ནའང། བོད་ཀྱི་སྐོར་ལ་གསུང་མི་དགོས་རྒྱུར་གཙོ་འདོན་གནང་གི་རེད། ཡིན་ནའང། ངས་བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་ན་ཁོང་ལྟ་བུའི་དམིགས་འབེན་ལ་འཐབ་རྩོད་རྒྱུན་མ་ཆད་པར་གནང་མཁན་རེ་འགའ་ཡོད་ན་བསམས་མྱོང་མོད། ཐབས་ཤེས་ཟད།

    Reply
  3. བསོད་ནམ་དགའ་བ། says:
    ལོ་ 12 སྔོན།

    རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་ཆེ་བར་ཞན་ཆ་འདི་ཡོད་ཡོད་པ་རེད། རྒྱ་ནག་གཞུང་གིས་ཁོང་ཅག་རྒྱལ་ཁབ་ཀྱི་སྲིད་དབང་ལམ་ལུགས་དེ་(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་མང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན)ཞེས་འུར་སྒྲོག་བྱེད་ཀྱིན་ཡོད་པ་ལྟར། རྒྱ་རིགས་ཤེས་ལྡན་པ་མང་པོ་ཞིག་གི་ཀླད་པའི་ནང་དུའང་འཛམ་གླིང་དམངས་གཙོའི་སྤྱི་སྲོལ་དང་མི་འདྲ་བའི་དམངས་གཙོའི་ཆར་ཡན་ཞིག་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོང་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་མིའི་རིགས་རིག་པའི་གཞུང་ལུགས་དང་མི་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་ཧམ་སེམས་ཤིག་འདུག
    རྩ་བའི་ཁོ་རང་ཚོས་རྩོད་ཀྱི་ཡོད་པ་དང་ཁོ་རང་ཚོའི་མངོན་འདོད་སོགས་ཀྱང་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཡིན་ནའང་ཤར་ཕྱོགས་པའི་རིག་གནས་རྙིང་པའི་བག་ཆགས་ཤིག་གམ། ཡང་ན་རྒྱ་ནག་དམར་ཤོག་གི་སློབ་གསོའི་ཤུགས་རྐྱེན་གང་རུང་ཞིག་གི་དབང་གིས། ཁོང་ཅག་གིས་ཤོད་ཀྱི་ཡོད་པ་དང་རྩོད་ཀྱི་ཡོད་པ་དེ་གཞན་དང་ཅུང་མ་འདྲ་བ་ཞིག་དང་། ཡང་ན་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཉིན་རེའི་ལས་དོན་དང་། རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་ལམ་ཕྱོགས་དངོས་དང་བར་ཐག་ཅིག་གམ་འགལ་བ་མང་པོ་ཡོད་པ་ཞིག་རེད།

    Reply
  4. ཉི་མ་རྒྱལ་མཚན། says:
    ལོ་ 12 སྔོན།

    རྒྱ་མི་འདི་ལ་ཧྭན་མི་རིགས་གྱི་རང་གཤིས་ཤིག་དང་རྒྱ་ནག་དམར་ཤོག་གཞུང་གི་སྒེར་གཤིས་གཉིས་ཀ་འདུག ཁོ་རང་གི་སྐད་ཆ་བཤད་དག་ལ་དགག་བྱ་གང་ཡང་མེད། ཡིན་ནའང་དོན་དག་གཉིས་ཀྱི་ཐོག་ནས་གསལ་བཤད་ཅིག་མ་བྱས་ན། བློ་ཆུང་ཤེས་དམན་འགའ་རེས་ཧོལ་རྒྱུག་ཆོམ་རྒྱག་ཡོང་མི་སྲིད་པ་མིན་པའི་དབང་གིས་བསྡུས་ཙམ་ཞུ་རྒྱུ་ཡིན།
    རྒྱ་མི་འདིའི་སྐད་ཆའི་ནང་དུ་“དོན་དངོས་ཀྱི་རྒྱལ་གཅེས་པ་ཚང་མ་ནི་སྐྱོན་བརྗོད་ཐེར་འདོན་བྱེད་མཁན་དག་ཡིན། ” ཞེས་ལབ་འདུག་པ་དེ་སྔོན་མའི་སོན་ཀྲུང་ཧྲན་གྱི་སྐབས་དང་། དེའི་རྗེས་རྒྱ་ནག་རྒྱལ་ཁབ་བཙུགས་རྗེས་རིག་གསར་སྐབས་ཡས་མས་ཀྱི་འབོད་ཚིག་ཅིག་རེད། དེའི་དབང་གིས་རྒྱ་མི་གཞོན་སྐྱེས་མང་ཆེ་བ་ཐེར་འདོན་དང་དགག་རྒྱག་ངོ་ལོག་སོགས་ལ་དགའ་མོས་ཡོད། དེའི་ཤུགས་རྐྱེན་བོད་ནང་གི་བོད་མི་གཞོན་སྐྱེས་ཚོར་ཐེབས་ཏེ་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་སྐད་བརྒྱབ་ཡོད་པ་རེད། འདི་ནི་རིག་གནས་དང་ཤེས་ཡོན་དར་བའི་སྤྱི་ཚོགས་ཤིག་གི་གཤིས་མ་མ་རེད། ལྷག་པར་ཡར་ཐོན་གྱི་སྤྱི་ཚོགས་ཞིག་གི་ནང་དུ་རྒྱལ་གཅེས་པ་ཚང་མ་སྐྱོན་བརྗོད་ཐེར་འདོན་བྱེད་མཁན་རེད་ཟེར་ཅེས་ལབ་པ་ཡིན་ན་ཧ་ཅང་དགོད་བྲོ་བོ་ཞིག་ཆགས་ཡོང་གི་རེད།
    ད་དུང་རྒྱ་རིགས་དེས་“དམངས་གཙོའི་རྩ་བའི་གྲུབ་ཆ་གལ་ཆེ་ཤོས་གཅིག་ནི་འཇིགས་ཞུམ་བྲལ་བའི་རང་དབང་ཡིན།” ཞེས་ལབ་འདུག་པ་དེ་ནི་ཁོ་རང་གི་རྒྱུད་དུ་རང་བཞིན་ལྷན་སྐྱེས་ཀྱི་དམངས་གཙོའི་གཤིས་ཀ་ཏུལ་འབྲུ་ཙམ་ཡང་མེད་པར། དམངས་གཙོ་ལ་དུངས་ག་དང་རེ་སྨོན་ཤུགས་དྲག་གིས་དེད་ཡོང་བའི་སེམས་ཚོར་དང་སྙིང་སྟོབས་ཉི་ཚེ་བ་ཞིག་རེད། དམངས་གཙོའི་རྩ་བའི་གྲུབ་ཆ་གལ་ཆེ་ཤོས་ནི་གུ་ཡངས་དཀྱེལ་ཆེ། ལྟ་བ་མཁྲེགས་འཛིན་དང་སྒེར་གཤིས་དོར་ནས་ཕར་རོལ་བསམ་སྤྱོད་ལ་གུས་བརྩི་བྱེད་པ། རང་གཞན་རོགས་གསུམ་ལ་མཐུན་སྦྱོར་དང་སྤྱི་ཚོགས་ལ་མཐུན་སྦྱོར། དམངས་ཀྱི་བསམ་ཕྱོགས་ལ་དང་ལེན་བྱེད་པ་སོགས་རེད། འཇིགས་ཞུམ་བྲལ་བའི་རང་དབང་ཟེར་བ་འདིའི་ནང་དུ་ང་རྒྱལ་དང་ཞེ་སྡང་གིས་ཁེངས་འདུག་པས་སྤྱི་ཚོགས་ཤིག་གི་ཁ་ཐུག་ནས་བཤད་ན་དམངས་གཙོའི་དྲི་མ་ཙང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese