དབུས་བོད་མིའི་སྒྲིགས་འཛུགས་ཀྱི་བཅའ་ཁྲིམས་བཙབ་རལ་བྱ་རྩིས།
སེར་སྨད་བློ་དགའ།
རྒྱ་ནག་གིས་ཆོག་ཤེས་མེད་པའི་ཐོག་ནས་བོད་ལ་ཚོད་རྩིས་བྱེད་བཞིན་པ་ལྟར། བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་ཐུབ་པའི་དབང་དུ་བཏང་ཡང་། རྒྱ་ནག་ཕྱོགས་ནས་ང་ཚོས་དབུ་མའི་ལམ་ཁས་ལེན་བྱེད་ཆོག ཁྱེད་ཚོས་ཆོས་སྲིད་ཟུང་འབྲེལ་འཇུག་བསྡུ་བྱ་ཐུབ་ཀྱི་ཡོད་དམ། ཟེར་བའི་དྲི་བ་དེ་ཡོད་ཡོད་པ་རེད་ཤག ཡང་། ༸གོང་ས་མཆོག་ལ་ཆོས་ལུགས་ཀྱི་ཐོག་ནས་དད་པ་ཞུ་ཆོག་པ་དང་ལམ་དབུ་མ་གཉིས་ཀ་ངོས་ལེན་བྱེད་ཆོག ཁྱེད་ཚོས་ཆབ་སྲིད་ཀྱི་ཐོག་ནས་༸གོང་ས་མཆོག་གི་རྗེས་སུ་མི་འགྲོ་བར་ཁས་ལེན་བྱ་ཨེ་ཐུབ་ཟེར་ན། ལན་ཆ་ཚང་ཞིག་གྲ་སྒྲིག་ལོས་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གྱི་སྔོན་གླེང་དང་གཞི་རྩའི་ལམ་སྟོན་གྱི་ནང་དོན། བཅའ་ཁྲིམས་དངོས་གཞིའི་དོན་ཚན་གསུམ་པའི་ཚིག་དོན་དང་། དོན་ཚན་ ༡༡༡ པའི་དགོངས་དོན་བཅས་ལ། བོད་ཀྱི་ཆབ་སྲིད་རང་བཞིན་གྱི་ཐོག་ནས་སྲུང་སྐྱོབ་ཧུར་ནན་བྱ་དགོས་པ་དེ་བཀའ་སྤྱི་གཉིས་ལ་ཐད་ཀར་འཁྲི་བའི་ཐུགས་འགན་ཞིག་ཡིན་གཤིས།
ཉེ་ཆར་མཚོ་སྔོན་གྱི་ས་གནས་ཁག་ཅིག་ཏུ། ༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག ཁོང་ལ་སྡིག་དམོད་བྱེད་མི་ཆོག ཆོས་ལུགས་མི་སྣ་མ་ཡིན་པའི་གཞུང་གི་ལས་བྱེད་ཚོས་༸གོང་ས་མཆོག་གི་སྐུ་པར་ སྒྲིག་གཤམ་མི་ཆོག ཆོས་སྲིད་མཉམ་བསྲེས་བྱེད་མི་ཆོག ཅེས་པའི་ཡིག་ཆ་ཞིག་རྒྱ་གཞུང་གིས་བཀྲམས་ཡོད་པར་བོད་ཀྱི་དུས་བབ་གསར་འགྱུར་དུ་ཐོན་པ་རེད། གསར་འགྱུར་དེ་དོན་དངོས་ཡིན་ན། ཆབ་སྲིད་ཀྱི་འཁྱུག་འགྲོས་དེས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལ་སྡང་ཟུག་དང་ཁྲོ་གཉེར་ཆེན་པོ་བྱེད་ཀྱིན་པ་མཐོང་ཐུབ། འདི་ནི་ཆབ་སྲིད་དང་འབྲེལ་བའི་བརྡ་སྦྱོར་ལ་རྫི་གནོན་པོས་བལྟ་སྟངས་ཤིག་ཡིན་ལ། རྒྱ་ནག་གི་ལངས་ཕྱོགས་ཐད། ཆོས་ལུགས་དང་ཆབ་སྲིད་ཀྱི་ཇུས་སྒྲིག་སོ་སོ་ནས་དགོས་པར་སྨྲ་བཞིན་པའི་ཐོག རྒྱ་ནག་ཏང་གི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཅིན་ཝེ་ཡིས། སྔོན་ཆད་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་བཏང་བའི་མགོ་ཁྲིད་རིམ་པས། ཆོས་ལུགས་ཐད་ཀྱི་སྲིད་ཇུས་ཐལ་ཆེ་ཆེན་པོ་ཕྱིན་སྟབས། བོད་ནང་གི་བོད་མི་ཚོའི་སེམས་ལ་རྨ་ཁ་དང་མ་འདོད་པ་ཤུགས་ཆེན་བཟོས་ཡོད་སྐོར་བཤད་ཡོད་པ་དེ་གནད་དོན་གཅིག་རེད། འདི་ནས་མཐོང་ཐུབ་པ་ནི། ༸གོང་ས་མཆོག་ལ་ཆོས་ལུགས་ཀྱི་ཐོག་ནས་དད་པ་བྱེད་ཆོག་ཀྱང་། ཆབ་སྲིད་ཀྱི་ཐོག་ནས་ཁོང་གི་རྗེས་སུ་འགྲོ་མི་ཆོག་ཟེར་བ་ཞིག་རང་བཞིན་གྱིས་ཐོན་འདུག་པ་དེར་བོད་ཀྱི་འགོ་མང་གཉིས་ཀར་ཚོར་བ་ཞིག་ཡོད་ལོས་དགོས།
རྒྱ་ནག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་གོང་བུ་འཐོར་ཞིག་འགྲོ་ཆེད། ༡༽ རྒྱ་ནག་གིས་འབད་བརྩོན་ཆེན་པོས་བོད་མི་མང་པོ་ཕྱིར་བོད་ནང་དུ་འཐེན་ཐབས། ༢༽ རྒྱ་ནག་རང་ཉིད་ཀྱིས་བོད་ནས་བཙན་བྱོལ་དུ་འགྲོ་བར་བཀག་སྡོམ་བྱེད་པ། ༣༽ བོད་པ་རང་ངོས་ནས་རྒྱལ་ཁབ་མི་འདྲ་བའི་ནང་བོད་མི་ཁ་གྲམ་བཞིན་པ། བཅས་ཀྱི་གནད་དོན་གསུམ་བརྟེན་ནས། ༸གོང་ས་མཆོག་དང་སྲིད་སྐྱོང་སོགས་ཕྱིར་འབྱོར་བོད་མིའི་དབུ་ཁྲིད་རྣམས་ཁེར་འབུད་བྱ་ཐབས་ཀྱི་རེ་བ་དང་ནུས་ཤུགས་གཉིས་ཀ་འདོན་བཞིན་པའི་ཐོག འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༡ ཉིན། བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱུན་ལས་དྲུང་གཞོན་གྱི་མིང་ཁྱེར་བ་པདྨ་མ་འཕྲིན་ལས་ཀྱིས། དམར་པོའི་ལས་དོན་པ་འགའ་ཞིག་དང་ལྷན་དུ་ཨ་རིར་ཕྱིན་ཏེ། བྱམས་པ་ཕུན་ཚོགས་ཀྱི་རྐུབ་སྟེགས་དེ་མིག་ལ་འཁོར་བཞིན། དེའི་སྔོན་འགྲོ་ལྟ་གོན་གྱི་ཚུལ་དུ་སྙོབས་ཅི་ཐུབ་ཀྱིས་ངལ་རྩོལ་ཧུར་པོ་བྱེད་པ་དང་། ཏང་གི་ལས་སྐུལ་བའི་ཁ་ལ་ཉན་པོ་བྱེད་ཀྱིན་འདུག ལས་དོན་པ་པདྨ་འཕྲིན་ལས་ཀྱིས་བཤད་རྒྱུར། ཕྱིར་གནས་བོད་མི་ཕྱིར་རྒྱལ་ནང་དུ་ལོག་པ་དང་རང་ཡུལ་དུ་གཏན་སྡོད་བྱེད་པར་དགའ་བསུ་ཞུ། ཞེས་རྒྱང་འབོད་ཤུགས་ཆེར་བྱས་འདུག དེ་འབྲེལ་གྱི་བཀའ་མོལ་མང་པོ་བརྒྱུད་ལམ་ཁག་ཏུ་ཐོན་ཡང་ཞེད་སྣང་ཆེ་ཤོས་ཏེ། ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བའི་སྐོར་སྐད་ཆ་ཉུང་ཉུང་རེད། མི་ཚོས་བཤད་ན། གྲི་རྩེར་སྦྲང་རྩི་བྱུགས་པའི་གུང་ཁྲན་གྱི་སྐད་ཆ་དེ་ཚོས་བོད་མི་བསམ་ཡོད་ཚོ་སྔ་ས་ནས་འདྲོག་བསླངས་ཟིན་པ་རེད་ཟེར། གཞན་དག་གིས་ཟེར་ན། འདི་ཡང་ཉམས་ཚོད་ཅིག་རེད་ཟེར། གང་ལྟར་འཁྲབ་སྟོན་དེ་ཚོ་ཕལ་ཆེར་འགྲིམས་པོ་མེད་པ་འདྲ། དཔེར་ན། ཏང་ནང་ཁུལ་གྱི་རྐུབ་སྟེགས་འཐབ་རྩོད་ལ་རྒྱུས་ལོན་བྱ་ཕྱིར། ཞི་ཅིན་ཕིན་ཟླ་ཤས་རིང་བོར་བརླག་ཤོར་བའི་རྣམ་པས། ཚོད་ལྟའི་འཁྲབ་ཚན་ཞིག་བསྒྲུབས་ཡོད། གཞི་རྩའི་ཆ་ནས། རྒྱ་ནག་གི་དོགས་ཟོན་ཆེན་པོས་ཉམས་ཚོད་དང་དཔེ་ལེན་མང་པོ་བྱས་པའི་ནང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་མདོ་དབུས་ཁམས་གསུམ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་དོན་རྐྱེན་ཛ་དྲག་ཆེ་བའི་སྐགས། བཙན་བྱོལ་ནང་སྐྱིད་སྡུག་མཉམ་མྱོང་ལྟ་བུས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་དུས། རྒྱ་ནག་གིས་ཀྱང་ཉིན་ཤས་ལས་མ་འགོར་བར་བོད་ཀྱི་ས་ཁུལ་ཁག་ཏུ་གུང་ཁྲན་གྱི་དར་དམར་སྒྲེང་འཛུགས་ཀྱི་ལས་འགུལ་ཞིག་སྤེལ་བ་རེད། ཡང་། རྒྱ་ནག་གིས། བཙན་བྱོལ་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་ལ་ངོས་གཉིས་ལྟ་བུ་མཐོང་སྟབས། དེ་ལ་དཔེ་ལེན་ལྟ་བུས་༸གོང་ས་མཆོག་དང་བོད་མི་བཙན་བྱོལ་བར་འཛིན་པའི་སྲིད་ཇུས་ལའང་ངོས་གཉིས་ལྟ་བུས། དབུས་ས་གཉིས་མི་མཚུངས་པའི་ཁྱབ་བསྒྲགས་ཀྱིས་ལས་འགུལ་ཞིག་ཉེ་ཆར་ནས་སྤེལ་མགོ་བཙུགས་པ་རེད། དོན་དངོས་སུ་བོད་ཀྱི་རང་དབང་གི་སྤྱོད་ཚུལ་དང་རྒྱ་ནག་གི་གཅིག་སྡུད་བྱ་སྤྱོད་གཉིས་སྡུར་ཐབས་རྩ་བ་ནས་མེད།
ལས་དོན་པ་པད་མ་འཕྲིན་ལས་ཀྱིས་སྒྲུབ་བཞིན་པའི་གནད་དོན་ཐད། གནས་ཚུལ་བཞི་མཐོང་ཐུབ་སྟེ། ༡ ༽ དཀྲོག་གཏམ་སྤེལ་ས་དེ་ཨ་རིར་བྱེད་པ། ༢༽ སྤེལ་མཁན་དེ་བོད་མི་རིགས་ཀྱི་སེམས་ནང་གི་གྲིབ་གཟུགས་ཆེ་ཤོས་ཤིག་གི་གནས་བབ་ཅན་པདྨ་འཕྲིན་ལས་ཡིན་པ། ༣༽ བརྒྱུད་ལམ་གྱི་ཆ་ནས་རྒྱ་ནག་གཞུང་འབྲེལ་སྡིངས་ཆ་ཁྱབ་ཆེ་ས་ནས་ཕྱིར་མ་ཐོན་པ། ༤༽ རྒྱ་ནག་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཤེ་གཤེ་གཏོང་བའི་ཁ་རླངས་མ་ཡལ་བའི་དུས་ཚོད་ཅིག་ལ་ཁེལ་ཡོད་པ། བཅས་ཀྱི་གནད་དོན་བཞི་ལ་བརྟེན་ནས་དཀྲོག་བཤད་འདིའི་འགྲེམས་སྒོ་ཆུང་ཆུང་ཡིན་པ་སྨྲོས་མེད་རེད། དེའི་རྒྱུ་མཚན་ལ། སྐད་ཆ་གསར་པ་འདི་བོད་མི་ཕྱིར་འབྱོར་བའི་སྟི་གནས་རྒྱ་གར་ངྷ་རམ་ས་ལར་སྤེལ་ན། ལས་དོན་པ་ཚོར་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཆོག་མཆན་མི་རག་པའི་ཐེ་ཚོམ་རྩ་བ་ནས་མེད་ཀྱང་དེ་ལྟར་མ་བྱས་པར་ཆེད་དུ་ཨ་རིར་ལས་དོན་དེ་སྒྲུབ་སར་ཕྱིན་པ་རེད། རྒྱ་ནག་དྲིལ་སྒྲོག་སྡིངས་ཆ་ནས་མི་སྒེར་པ་ཚུན་ཆད་ཀྱི་གནས་ཚུལ་སྤེལ་དང་སྤེལ་མུས་ལ། བོད་རྒྱའི་འབྲེལ་ལམ་དང་འབྲེལ་བའི་གནས་ཚུལ་མི་སྤེལ་བ་ཅི་ཡིན། བོད་ཀྱི་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་ཅིག་ལ་པདྨ་འཕྲིན་ལས་ནི་བོད་པ་ཞིག་ཡིན་པ་དང་གུང་ཁྲན་གྱི་ལག་ཆ་ཡིན་པའི་གནས་ལུགས་གཉིས་ཀ་བོད་ཕྱི་ནང་གཉིས་ཀས་གསལ་པོ་ཤེས་བཞིན་པར། བོད་མིས་ཡིད་ཆེས་མི་བྱེད་པའི་མི་དེ་འདྲ་ཞིག་ལ་རྒྱ་ནག་གིས་ཕྱི་སྡོད་བོད་མི་རང་ཡུལ་དུ་ལོག་རྒྱུར་དྲིལ་སྒྲོག་བྱེད་བཅུག་པ་འདིས། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལ་དོགས་ཚོར་གསར་པ་ཞིག་སྤྲད་ཡོད་པས། རྒྱ་ནག་གི་སྐད་ཆ་དེ་ལྷག་བསམ་རྣམ་དག་ཡིན་པའི་དབང་དུ་བཏང་ཡང་བྱེད་སྟངས་ནི་རྦད་དེ་ནོར་བ་རེད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྡིགས་པའི་སྐད་སྒྲ་དེ་འཇགས་མེད་ཁར། གནམ་ནས་ཆར་པ་བབས་པ་བཞིན་གློ་བུར་འཇམ་ཤས་ཆེ་བའི་སྐད་ཆ་དེ་དང་སྒྲོག་པ་པོ་གཉིས་ཀར་ཆ་འཇོག་མི་ཐུབ་པའི་ཚོར་སྣང་དེ་བོད་མིར་སྤྲད་ཡོད། དེ་ལྟར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཆེ་ཁག་ནས་ཕྱིར་མ་ཐོན་པའི་གནས་བབ་དང་གནས་ཚུལ་གཉིས་ཀ་བོད་རྒྱ་ཕྱོགས་གཉིས་ཀའི་སེམས་ནང་གསལ་པོ་ཡོད་པ་རེད།
ནུས་པ་ཅན་དང་ཁ་ལ་ཉན་པོ་གནང་མཁན་རེ་ཟུང་གིས། ཆོས་སྲིད་ཟུང་འབྲེལ་ལ་འགྱུར་བ་གཏོང་རྒྱུའི་ཐད། འགྱུར་བ་གཏོང་ས་དེ་བཅའ་ཁྲིམས་རེད་མ་གཏོགས་རྩ་ཁྲིམས་མ་རེད། ཅེས་སྟབས་བདེ་མདོག་གནང་སྲིད། ཁོང་ཚོའི་བཀའ་མོལ་དེས་བཅའ་ཁྲིམས་ལ་མཐོང་ཆུང་གནང་བ་རེད་ཅེས་ཕལ་ཆེར་ཞུ་ས་རག་གི་མ་རེད། སྤྱི་འཐུས་རྣམ་པས་བཅའ་ཁྲིམས་བཅད་གཏུབ་གནང་རྒྱུའི་རྒྱ་ནག་གི་ཆབ་སྲིད་བརྡ་སྦྱོར་ལ་ཐུགས་ཞིབ་ནན་པོ་གནང་སྟེ། ས་སྔ་ནས་དགོངས་ཚུལ་གྲ་སྒྲིག་ཨང་གསར་དགོས་པ་ཡིན། གོང་༸ས་མཆོག་གིས་ཆོས་སྲིད་ཀྱི་མགོ་ཁྲིད་སོ་སོར་དགོས་པ་དང་ཆོས་སྲིད་ཟུང་འབྲེལ་དགོས་པ། ཆོས་སྲིད་ཟུང་འབྲེལ་གྱི་འགྲེལ་བཤད་དང་བཅས་པ་ཧ་ཅང་འཐུས་ཚང་པོ་རེད། རྒྱ་ནག་གིས། ང་ཚོས་དབུ་མའི་ལམ་ཁས་ལན་བྱེད་ཀྱི་ཡིན། ཁྱེད་ཚོས་ཆོས་སྲིད་ཟུང་འབྲེལ་ཕྱིར་བསྡུ་བྱེད་ཐུབ་ཀྱི་རེད་དམ་ཟེར་བ་དེར། བོད་མིའི་སྒྲིག་འཛུགས་ནས། གལ་ཏེ། ལགས་སོ་ལགས་སོ། དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ཟེར་ན། ངྷ་རམ་ས་ལའི་ཞབས་བརྟན་པ་ཚོས། ཤེས་རབ་སྙིང་པོ་འདོན་པའི་ཟོལ་གྱིས། གཟུགས་མེད། སྒྲ་མེད། ཆུ་མེད། གློག་མེད། སྐུ་ཡོན་མེད། ཁང་གླ་མེད། ཅེས་པ་སོགས་ཁ་མཚར་བྱ་མྱོང་བ་ལྟར་བོད་མིའི་སྒྲིག་འཛུགས་ལ། གཟུགས་མེད། སྒྲ་མེད། ཆོས་མེད། སྲིད་མེད། ཆོས་སྲིད་མེད། ཟུང་འབྲེལ་མེད། ཅེས་པ་སོགས་བསྟན་གཤིག་གི་སྐད་ཆ་སློང་སྲིད་པ་ཞིག་རེད། ཆོས་སྲིད་ཟུང་འབྲེལ་མེད་པར་བཟོས་ན་སྐྱོན་མེད་དེ། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་ཡིན་ཟེར་ན། ནང་གི་དོན་སྙིང་གལ་ཆེ་བ་དེ་གང་ལ་ཟེར། ཆོས་སྲིད་ཟུང་འབྲེལ་ལས་གལ་ཆེ་བ་ཅི་ཞིག་ཡོད། བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་དེ་གལ་ཆེས་ཤོས་རྩིས་པ་མ་རེད་པས། ཞེས་པ་སོགས་དྲི་བ་ཆུ་རྒྱུག་རྒྱུག་ཡིན།
རྒྱ་ནག་གིས་ཆོས་སྲིད་དབྱེ་འབྱེད་དང་མི་རིགས་དབྱེ་འབྱེད་གཉིས་ཀར་སྣང་ཆུང་བྱེད་ཀྱིིན་ཡོད་ཀྱང་བོད་ནི་གོམས་གཤིས་དང་བཟང་སྤྱོད་གཉིས་ཀའི་ཆ་ནས་སྤྱོད་ཚུལ་དེ་འཚམ་པོ་ཡོད་པ་མ་རེད། རྒྱ་ནག་གིས། ཆོས་སྲིད་ཟུང་འབྲེལ་ནི་ཆོས་སྲིད་གཉིས་ཀའི་མ་གོ་ཁྲིད་མི་གཅིག་གིས་བྱེད་པ་ལ་ཟེར། འོན་ཀྱང་མི་གཅིག་ཆོས་སྲིད་གཉིས་ཀའི་བྱ་བར་ཞུགས་པ་ལ་འགྲེལ་བཤད་ཅི་འདྲ་བྱ་རྩིས་ཡོད་མེད་མི་ཤེས། གོང་༸ས་མཆོག་ནས་ཆོས་སྲིད་ཀྱི་མགོ་ཁྲིད་སོ་སོར་དགོས་པར་གསུངས་པ་དེས་རྒྱ་ནག་གིས་བཤད་པའི་ཆོས་སྲིད་ཟུང་འབྲེལ་དེ་ཞལ་བཞེས་མི་མཛད་པར་མཚོན་ཡང་། བོད་ཀྱི་བཅའ་ཁྲིམས་ནང་གི་ཆོས་སྲིད་ཟུང་འབྲེལ་དང་༸གོང་ས་མཆོག་གི་དགོངས་པའི་དབྱིངས་ཀྱི་ཆོས་སྲིད་ཟུང་འབྲེལ་གཉིས་བབ་ས་གཅིག་ཡིན་པས། གང་ལྟར་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དུམ་དེར་ཤི་འཐམ་རོ་འཐམ་བྱ་རྒྱུ་རེད། བོད་པས། རྒྱལ་སྲིད་ཆོས་བཞིན་དུ་བསྐྱོང་བར་ཆོས་སྲིད་ཟུང་འབྲེལ་གྱི་འགྲེལ་བཤད་བྱས་ཡོད། གང་ལྟར་བོད་རྒྱ་གཉིས་ཀྱིས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དུམ་དེ་འཐེན་རེས་རྒྱང་རེས་བྱས་ཏེ། རྒྱ་ཕྱོགས་ནས་ཇི་ཙམ་འཐེན་ཐུབ་མིན་དང་བོད་པས་ཅི་ཙམ་བཟུང་ཐུབ་མིན་ལ་ཐུག་ཡོད། ཆོས་སྲིད་གཉིས་ཀ་གནམ་ས་ལྟ་བུའི་དབྱེ་འབྱེད་བྱེད་ཐུབ་ན་རྒྱ་ནག་གི་འགྲེལ་བཤད་དེར་གོ་རྒྱུ་ཡོད་ཀྱང་། དེ་ལྟར་མ་ཡིན་པར་དོན་དངོས་ཀྱི་ཐོག་ནས། ཆོས་སྲིད་གཉིས་ཀ་ཕ་རི་ཚུལ་རི་ལྟ་བུའི་ལྟོས་གྲུབ་འབའ་ཞིག་གིས་གྲུབ་ཡོད་པས་མེ་ཆུ་བཞིན་རྩ་བ་ནས་འགྲེལ་བརྗོད་བྱ་མི་ནུས་པ་ཡིན། ཆོས་སྲིད་ཟུང་འབྲེལ་ནི་བོད་ཀྱི་ནུས་པ་དང་ཟུངས་ཤུགས་གཉིས་ཀ་ཡིན་པས་མ་ཚད་རྒྱ་ནག་ལའང་དགོས་མཁོ་ཆེན་པོ་ཡོད་པའི་བསླབ་བྱ་ཞིག་ཏུ་གྱུར་ཡོད་པ་རེད།
དོན་ལ་རྒྱ་གཞུང་གི་བྱེད་སྟངས་དེས་ཆོས་སྲིད་ཟུང་འབྲེལ་བཤད་ཀྱི་ཡོད་པ་མ་རེད་ལ། དེ་ནི་ནམ་ཡང་གླེང་མི་སྲིད་པའི་ཁོང་གཏོགས་རེད། འོ་ན་ག་རེ་མཚོན་གྱི་ཡོད་པ་རེད་ཅེ་ན། ཏཱ་ལའི་བླ་མའི་གནད་དོན་ཞེས་པ་དེ་རྣམ་པ་མ་འདྲ་བ་ཞིག་གི་ལམ་ནས་བརྗོད་ཀྱི་ཡོད་པ་རེད། དེའང་ཡང་སྲིད་ཐག་གཅོད་དབང་ཚད་བརྩོན་ལེན་བྱེད་ཀྱིན་པ་ཞིག་རེད། དེ་མིན་རྡ་རམ་ས་ལས་རང་ཉིད་ཀྱི་མིད་དག་རང་ཉིད་ཀྱིས་བསྒག་ནས་གསོད་ཀྱིན་པ་རེད་མ་གཏོགས་གསོད་མཁན་མངགས་ཡོད་པ་མ་རེད། དཔེར་ན། བཙན་བྱོལ་གཞུང་གི་ངོ་བོ་ནས་སྐྱབས་བཅོལ་སྒྲིག་འཛུགས་ཀྱི་ངོ་བོར་འཕོས་པ། བཀའ་བློན་ཁྲི་བ་ནས་སྐྱབས་བཅོལ་སྲིད་སྐྱོང་དུ་བསྒྱུར་བ་སོགས་ནི་ཁྲིམས་ངོས་ནས་མེད་པར་བཟོས་ཡོད་པ་རེད།