འཇམ་དབྱངས་ནོར་བུ་བརྩམས། (མ་རྩོམ་ ༢༠༡༣ ཕྱི་ཟླ་ ༦ ཚེས་ ༦ ཉིན་སྤེལ།)
ཐོས་པ་དགས་བསྒྱུར། (ཕྱི་ཟླ་ ༧ ཚེས་ ༡༠ ཉིན་ བོད་བསྒྱུར་སྤེལ།)
ཉེ་ཆར་༸རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཆིབས་བསྒྱུར་སྐབས་ཝིས་ཁོ་སིན་མངའ་སྡེའི་གྲོང་འཁྱེར་མེ་ཌི་སན་དུ་བོད་པའི་སློབ་ཕྲུག་འགའ་ཤས་དང་ཐུག་འཕྲད་མཛད། དེ་དུས་སློབ་ཕྲུག་ཅིག་གི་དྲི་བས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དཀྲུགས་ཡོད་ཚོད་འདུག ཐོག་མར་སློབ་ཕྲུག་དེས་དྲི་བ་འགོད་སྐབས་ཚིག་མ་འདང་བ་སོགས་གང་ལྟར་ཚོར་བ་མ་བདེ་བ་ཞེ་དྲག་ཅིག་གི་ཐོག་ནས། ཕལ་ཆེར་མི་གཞན་ ༼རྒན་རབས་ཤིག་དང་ངེས་པར་དུ་ཆབ་སྲིད་པ་༽ ཞིག་གིས་བཀོད་བྱུས་བྱས་པ་ལྟ་བུ་འི་ཚོར་སྣང་ཞིག་གི་ཐོག་ནས་དྲི་བ་དེ་བཀོད་སོང་། འོན་ཀྱང་དེ་ལྟར་མིན་པ་ཡང་སྲིད། དྲི་བ་དེ་ནི་སྤྱི་འཐུས་ཤིག་དང་འབྲེལ་བ་ཆགས་ཡོད་པ་དང་ཁོས་དོ་བདག་སྒེར་གྱི་མིང་འདོན་རྒྱུ་མིན་ཞེས་ལབ་སོང་།
སློབ་ཕྲུག་དེས་ཕལ་ཆེར་རང་གིས་གང་ཞིག་བཤད་ཡོད་པ་བསལ་པོར་རྟོགས་ཀྱི་ཨེ་ཡོད་ན་བསམ་བསམ་ཞིག་འདུག ཁོས་༸རྒྱལ་བ་རིན་པོ་ཆེར་ག་རེ་བྱས་ཏེ་བོད་པའི་སྤྱི་འཐུས་ཤིག་གིས་༸ཏཱ་ལའི་བླ་མས་དབུ་མའི་ལམ་རྩོད་པ་མ་ཟད་རང་བཙན་གཙང་མ་ཡང་རྩོད་ཀྱི་ཡོད་ལུགས་བཤད་པ་དང་། དེ་འདྲའི་ནོར་འཁྲུལ་ཇི་ལྟར་ཤོར་དུ་བཅུག་པ་རེད་ཅེས་འདྲིས་སོང་། སྐད་ཆ་རིང་ཐུང་མེད་པར་༸གོང་ས་མཆོག་གིས་ནམ་རྒྱུན་བཞིན་ལམ་སང་ཁ་རི་ཁ་ཐུག་གིས་ལན་འདེབས་གནང་སོང་། ཁོང་གིས་སྤྱི་འཐུས་དོ་བདག་གི་མིང་འགེབས་དགོས་དོན་ཡོད་པ་མ་རེད། ཁོ་སྤྱི་འཐུས་ཀརྨ་ཆོས་འཕེལ་རེད། ༸གོང་ས་མཆོག་གིས་མུ་མཐུད་དུ། ཀརྨ་ཆོས་འཕེལ་གྱིས་༸ཏཱ་ལའི་བླ་མས་ཁ་ནས་རང་སྐྱོང་བཤད་པ་ལས་ཁོག་ཏུ་རང་བཙན་ཡོད་ཚུལ་བཤད་པ་རེད་ཅེས་ཕྲུ་གུ་དེའི་དྲི་བར་ཡོ་བསྲང་ཡང་གནང་སོང་།
དངོས་གནས་བྱས་ན་ཀརྨ་ཆོས་འཕེལ་ལགས་ཀྱིས་འདི་འདྲའི་རྡུམ་པོ་ཞིག་བཤད་ཡོད་པ་མ་རེད་ལ། ཁོང་གིས་གང་བཤད་པ་རྣམས་གུས་ཞབས་དང་། ཡིན་ལུགས་ཚུལ་ལྡན་ཐོག་ནས་བཤད་སོང་བསམ་པ་བྱུང་། ཁོས་རང་ཉིད་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ངོས་ཐད་ནས་དད་གུས་དང་ཡིད་ཆེས་གཡོ་བ་མེད་ཀྱང་། ད་བར་༸རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ཀྱི་སྲིད་བྱུས་དེར་ལམ་ལྷོངས་མ་བྱུང་སྟབས་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་མིན་པ་དང་། ཏཱ་ལའི་བླ་མས་སྲིད་བྱུས་དེ་འདྲ་ལག་བསྟར་བྱེད་དགོས་དོན་ནི་བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་སེལ་ཐབས་ཙམ་གྱི་ཆེད་ཐག་ཆོད་གནང་པ་ཞིག་ཡིན་པ་ལས། ༧རྒྱལ་བ་རིན་པོ་ཆེའི་སེམས་ནང་བོད་མི་ཚོས་འདོད་པ་ནི་རང་བཙན་གཙང་མ་འདོད་ཀྱི་ཡོད་པ་མཁྱེན་གྱི་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད་སོང་། དེ་ནི་ངས་བསྡོམས་ཚིག་ཙམ་ཞིག་ཡིན་པ་ལས་གཏམ་བཤད་ངོ་མའི་གློག་བརྙན་དང་དབྱིན་ཇིའི་ཕབ་བསྒྱུར་སོགས་རང་བཙན་དྲ་ཐག་ཐོག་གཟིགས་རོགས།
ད་ལྟའི་རྩོམ་ཡིག་འདིའི་ནང་ངས་ཀརྨ་ཆོས་འཕེལ་དང་གཞན་རྣམས་གྱིས་བེད་སྤྱོད་བྱས་པའི་ ‘སེམས’ཞེས་པའི་བོད་ཡིག་གི་ཐ་སྙད་དེའི་དོན་དག་བསྒྱུར་དེ་བེད་སྤྱོད་བཏང་མེད། དེའི་ཚབ་ཏུ་དབྱིན་ཇིའི་ཐ་སྙད་ ‘heart’ ཞེས་པ་དེ་བེད་སྤྱོད་བཏང་ཡོད། དེ་ལྟར་བྱེད་དགོས་དོན་་ནི་ ‘mind’ཅེས་པའི་ཐ་སྙད་དེས་བོད་སྐད་ནང་ ‘སེམས་ནང’ ངམ་ ‘སེམས་སྟེང་དུ་ཡོད་པ’ ཙམ་ལས་བོད་སྐད་ཀྱི་ ‘སེམས་གཏིང་དུ་ཡོད་པའི’ ཞེས་པའི་སྐབས་ཀྱི་ ‘རང་ཉིད་ལ་གཅེས་པ’ འམ་ ‘གཙིགས་ཆེ་བའི’ གོ་དོན་ཞིག་སྟེར་ཐུབ་ཀྱི་མི་འདུག་སྙམ།
གང་ལྟར་༸་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་རླུང་བཞེངས་ཏེ་ཀརྨ་ཆོས་འཕེལ་གྱིས་༸རྒྱལ་བ་རིན་པོ་ཆེས་ཁ་ནས་རང་སྐྱོང་བཤད་པ་ལས་ཁོག་ཏུ་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་རྒྱལ་བ་རིན་པོ་ཆེ་མ་བིན་བཟོ་བཞིན་འདུག་ཅེས་གསུངས་སོང་། “ང་མ་བིན་བཟོས་ནས་ཆོ་ག་རེ་འདུག་གམ་”ཞེས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དྲིས་སོང་། ཁོང་གིས་རྒྱུན་དུ་རྒྱལ་སྤྱིའི་ནང་མི་དང་འབྲེལ་བ་ཅི་འདྲ་ཞིག་བྱས་ཀྱང་ཁ་ཞེ་གཉིས་མེད་དང་དྲང་པོ་དྲང་བཞག་བྱེད་དགོས་པ་རེད་ཟེར་ནས་ཁ་ཏ་བྱེད་ཀྱི་ཡོད་ཅེས་ཐེར་འདོན་གྱི་གསལ་བཤད་གནང་སོང་།
ངས་ཀརྨ་ཆོས་འཕེལ་ལགས་ལ་རྒྱབ་སྐྱོར་བྱེད་དགོས་དོན་གང་ཡང་མེད། ཁོ་རང་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ལོ་མང་གནང་མྱོང་ཡོད་སྟབས་ཉམས་མྱོང་ཅན་གྱི་སྤྱི་འཐུས་ཤིག་རེད། ཉེ་ཆར་ཡོངས་གྲགས་ཐོག་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་དེ་ནི་བསྔགས་བརྗོད་ཞུ་འོས་པ་དང་། བློ་སྟོབས་ལྡན་པའི་བྱ་སྤྱོད་ཅིག་ཀྱང་རེད། ལྷག་པར་དུ་ད་ལྟའི་གནས་སྐབས་སུ་གྲོས་ཚོགས་ནང་སྲིད་བྱུས་དེའི་སྐོར་ལ་ཛ་དྲག་གི་གྲོས་བསྡུར་དགོས་སྐོར་གྱི་འདུན་པ་སྟོན་མཁན་གཅིག་ཀྱང་བྱུང་མེད།
རིང་མིན་ངྷ་རམ་ས་ལའི་གཡས་ཕྱོགས་ཆོས་ལུགས་པའི་ཁྱུ་ཚོགས་རྣམས་སྲང་ལམ་སྟེང་ཀརྨ་ཆོས་འཕེལ་གྱི་ཀླད་པ་འགེམས་དགོས་པའི་སྐད་ཆོར་མ་རྒྱབ་གོང་། ལྷག་པར་དུ་ད་ནི་ཁོང་ཚོར་༸རྒྱལ་བའི་དགོངས་པ་དཀྲུག་པའི་དཔང་རྟགས་དངོས་སུ་སྟོན་རྒྱུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། དེས་ཕྱིར་ངས་འགན་ལེན་གྱིས་གལ་གནད་ཆེ་བའི་གསལ་བཤད་ཅིག་༸རྒྱལ་བ་རིན་པོ་ཆེ་ལ་ཞུ་འདོད་བྱུང་། ༸རྒྱལ་བ་རིན་པོ་ཆེར་མ་བིན་བཟོ་མཁན་ངོ་མ་ཞིག་ཡོད་པ་ཡིན་ན། དེ་ནི་ཁོང་ཉིད་ཀྱིས་བསྟན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྗེས་འབྲངས་པ་དེ་ཚོ་རེད། ཁོང་ཚོས་རྒྱུན་དུ་༸རྒྱལ་བ་རིན་པོ་ཆེ་སེམས་ནང་རང་བཙན་ཡོད་པ་མ་ཟད། དབུ་མའི་ལམ་གྱི་རྗེས་འབྲང་པ་ཚང་མའི་སེམས་ནང་དུའང་རང་བཙན་གྱི་བསམ་འདུན་ཡོད་ལུགས་ཤོད་ཀྱི་ཡོད།
ངས་དབུ་ལམ་གྱི་རྗེས་འབྲང་པ་ཚོ་དང་མཉམ་དུ་གྲོས་བསྡུར་དང་དགག་སྒྲུབ་ལན་མང་བྱས་མྱོང་ཡོད། ལྷག་པར་དུ་དབུ་ལམ་གྱི་དཔྱོད་ལྡན་པ་སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་། དེ་བཞིན་༧གོང་ས་མཆོག་གི་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་སོགས་དང་ལྷན་དུ་གྲོས་བསྡུར་ག་དུས་བྱས་ཀྱང་། ཁོ་ཚོས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྟན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྩེ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་ཀྱི་བར་དུ། བོད་མི་སྐྱེས་ཕོ་མོ་སྤྱི་མཚུངས་ལྟར་སེམས་ནང་རང་བཙན་ཡོད་རབས་བཤད་མྱོང་ཡོད། དབུ་མའི་ལམ་གྱི་རྒྱབ་སྐྱོར་བ་ཚོས་ད་དུང་མུ་མཐུད་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབ་དགོས་དོན་གཙོ་བོ། བོད་མི་འཆི་གསོན་གྱི་གནས་སྐབས་སུ་སླེབས་ཡོད་པ་དང་། ལམ་དེ་ལས་ལྷག་པའི་གདམ་ཀ་གཞན་མེད་པ། ད་དུང་ཁོང་ཚོས་༸རྒྱལ་བ་རིན་པོ་ཆེ་ཡིན་ནའང་དབུ་མའི་ལམ་གྱི་རྗེས་འབྲང་པ་སྤྱི་མཚུངས་བཞིན་སེམས་ནང་དུ་རང་བཙན་འདོད་ཀྱི་ཡོད་ལུགས་སོགས་བཤད་མྱོང་ཡོད། ཁོང་ཚོས་རང་ཉིད་ནི་དངོས་ཡོད་དང་མཐུན་པ། ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་རྟོགས་མཁན་ཞིག་ཡིན་པ་དང་། དེ་མིན་རང་བཙན་རྩོད་མཁན་རྣམས་ནི་སེམས་ཚོར་དང་རྨོངས་ཞེན་གྱི་གཞན་དབང་དུ་སོང་བའི་གྲས་སུ་བརྩི་བ་རེད། ཚིག་དོན་གྱི་གཡོས་སྦྱོར་འདི་འདྲའི་ནང་འགལ་ནི་གསལ་གསལ་ཐིང་ཐིང་རེད།
ཡིན་ན་ཡང་ད་དུང་དེ་ལྟར་འཇུག་པ་ནི་ཅི་བྱ་གཏོལ་མེད་ཀྱི་གནས་སྐབས་མི་སྲིད་པ་ཞིག་ལ་མིའི་རང་བཞིན་གྱིས་བརྡ་ལན་ཞིག་ཡིན་པར་བློ་གཏད་བྱེད་ཆོག དེ་ནི་ཆབ་སྲིད་ཀྱི་དངོས་ཡོད་ཅིག་ལ་ངོས་ལེན་མི་བྱེད་པའི་གནས་སྐབས་ཀྱི་དཔེ་མཚོན་རྩེ་ཕུད་ཅིག་ཀྱང་རེད། མི་རྣམས་ཀྱིས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྩེ་གདུང་ཆེ་དྲག་(ཡང་ན་འཇིགས་དྲགས་པ) པས་དབང་གིས་ཁོང་གི་བཀའ་གསུངས་ཅི་བསྒྲུབ་མ་ཞུས་ན་ལས་ངན་བསགས་མི་ཡོང་ངམ་ཉམས་པའི་འཇིགས་སྐྲག་དང་། དེ་བཞིན། ལོ་བཅུ་ཕྲག་འགའི་རིང་བཙན་བྱོལ་དུ་རང་གི་སྙིང་དུ་བརྣག་པའི་འདོད་དོན་ཆེད་དཀའ་ལས་བརྒྱབ་པ་རྣམས་ཀྱང་ཡོངས་སུ་བློས་གཏོང་མི་ཐུབ་པའི་གནས་སྟངས་ཤིག་རེད། ཡ་མཚན་པ་ཞིག་ལ་སེམས་ནང་གི་རང་བཙན་ཞེས་པའི་ཆིག་ལབ་དེ་ནི་ཡོངས་གྲགས་ཆགས་ཡོད་པ་དང་། ལྷག་པར་དུ་སྲིད་སྐྱོང་བློ་སེང་གིས་འོས་བསྡུའི་སྐབས་དེར་བཅོས་བསྒྱུར་ཞིག་བཏང་སྟེ། དབུ་མའི་ལམ་དང་རང་བཙན་གཉིས་ཀར་མོས་མཐུན་ཡོད་པའི་དབུས་རང་གི་འབོད་སྒྲ་གཅིག་གི་ཐོག་ནས་གང་ལྟར་རང་ལ་རྒྱལ་ཁ་འཐོབ་ཐབས་བྱས་སོང་།
ང་གུས་ཞབས་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྟན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་ཁྱོན་ཡོངས་ནས་ཁས་ལེན་མེད་པའི་གང་ཟག་ཞིག་ཡིན། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སེམས་ནང་གི་རང་བཙན་ཞེས་པའི་ཆིག་ལབ་དེར་རང་གི་སྲིད་བྱུས་སྲུང་ཐབས་སུ་ཁས་ལེན་མི་བྱེད་པ་ནི་འགྲིག་ཡོད། ༸རྒྱལ་བ་རིན་པོ་ཆེས་བསྟན་པའི་གྲོས་འཆར་རིམ་པར་རྒྱས་ངོས་ལེན་མི་བྱེད་པའི་གཞི་རྩའི་འགག་རྩ་གཙོ་བོ་དེ་གང་ཡིན་པ་ནི་ཁོང་གིས་མཁྱེན་གྱི་ཡོད་ཤག་རེད། པེ་ཅིན་ནས་ཡོངས་གྲགས་སུ་༸རྒྱལ་བ་རིན་པོ་ཆེས་བསྟན་པའི་ཚད་མཐོའི་རང་སྐྱོང་གི་གྲོས་འཆར་དེའི་ནང་ཡང་སྙིང་མེས་རྒྱལ་ཁ་བྲལ་གྱི་བསམ་བློ་སྦས་ཡོད་ཚུལ་བཤད་ཡོད། སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་སྲིད་བྱུས་ལ་དོ་ཕོག་གཏོང་ངེས་ཀྱི་གཏམ་བཤད་དེ་འདྲ་སྤེལ་ཡོད་པ་ནི་ད་ཆ་འགོག་ཐབས་མེད། ཝང་ལི་ཤོན་གྱིས་རྩོམ་དེབ་”རྒྱ་ནག་གི་དུས་རབས་ ༢༡ གི་ཉེན་ཁ། བོད།”ཅེས་པ་འདིའི་ནང་ཁོང་གིས་གཅུང་པོ་བསྟན་འཛིན་ཆོས་རྒྱལ་གྱིས་ཧྥ་རན་སིའི་གསར་འགོད་པ་ཞིག་གིས་བཅར་འདྲི་བྱས་སྐབས། ཁོས་རང་སྐྱོང་ནི་རང་བཙན་གྱི་གོམ་པ་དང་པོ་དེ་རེད་ཅེས་བཤད་པ་དེ་འདྲ་བཀོད་འདུག
རྒྱ་གཞུང་གིས་དོགས་པ་རྣམ་རྟོག་དང་དབུ་མའི་ལམ་གྱི་སྲིད་བྱུས་ཁས་ལེན་མ་བྱས་པ་དེས་༸རྒྱལ་བ་རིན་པོ་ཆེ་ལ་རང་བཞིན་གྱིས་སུན་སྣང་ཞིག་སྐྱེས་ངེས་རེད། འོན་ཀྱང་ཁོང་གིས་མཁྱེན་དགོས་པ་ཞིག་ལ་རྒྱ་གཞུང་གིས་ཡིད་ཆེས་མི་བྱེད་པའི་རྒྱུ་རྐྱེན་དེ་རང་བཙན་རྩོད་མཁན་ཚོ་ལ་བརྟེན་ནས་བྱུང་བ་མ་རེད། རྒྱ་གཞུང་གིས་རང་བཙན་རྩོད་མཁན་ཚོ་རྒྱ་གཞུང་ལ་ངོ་རྒོལ་དང་ཁོང་ཚོའི་འོག་ཏུ་ནམ་ཡང་སྡོད་འདོད་མེད་པའི་འདུན་པ་དེ་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན། ཡིད་ཆེས་བྱེད་མི་བྱེད་ཀྱི་དྲི་བ་ཡོང་ས་ཡོད་པ་མ་རེད། རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོགས་པ་རྣམ་རྟོག་གང་བྱུང་བ་རྣམས་ནི་གཙོ་བོ་༸རྒྱལ་བ་རིན་པོ་ཆེར་གུས་ཞེན་ཅན་དབུ་མའི་ལམ་གྱི་རྗེས་འབྲང་པ་རྣམ་པས་རྟག་ཏུ་རང་བཙན་གྱི་དམིགས་ཡུལ་དོར་ཡོད་ཀྱང་། སེམས་ནང་རང་བཙན་ཡོད་ཁུལ་བཤད་པ་དང་། ད་དུང་༸རྒྱལ་བ་རིན་པོ་ཆེ་ཡང་ཁོང་ཚོ་བཞིན་ཡིན་ཁུལ་བཤད་པ་དེས་རེད། ༸རྒྱལ་བ་རིན་པོ་ཆེས་དྲང་པོར་བྱས་ན་དབུ་ལམ་རྗེས་འབྲང་པ་ཚོས་མ་ཤེས་པར་ཁོང་གི་སྲིད་བྱུས་ལ་དོ་ཕོག་གཏོང་བཞིན་ཡོད་པར་བརྟེན་ཁོང་ཚོར་གཙིགས་དགོས་ལ། མ་འོངས་པར་ཁོང་རང་གི་སྲིད་བྱུས་སྐྱོབ་སྐབས་ཁ་ཇི་ལྟར་གྲག་དགོས་མིན་ཁ་ཏ་གནང་དགོས།
ད་ལྟའི་བར་གྱོང་གུད་ནི་ཕོག་ཚར་བ་རེད་ལ། དབུ་ལམ་སྲིད་བྱུས་བསྐྱར་བཤད་ཡང་བཤད་བྱས་ཏེ་རྒྱ་གཞུང་གིས་༸རྒྱལ་བ་རིན་པོ་ཆེ་ལ་དོན་དམ་གྱི་ཡིད་ཆེས་ཤིག་རྙེད་མི་སྲིད་པ་ལྟ་བུ་རེད། རང་བཙན་བཤད་མཁན་ཞིག་གི་ཆ་ནས་གནད་དོན་འདིའི་སྐོར་བསམ་འཆར་འདོན་རྒྱུ་དེ་ངའི་ཇུས་གཏོགས་མ་རེད་དེ། ངས་མཐོང་སྣང་ལ་དབུ་ལམ་རྗེས་འབྲང་པ་ཚོས་༸རྒྱལ་བ་རིན་པོ་ཆེ་དོན་དམ་དུ་རང་སྐྱོང་འདོད་ཀྱི་ཡོད་པ་ར་སྤྲོད་ཡོང་ཐབས་སུ་དེ་སྔ་དང་མ་འདྲ་བའི་རྣམ་འགྱུར་ཞིག་སྟོན་པའི་དུས་ལ་སླེབས་འདུག
ངས་བསམ་འཆར་ཞིག་ཞུས་ན། དབུ་མའི་ལམ་གྱི་རྗེས་འབྲང་པ་སྟོང་གཅིག་ཐོག་མའི་ཚོད་ལྟའི་ཚུལ་དུ་བོད་དམ་མེས་རྒྱལ་དུ་ལོག་དགོས། དེ་དག་གིས་རྒྱ་གཞུང་དང་མཉམ་དུ་མཉམ་ལས་བྱེད་མགོ་བཙུགས་ཏེ་ཕན་ཚུན་བརྩི་མཐོང་དང་ཡིད་ཆེས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་ཕལ་ཆེར་དབུ་ལམ་གྱི་སྲིད་བྱུས་དེ་ལམ་ལྷོངས་ཡོང་ཐབས་ལ་ཕན་ཐོགས་ཆེན་པོ་ཡོང་སྲིད། རྒྱ་གཞུང་དང་ལྷན་དུ་ཞིབ་ཕྲའི་གནད་དོན་ཁག་དཔྱད་ཞིབ་དང་གོ་སྐབས་བྱུང་ཚེ་རྒྱ་ནག་མི་མང་ལའང་གོ་རྟོག་སྤེལ་ཐབས་སུ། སྐབས་དང་པོའི་གྲས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བྱང་ཆུབ་པ་རྣམས་ཀྱིས་སྣེ་ཁྲིད་བྱེད་དགོས། ངས་བལྟས་ན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལས་ལྷག་པ་དབུ་མའི་ལམ་གྱི་སྐོར་མཁྱེན་རྒྱ་ཡོད་མཁན་ཕལ་ཆེར་མེད་སྟབས་ཁོང་ལས་འོས་པ་སུ་ཡང་མཐོང་གི་མི་འདུག དེ་མིན་གཞན་མེད་དུ་མི་རུང་བའི་དབུ་ཁྲིད་ནི་འབུམ་རམས་པ་བློ་བཟང་སེང་གེ་ལགས་རེད། ཁོས་དུས་ནས་དུས་སུ་རྒྱ་གཞུང་གི་རྩ་ཁྲིམས་ནང་དབུ་མའི་ལམ་ལག་བསྟར་འཁྱོལ་ཐབས་ཡོད་པ་ཡང་ཡང་ཤོད་མཁན་ཞིག་རེད། དེར་བརྟེན། ཁོང་གི་ལྟ་གྲུབ་དེ་དངོས་ཡོད་དོན་འཁྱོལ་ཡོང་མིན་དཔྱད་པ་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཆགས་ཡོད་པ་རེད།
དེ་དག་ཐམས་ཅད་བཙན་བྱོལ་ནས་བསྒྲུབ་ཐབས་ཡོད་པ་ཞིག་མ་རེད། བཙན་བྱོལ་དུ་བསྡད་པ་ཙམ་གྱིས་རྒྱ་ནག་ལ་ཡིད་ཆེས་མེད་པ་སྟོན་གྱི་ཡོད། དེས་རྒྱ་ནག་མགོ་ཁྲིད་ཚོ་ལ་ཐལ་ལྕག་གཞུ་བ་ལྟ་བུ་རེད། བཙན་བྱོལ་དུ་བསྡད་པ་འདིས་བཙན་བྱོལ་དུ་གཏོང་མཁན་གྱི་སྲིད་དབང་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད། དེ་འདྲ་ཡིན་དུས་རང་བཙན་རྩོད་མཁན་ཚོར་བཙན་བྱོལ་དུ་སྡོད་པ་ནི་ནོར་མེད། གོ་སྐབས་ནམ་བྱུང་ན་རྒྱའི་སྲིད་དབང་མགོ་རྟིང་སློག་ཆེད་བོད་དུ་ཕྱིར་ལོག་དགོས། འོན་ཀྱང་དབུ་ལམ་རྗེས་འབྲང་པ་ཚོའི་འདོད་དོན་ནི་རྒྱ་དཔོན་ཚོས་དབུ་ལམ་གྱི་སྲིད་བྱུས་དེར་ཡིད་ཆེས་དང་ངོས་ལེན་ཐོབ་ཐབས་ཤིག་ཡིན་སྟབས་རང་རང་བཀའ་དང་ལེན་བྱས་ཏེ། “མེས་རྒྱལ་ཆེན་པོའི་”པང་དུ་ལོག་པ་ལས་ལྷག་པའི་ལག་ལེན་བཟང་བ་གཞན་ཞིག་མི་འདུག་སྙམ།
༸རྒྱལ་བ་རིན་པོ་ཆེ་ནི་ཕྱིར་ལོག་ཐབས་བྲལ་བ་ཞིག་རེད། དབུ་ལམ་གྱི་སྲིད་བྱུས་དེ་༸ཁོང་གིས་བསྟན་པ་ཞིག་ཡིན་རུང་དེ་ལས་ལྷག་པ་༸ཁོང་ནི་བོད་མིའི་རང་དབང་དང་རང་བཙན་གྱི་མཚོན་རྟགས་གསོན་པོ་ཞིག་ཀྱང་ཆགས་བསྡད་ཡོད་ལ། རང་བཙན་ཐབས་རྩོད་པ་ཚོས་ཚེ་སྲོག་དང་ངལ་བ་དུ་མ་ཁྱད་དུ་བསད་ཟིན་པས་ཁོང་རང་ཡང་བསྐྱར་རྒྱའི་གཡོ་ཐབས་ཀྱི་རྒྱ་རྙིའི་ནང་གཏོང་ཐབས་ལ་བྲལ་བ་ཞིག་རེད། ཉེ་ཆར་༸རྒྱལ་བ་རིན་པོ་ཆེ་མཆོག་ཧོང་ཀོང་དུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཞིག་གོ་ཐོས་བྱུང་སྟབས། རང་བཙན་ཐབས་རྩོད་པ་ཚོས་གྲུང་པོ་བྱས་ནས་ལྟ་དགོས། དེ་དང་འབྲེལ་ཡོད་གནད་དོན་སྐོར་མ་འོངས་པར་ཞིབ་ཕྲའི་གྲོས་བསྡུར་ཞིག་ངེས་པར་དུ་བྱ་དགོས།
སྐབས་བབ་ཀྱི་གྲོས་གཞི་དེར་མུ་མཐུད་ན། ངས་འདིར་དབུ་ལམ་རྗེས་འབྲང་པ་ཚང་མར་གསལ་སྟོན་བྱས་ཡོད། ལྷག་པར་དུའང་རྒྱ་འོག་ཏུ་འདུག་འདོད་ཡོད་མཁན་རྣམ་པས་ “སེམས་ནང་གི་རང་བཙན་”ཞེས་པའི་ཆིག་ལབ་རང་ཉིད་ཀྱི་སེམས་ཚོར་ཞི་འཇམ་འོང་ཆེད་ཀྱི་བདེ་སྲུང་གི་མལ་གདན་ལྟ་བུ་དེ་ད་ནས་ངེས་པར་དུ་འདོར་རན་འདུག དབུ་ལམ་ལ་ཕྱོགས་ཡོང་ནས་ཡིད་ཆེས་དང་། དང་ལེན་བྱེད་ཐུབ་པ་ཞིག་དགོས་ལ། ལྷག་པར་དུ་རང་བཙན་གྱི་སེམས་པ་དེ་བློས་གཏོང་ཐུབ་དགོས། མ་ཟད་རང་དབང་དང་། དམངས་གཙོ་ཡང་བློས་བཏང་སྟེ་སྲིང་སྐྱོང་གིས་ཉེ་ཆར་ཝ་ཤིན་ཊོན་དུ་ཇི་ལྟར་བཀའ་སློབ་གསལ་པོར་ཕེབས་པ་བཞིན་གུང་ཁྲན་ཏང་འོག་ཏུ་འདུག་རྒྱུའི་གྲ་སྒྲིག་བྱེད་དགོས། དེ་དང་མཉམ་དུ་དབུ་ལམ་ལ་དད་མོས་ཅན་ཚོས་སྲིད་སྐྱོང་གིས་ཝ་ཤིན་ཊོན་དུ་ཇི་ལྟར་རྒྱ་སྐད་ཀྱི་ཤེས་ཚད་ངོམ་སྟོན་བྱས་པ་བཞིན་ག་ལེར་རྒྱ་སྐད་སྦྱོང་རྒྱུ་མགོ་བརྩམ་ན་ཧ་ཅང་བཟང་། སྐད་རིགས་ཀྱི་ཤེས་ཚད་འདང་ངེས་ཤིག་ཡོད་ན་འོང་རྒྱུའི་འཕོ་འགྱུར་སྐབས་ཕན་ཐོགས་ཆེན་པོ་འབྱུང་ངེས། ཤེ་ཤེ།
ད་འདྲ་མ་གནང་། མཁས་དབང་འཇམ་དབྱངས་ནོར་བུ་མཆོག་ལ་དབུ་མའི་ལམ་ལ་རྒྱབ་བསྐྱོར་ཡོད་མཁན་མཁས་དབང་ཞིག་གམ། ཡང་ན། ཚོགས་ཆུང་ཞིག་གིས་མིང་དང་ངོ་འཕྲོད་ཐུབ་པ་གནང་ནས་ལན་འདེབས་ཤིག་གནང་རོགས། དེ་ལས་འདས་ན་ངིས་ལེན་གནང་ཟིན་པ་འདྲ་བོ་རེད།
དེ་མིན་ད་དུང་ཤེས་དགོས་པ་ཁག་གཅིག་འདུག མཁས་དབང་འཇམ་དབྱངས་ནོར་བུ་ལགས་ནི་དྲུང་ཡིག་ལྷ་མོ་ཚེ་རིང་མཆོག་གི་བུ་མོའི་མག་པ་རེད་ལ། དྲུང་ཡིག་ལགས་ནི་ཡབ་གཞིས་རང་རེད། དེ་ག་ནང་བཞིན་མཁས་དབང་མཆོག་ནི་སྟག་འཚེར་རིན་པོ་ཆེ་ཡི་རྗེས་སྐྱོང་བ་རེད། དེ་བས། ཚང་མ་ལོས་བསམ་བློ་བཏང་ནས་ལན་འདེབས་གནང་རོགས།
འཇམ་ནོར་འདི་རྒྱ་ནག་ལས་༸གོང་ས་མཆོག་ལ་བསྐོར་ན་བསྣན་རྒྱུ་ཞིག་ཡོད།
ངས་བསམ་ན། ད་ལྟའི་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་གཞུང་གི་གནས་སྟངས་འདིའི་འོག་ནས་རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་རག་ཐབས་མི་འདུག རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་གཞུང་གིས་དབུ་མའི་ལམ་གྱི་དོན་མ་གོ་བ་མིན་པ་དང་། དེའི་རྒྱབ་ན་རང་བཙན་སྐུང་ཡོད་མེད་ལའང་སེམས་ཁྲལ་སྤུ་ཙམ་ཡང་མེད་པར་འདོད། དོན་དངོས་ཐོག་དབུ་མའི་ལམ་ནས་བོད་ཀྱི་གནད་དོན་སེལ་འདོད་ཡོད་ན། དབུ་མའི་ལམ་གྱི་རྒྱབ་ན་རང་བཙན་ཡོད་མེད་ལ་འབྲེལ་བ་གང་ཡང་མི་འདུག གང་ཡིན་ཞེ་ན། བོད་ཀྱི་གནད་དོན་དེ་དབུ་མའི་ལམ་ནས་ཐག་ཆོད་པའི་ཉིན་མོ་དེར། བོད་རྒྱ་གཉིས་ཀྱི་ཕྱོགས་ནས་གྲོས་མཐུན་གྱི་ཆོད་ཡིག་བྲིས་ཏེ་རང་མོས་དང་རང་དབང་གིས་མཚན་རྟགས་རྒྱག་དགོས་པ་དང་། དེ་འཛམ་གླིང་ཡོངས་ལ་གྲགས་པར་འགྱུར་བ་དང་རྒྱལ་སྤྱིའི་གཞུང་དམངས་མང་པོས་བོད་རྒྱ་ཞུ་འགྲིག་གི་རྟེན་འབྲེལ་ཞུ་སྲིད། ཉིན་མོ་དེ་ནས་བཟུང་བོད་རྒྱ་ནག་ནས་ཁ་འབྲལ་ཐབས་མེད་པར་ཆགས་པ་དང་། བོད་ཕྱོགས་ནས་རང་དབང་གིས་མིང་རྟགས་འཁོད་པའི་ཁྲིམས་མཐུན་མནའ་གན་ལ་བརྩི་འཇོག་བྱ་དགོས་པ་ཡིན། གལ་སྲིད་ཁ་འབྲལ་ཐབས་བྱས་ན། རྒྱ་ནག་ལ་རྒྱལ་ཁབ་གཅིག་གྱུར་སྲུང་བའི་ཐོབ་ཐང་ནི་ཁྲིམས་དང་མཐུན་པ་ཡོད་པས། དེ་དུས་བོད་རང་བཙན་ཟེར་བ་ལ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མེད་པ་ཡིན། ད་ལྟའི་གནས་སྐབས་འདིར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་དོན་ཐག་གཅོད་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་མཐོང་མེད་པ་མ་ཟད། བོད་ལ་རང་སྲིད་རང་སྐྱོང་སྤྲད་ན་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་དབང་ལ་གཡོ་འགུལ་ཐེབས་པ་དང་འཇིག་པའི་ཉེན་ཁ་འབྱུང་བར་དོགས་ཡོད་པར་སྙམ།
ངས་གསལ་བོར་བཤད་ཐུབ་པ་ཞིག་དང་ཤེས་པ་ཞིག་ནི། འཇམ་ནོར་དང་རྐར་ཆོས། ད་དུང་ཤར་ཁུག་གིས་བཤད་པ་བཞིན་དུག་སྦྲང་ཁ་ཤས་དེ་ཚོས་བོད་ལ་རང་བཙན་ཞིག་བླངས་པའི་དབང་དུ་བཏང་ནའང། དེ་བོད་མི་མང་ལ་མི་དགོས་པ་དང། རང་བཙན་དེ་ལོངས་སུ་སྤྱོད་རྒྱུར་བོད་མི་མང་གིས་འདོད་མོས་མི་བྱེད་པ། རེ་ཐག་ཆད་ཡོད་པ་འཇིག་རྟེན་ཀུན་གསལ་རེད།། དེའི་ཆ་ནས་དེང་སང་ཁོང་ཚོའི་ནང་སྙིང་ཆ་ཚང་ཕྱིར་བཏོན་ཡོང་དུས། བོད་མི་ཆེ་ཕྲ་ཚང་མས་བདག་མེད་བེམ་རོ་བཞིན་གཡུག་བཞག་ཡོད་པ་འདི་ནི་ཧ་ཅང་གི་ཚད་ལྡན་ཞིག་རེད། མི་འདི་རིགས་ཡ་བྱེད་པ་དང། ལན་འདེབས་བྱེད་པ། འདི་ཚོའི་བཤད་བཞག་པར་དོ་སྣང་བྱེད་པ་ནི་གཉིས་ཕུང་གི་རྒྱུ་དངོས་གནས་དེ་ཡིན་སྟབས། ལག་པ་འཆང་ན་ཞེ་ས་མ་ཞུས་ན་སྐྱག་པ་ཁ་རོགས་རེད།།
ཀརྨ་ཆོས་འཕེལ་༸གོང་ས་མཆོག་གི་ཀུན་སློང་ལ་ཐེ་ཚོམ་ཡོད་པ་ཚང་མས་ཤེས་གསལ་རེད། དེའི་རྐྱེན་ཁོ་པའི་ལྷག་བསམ་ལ་ཡིད་ཆེས་བྱེད་ཐུབ་མཁན་༸གོང་ས་མཆོག་ནས་གཤམ་ལས་བྱེད་བར་དུ་གཅིག་ཀྱང་མེད་པ་གསལ་བོ་རེད། དེ་སྔ་ཚོགས་གཙོ་ཆ་བགོས་སྐབས་ཀྱང་སྤྱི་འཐུས་ནང་རྐར་ཆོས་ལམ་ཁ་ཞིག་མ་བཏོད་ན་དེ་མུར་རྒྱ་ནག་ལ་མགོ་འདོགས་ཞུ་སྲིད་པའི་སྐད་ཆ་ཞིག་སྤྱི་འཐུས་ལྷན་ཚོགས་ནང་བྱུང་ཡོད། དེ་བཞིན། ཁོ་པས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཆུང་དང་པོའི་ནང་ཁོ་པ་དང་ཁོའི་ནང་མི་རྒྱ་གཞུང་དང་ཤ་འཁོན་གང་ཡང་མེད་ཅེས་བཤད་འདུག
དེ་བཞིན། འཇམ་ནོར་གྱིས་ཀྱང་རྒྱ་གཞུང་གི་རོགས་བྱས་ན་སྐུའི་གཅུང་པོའི་སྐད་ཆ་རྙིང་པ་དེ་འཁྱེར་ཡོང་ནས་ཉི་མ་ཁ་དཀར་ངོ་དཀར་ལ་ཧམ་ཆེན་བཤད་ཀྱི་ཡོད་པ་རེད། ཆོས་ཕྱོགས་ནས་བཤད་ན་བདེ་ཆེན་སྤྲུལ་སྐུ་སོགས་དང་གྲོགས་སྒྲིག་ཐུབ་མཁན། ཆབ་སྲིད་ནས་རང་བཙན་བཤད་ཁུལ་མ་གཏོགས། པེ་ཅིང་མཁར་དུ་ག་དུས་འགྲོ་འགྲོ ཨ་རྒྱ་གཉིས་ཀ་ནས་ཁེ་ཕན་རེག་རེག་པ་ཞིག་ཡིན་པ་སྨྲས་མེད་ཁར། རང་བཞིན་བསམ་སྤྱོད་ཆོལ་ཁའི་ཕྱོགས་རིས་ཆེ་བ། ༼ དེ་སྔ་མགོན་ཚེ་འདས་པོའི་འཇམ་ནོར་གྱི་བསམ་སྤྱོད་ལ་དོགས་པ་ཡོད་པ་རྩོམ་ཅིག་ཏུ་བྲིས་ཡོད་པས། ཁོང་གིས་མགོན་ཚེར་རྗེས་དྲན་གླེང་སློང་ཙམ་ཡང་བྱས་མེད། ལྟ་བ་གསར་པ་མི་རབས་གསར་པ་ཟེར་བཞིན་དུ། བློ་བཟང་སེང་གེར་སྐྱོན་བརྗོད་བྱ་ཕྱོགས་ཚང་མར་ཆོལ་ཁའི་ན་ཚ་ཁྱབ་ཡོད། ༽འདི་ལྟ་བུའི་གང་ཟག་རིགས་ཤིག་གིས་བོད་ལ་རང་བཙན་ལེན་ཐུབ་ཀྱི་རེད་དམ། བླངས་ན་བོད་མི་མང་ལ་དགོས་ཀྱི་རེད་དམ། དེ་བས་ངས་བསྐྱར་ནན་གྱིས་བཤད་འདོད་པ་ཞིག་ནི་མི་འདི་རིགས་ལ་དོ་སྣང་གནང་ན་དུས་འཕྲོ་བརླག་རེད།།
འཇམ་ནོར་གྱིས་ད་རེས་སྐད་ཆ་གོ་རྒྱུ་ཡོད་པ་ཞིག་བཤད་འདུག་པ་འདི་རེད།
ཁོས་“དེ་དག་ཐམས་ཅད་བཙན་བྱོལ་ནས་བསྒྲུབ་ཐབས་ཡོད་པ་ཞིག་མ་རེད། བཙན་བྱོལ་དུ་བསྡད་པ་ཙམ་གྱིས་རྒྱ་ནག་ལ་ཡིད་ཆེས་མེད་པ་སྟོན་གྱི་ཡོད། དེས་རྒྱ་ནག་མགོ་ཁྲིད་ཚོ་ལ་ཐལ་ལྕག་གཞུ་བ་ལྟ་བུ་རེད། བཙན་བྱོལ་དུ་བསྡད་པ་འདིས་བཙན་བྱོལ་དུ་གཏོང་མཁན་གྱི་སྲིད་དབང་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད།” ཟེར།
དངོས་གནས་དབུ་མའི་ལམ་གྱི་འཐབ་རྩོད་འདིར་ཡང་དག་པར་ཞུགས་ཚེ་བོད་དུ་ཕྱིར་ལོག་རྒྱུ་དེ་ཁོ་ན་རེད། དེ་མིན་མི་ཡུལ་ན་ཇི་ཙམ་ལྡིང་ཡང་རྒྱ་ནག་གིས་སྣང་བ་གཏོང་གི་མ་རེད།
ངས་སྐད་ཆ་འདི་དག་གི་དོན་གོ་དཀའ་ནའང་རང་གིས་ཤེས་ཚོད་ལྟར་ཞིབ་ཀློག་འགའ་བྱས་བ་ཡིན། ༧གོང་ས་མཆོག་ལ་ཅང་བཤད་མེད་པ་འདྲ། དབུ་ལམ་བ་ཚོ་ནག་འདེད་བྱས་འདུག དེའང་མིང་བཟུང་ཚིག་བཟུང་གིས་བཤད་འདུག དེ་ལ་དེ་མཚུམས་ཀྱིས་བགག་ན་འོས་བ་ལས་ཧ་ཧ་ཧ་ཞེས་བ་ཙམ་གྱིས་རང་ཉིད་ཁོག་སྟོང་ཡིན་པ་དེ་བསྟན་པ་ཙམ་དང་དེའི་ཞོར་ཏུ་ང་ཁྱོད་ལ་མི་དགའ་ཞེས་བ་ཙམ་རེད་མོ། རྒྱུ་མཚན་བཤད་རྒྱུ་མེད་ན་མ་དགའ་བ་དེ་རང་གི་སྡུག་གྱོང་མ་རེད་དམ།
རེད་ཡ། ཤར་ཁུག་ཁྱོད་ཀྱང་གད་མོ་རྐུབ་ནས་སློང་མཁན་གྲས་ཤིག་རེད། བྱས་ཙང་ཁྱོད་ཀྱིས་ཀྱང་དར་དམར་འཕྱར་ནས་ས་ལྡིང་གནམ་ལྡིང་འདྲ་བྱས་སོང་ཡང་བསྡད་ས་ཡུལ་བགྱར་ལས་བརྒལ་མི་ཐུབ་པ་འདི་ཅི་རེད། དེས་ན་ཁྱོད་ཡང་སྐྱར་གྲྭ་ཆས་ཤིག་བསྣབས་ནས་ཟམ་གདོང་བླ་མའི་འཁོར་གཡོག་ཏུ་འབྲངས་ཏེས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རན་རེད་ལ། ཏང་ཀྲུང་དབྱང་སྲིད་གཞུང་དང་མཉམ་དུ་མཉམ་ལས་བྱེད་འགོ་འཛུགས་དགོས་རན་རེད། ཧ་ཧ།
༼༼ར༸རྒྱལ་བ་རིན་པོ་ཆེ་ནི་ཕྱིར་ལོག་ཐབས་བྲལ་བ་ཞིག་རེད། ང་བཙན་ཐབས་རྩོད་པ་ཚོས་ཚེ་སྲོག་དང་ངལ་བ་དུ་མ་ཁྱད་དུ་བསད་ཟིན་པས་༽༽
འཇམ་ནོར་གྱི་སྐད་ཆ་འདི་མ་རང་བ་ཞིག་རེད། མདོར་དེད་ན། གོང་ས་མཆོག་དེ་སྔོན་བོད་ནས་ཕེབས་དུས་རང་བཙན་པ་ཚོས་ཁྲིད་ཡོང་བ་རེད། དེའི་ཆེད་དུ་མི་མང་པོ་བློས་བཏང་བ་རེད། ད་ལྟ་གང་འདོད་ཀྱིས་འགྲོ་མི་ཆོག་ཟེར་བ་རེད།
སྐད་ཆ་དུམ་བུ་འདིས་གཞིས་ལུས་མི་དམངས་ཀྱི་སེམས་ཁམས་རྙོག་གིན་ཡོད། རང་བཙན་པ་ཚོར་བརྡ་སྟོན་གྱིན་ཡོད། ནམ་ཞིག་ལངས་ཕྱོགས་འདི་སྟེང་བོད་དུ་ལོག་རྒྱུ་ཞིག་འཆར་ཡང་། ཁོང་ཉིད་སྐུ་ཚེ་ཡི་བར་སྐྱབས་བཅོལ་བཞུགས་དགོས་ཡོད་ཅེས་པ་རེད།
ངོ་མ་སྙིང་ཁམས་ཆེ་བའི་སྐད་ཆ་ཞིག་རེད།
ཧཧཧཧཧ ད་འཇམ་ནོར་ཀརྨ་ཆོས་གཉིས་ཀ་གནམ་ལྡིང་ས་ལྡིང་ག་ཚོད་བྱེད་ཀྱི་ཡོད་ན་བྱེད་དུ་ཆུགས་དང། ང་ཚོ་མུ་མཐུད་ནས་གད་མོ་རྐྱང་རྐྱང་སློང་ས་རེད། ཧཧཧཧཧཧ
ད་དུང་དེའི་ཉེ་འཁྲིས་ཟ་ཟུར་ན་དུག་སྦྲང་ཁ་ཤས་ཀྱིས་བིར་བིར་ཞེས་སྐད་སྒྲོག་གི་མི་འདུག་གམ། ཧཧཧཧཧཧ ཆེ་ཕྲ་བར་མ་སུས་ཀྱང་བདག་མེད་དུ་གཡུགས་པའི་འབྲས་བུ་ལས་རང་གིས་བྱས་པའི་འབྲས་བུ་ཡིན་པ་རང་ངོ་རང་ལ་ར་སྤྲོད་གསལ་བོ་བྱུང་བའི་རྟགས་གསལ་བོ་འདུག་གཱ ཧཧཧཧཧ
ད་དངོས་གནས་དྲང་གནས་འཇམ་ནོར་འདི་ལ་སུན་སྣང་སྐྱེས་སོང་། ང་རང་ལ་མཚོན་ན་བོད་རང་བཙན་ལ་ལུས་ངག་ཡིད་གསུམ་གྱིས་ཡིད་ཆེས་དད་འདུན་ཡོད་མཁན་ཞིག་ཡིན། དུས་རྒྱུན་དུ་ནས་བོད་རང་བཙན་དོར་བ་ཡིན་ན་བོད་དོན་འཐབ་རྩོད་ཟེར་བ་དེ་ལ་དགོས་མཁོ་ཏིལ་འབྲུ་ཙམ་ཡང་མཐོང་གི་མེད། མི་འདི་ལྟ་བུ་མང་དྲགས་པའི་དབང་གིས་བོད་རང་བཙན་དང་བོད་རང་བཙན་རྩོད་མཁན་ཚོའི་ཆེ་མཐོང་སྤྱི་ཚོགས་ནང་ནས་བརླག་པ་རེད། ཁ་པར་ཁོར་ནས་རྒྱ་ནག་ལ་ལུས་འཐབ་ངག་འཐབ་ཀྱིས་རྒྱལ་ཁ་ཕྲན་བུ་རེ་ལེན་ཨེ་ཐུབ་ཀྱི་འབད་བརྩོན་ཟུར་ཙམ་ཡང་བྱེད་མི་ཕོད་པར། རོ་ནང་ལ་འཁོར་ནས་བོད་གཞུང་དང་༧གོང་ས་མཆོག་ལ་ཁ་གཏོང་རྐྱང་བྱས་ཏེ་མཚན་སྙན་གྲགས་རེ་ཨེ་རེག་ལ་རེ་བ་རྒྱག་གི་ཡོད་རེད། དངོས་གནས་དྲང་གནས་རང་བཙན་ལ་དགའ་ཞེན་དང་། བོད་རང་བཙན་གཙང་མ་མངོན་འདོད་ཡིན་ན་རྒྱ་ནག་ལ་རྩོད་དགོས་རེད་ཤེས་དགོས། ང་ཚོར་བོད་རང་བཙན་སྤྲོད་ཀྱི་མེད་མཁན་དེ་རྒྱ་ནག་རེད་མ་གཏོགས་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་མིན་པ་ཤེས་དགོས།
ལམ་སྟོན་ཡང་དག་ཅིག་གནང་ཤག ཡིག་རྩལ་ཞིག་ཀྱང་རེད། མདོར་དེད་ན། ཡེ་ཤེས་དབྱིངས་དཔྱད་ལ་དད་དམ་མི་དམ་རེད་ལ། དད་སྨྲ་མཁནཚོས་གྲ་སྒྲིག་བྱེད་རན་འདུག འགྲོ་རན་འདུག ཟམ་གདོང་རིན་པོ་ཆེ་དང་། བློ་སེང་དང་སྤེན་ཚེ་གསུམ་གྱིས་རྒྱ་གཞུང་གི་ཕྱི་བསྐྱོད་ལག་འཁྱེར་ལ་སྙན་ཞུ་ཕུལ་དགོས་ཀྱི་རེད། འོ་རེད། བློ་སེང་གིས་འཕར་འགྱངས་ཞུས་ཆོག་རེད། དེ་མིན་སྤྱི་འཐུས་དང་ཆོལ་ཁ་སོགས་ནས་དང་བླངས་པ་སླེབས་འོས་ལ། ༼མེས་རྒྱལ་དུ་ལོག་པའི་ཐོབ་ཐང་རྩོད་དགོས་ཀྱི་རེད།༽ མ་གཞི་ཁྲིམས་ཐོག་ནས་བཤད་ན། འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གྱི་དོན་ཚན ༡༣ནང་གསལ་ཡོད། ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡོད།