བྱང་ཀོ་རི་ཡའི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་ཆེན་པོ་ཞིག་པ་ན་མཱའི་མཚོ་འགག་ནས་འཛིན་བཟུང་བྱས་སྐབས་དེའི་ནང་གྲང་དམག་སྐབས་ཀྱི་ཨུ་རུ་སུའི་མཚོན་ཆ་མང་པོ་ཞིག་ཕྱིར་འདོན་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༦ ཉིན་པ་ན་མཱ་( Panama) རྒྱལ་ཁབ་ཀྱི་མཱན་རྫ་ནེ་ལྭོ་( Manzanillo)མཚོ་འགག་གི་སྐོར་སྲུང་དམག་མིས་གྲུ་གཟིངས་ཆེན་པོ་ཞིག་ཏུ་ཉལ་ཐ་སོགས་ཀྱི་ནག་ཚོང་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་སྔོག་བཤེར་བྱེད་སྐབས། གྲུ་གཟིངས་དེའི་ནང་སྒྱེ་མོ་ ༢༥༥༠༠༠ ནང་བླུགས་ཡོད་པའི་བྱེ་མ་ཀ་ར་ལྗིད་ཚད་ཏུན་ ༡༠༠༠༠ ཡོད་པ་དང་། དེ་དག་གི་འོག་ཏུ་གནམ་གྲུའི་འཇབ་རྒོལ་ལ་འགོག་སྲུང་བྱེད་ཐུབ་པའི་འཕུར་མདའི་མ་ལག་ ༢ དང་སྒྱོགས་མདེལ་ ༩ ལྷག་གི་ལྷུ་ལག དེ་བཞིན། འཐབ་འཁྲུག་གནམ་གྲུ་( MiG-21) རྟགས་ཅན་ ༢ དང་དེའི་མ་ལག་འཕྲུལ་འཁོར་ ༡༥ བཅས་ཀྱི་མཚོན་ཆ་སྦས་སྐུང་བྱས་ཡོད་པ་ལག་སོན་བྱུང་ཡོད་འདུག
ཐེངས་འདིར་ལག་སོན་བྱུང་བའི་མཚོན་ཆ་དེ་དག་ནི་རྒྱལ་སྤྱིའི་ཐོག་ཚོང་འབྲེལ་བྱེད་པའི་ཆོག་མཆན་མེད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ཉེས་ཆད་ཁྲིམས་གཞིར་ཡང་འགལ་ཡོད་སྟབས། པ་ན་མཱའི་མཚོ་འགག་སྐོར་སྲུང་བས་གྲུ་དཔོན་དང་ཁོའི་ལག་རོགས་ ༣༥ ཚང་མ་འཛིན་བཟུང་གིས་འདྲི་གཅོད་བྱེད་བཞིན་ཡོད་འདུག
གྲུ་གཟིངས་དེ་ནི་བྱང་ཀོ་རི་ཡ་ནས་ཡིན་པ་དང་། ནམ་རྒྱུན་བྱང་ཀོ་རི་ཡའི་མཐའ་འཁོར་རྒྱལ་ཁབ་ཁག་དང་ཡུ་རོབ་བཅས་སུ་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་སྒེར་སྤྱོད་གྲུ་གཟིངས་ཇོང་སུང་གྷོལ་(Chong chon Gang) ཞེས་པ་དེ་ཡིན་འདུག ཐེངས་འདིར་གྲུ་གཟིངས་དེས་ཁེའུ་བྷ་( Cuba) རྒྱལ་ཁབ་ནས་བྱང་ཀོ་རི་ཡར་བྱེ་མ་ཀ་ར་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པའི་ངོ་བོའི་ཐོག་འགྲུལ་སྐྱོད་བྱས་ཡོད་འདུག
ཁ་སང་པ་ན་མཱའི་སྲིད་འཛིན་གྱིས་གསར་ལམ་ཁག་ཏུ་ “ ང་ཚོས་བྱང་ཀོ་རི་ཡའི་གྲུ་གཟིངས་ནང་ལག་རྩལ་མཐོ་བའི་སྒྱོགས་མདེལ་མ་ལག་མང་དག་ཅིག་ལག་སོན་བྱུང་ཡོད་ལ། གོ་མཚོན་དེ་དག་ནི་རྒྱལ་སྤྱིའི་ནང་ཚོང་འབྲེལ་བྱེད་མི་ཆོག་པར་བཀག་སྡོམ་བྱས་ཡོད་པ་ཞིག་རེད་འདུག པ་ན་མཱའི་མཚོ་འགག་ནི་དམག་འཁྲུག་གི་མཚོ་འགག་ཞིག་མིན་པར་ཞི་བདེའི་མཚོ་འགག་ཞིག་ཡིན་” ཞེས་བརྗོད་ཡོད་འདུག ཆུ་ཚོད་ཁ་ཤས་རྗེས་སུ། པ་ན་མཱའི་བདེ་སྲུང་བློན་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་མཁས་རྟོག་ཞིབ་པ་ཆེད་གཏོང་གནང་སྟེ། མཚོན་ཆ་དེ་དག་ལ་ཞིབ་འཇུག་དང་ཁྲིམས་འགལ་ནག་ཚོང་རྒྱག་མཁན་ལ་ཁྲིམས་ཆད་གཅོད་དགོས་པ། ད་དུང་ཁོང་གིས་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་གནད་དོན་དེར་རྟོག་ཞིབ་རོགས་རམ་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་དགོས་ཚུལ་ཡང་བརྗོད་འདུག
ཁ་སང་དགུང་མོར་ཁེའུ་བྷའི་ཕྱི་སྲིད་ལས་ཁུངས་ནས་གནས་ཚུལ་དེར་གསལ་བཤད་ཅིག་བྱས་པར། མཚོན་ཆ་དེ་དག་ནི་དུས་རབས་ཉི་ཤུའི་བེད་མེད་མཚོན་ཆའི་རིགས་ཡིན་པ་དང་། ཐེངས་འདིར་བྱང་ཀོ་རེ་ཡའི་ནང་ཁྱེར་ནས་བཟོ་བཅོས་བརྒྱབ་རྗེས་ཕྱིར་ཁེའུ་བྷར་སྐྱེལ་འདྲེན་བྱེད་འཆར་ཡོད་པ། ཁེའུ་བྷ་གཞུང་གིས་འཛམ་གླིང་གི་ཞི་བདེ་དང་མཚོན་ཆ་བཀག་སྡོམ། རྒྱལ་སྤྱིའི་རྩ་ཁྲིམས་བཅས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་སྐོར་སོགས་ནན་བརྗོད་བྱས་ཡོད་མོད། མཚོན་ཆའི་ཆེད་མཁས་པས་བརྗོད་ན། མཚོན་ཆ་དེ་དག་སྔོན་མ་གྲང་དམག་སྐབས་ཁེའུ་བྷ་རྒྱལ་ཁབ་ཀྱིས་ཨུ་རུ་སུ་ནས་ནང་འདྲེན་བྱས་པ་ཤ་སྟག་ཡིན་སྐོར་བདེན་དཔང་བྱས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པས། པ་ན་མཱའི་ཕྱོགས་ནས་ད་སྔ་གནས་ཚུལ་དེའི་སྐོར་གྱི་གཞུང་འབྲེལ་སྙན་ཞུ་གང་ཡང་འབྱོར་མ་སོང་མོད། གལ་སྲིད་གནད་དོན་དེ་དོན་དངོས་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་མཁས་པའི་ཚོགས་ཆུང་བཙུགས་ཏེ། གནས་ཚུལ་དེར་ཡང་བསྐྱར་ཞིབ་འཇུག་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག
ཨ་རིའི་མཐོ་རིམ་ལས་བྱེད་ཅིག་གིས་གསར་འགོད་པར་“ ཉིན་ཤས་སྔོན་ནས་ཨ་རིའི་གཞུང་གིས་གྲུ་གཟིངས་དེར་རྗེས་འདེད་གཏོང་གི་ཡོད་ལ། པ་ན་མཱ་གཞུང་གིས་གྲུ་གཟིངས་དེ་བཀག་འགོད་བྱ་རྒྱུ་ཡིན་པའང་ཤེས་ཡོད”ཅེས་བརྗོད་ཡོད་ཀྱང་། ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་དེར་ངོས་ལེན་བྱས་མེད་ལ། གྲུ་གཟིངས་དེ་སྔོན་མ་ནས་ཉལ་ཐ་ནག་ཚོང་ལ་འབྲེལ་བ་ཡོད་པ་ཧ་གོ་ཡོད་སྐོར་བཤད་འདུག
ཇོང་སུང་གྷོལ་གྲུ་གཟིངས་དེ་ནི་ ༡༩༧༧ ལོར་བཟོ་བསྐྲུན་བྱས་པ་ཞིག་ཡིན་ཞིང་། ཤིང་རིང་ཚད་མི་ཊར་ ༡༥༥ ཡོད་པ་དང་། ༢༠༠༩ ལོར་མཚོ་ཇག་གི་འཇབ་རྒོལ་ཐེངས་གཅིག་ཐེབས་མྱོང་ཡོད་འདུག ༢༠༡༠ ལོར་ཡུ་ཁུ་རེན་( Ukraine)གཞུང་གིས་གྲུ་གཟིངས་དེས་མཚོན་ཆ་དང་མྱོས་རྫས་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་ཤེས་ཏེ་འཛིན་བཟུང་བྱས་ཡོད་ཀྱང་རྗེས་སུ་ཀློད་གྲོལ་བཏང་ཡོད།
རྒྱལ་སྤྱིའི་ཐོག་གི་གནས་ཚུལ་གལ་ཆེན་རིགས་དུས་ཐོག་ཏུ་བོད་ཡིག་ནང་བསྒྱུར་ཏེ་སྤེལ་བ་འདི་ཧ་ཅང་གི་དོན་བཟང་ཞིག་དང་སྤྱི་ཚོགས་ལ་ལམ་སྟོན་རྩ་ཆེན་ཤོས་ཤིག་རེད།
བོད་སྐད་བོད་ཡིག་ལས་མི་ཤེས་མཁན་ང་ལྟ་བུ་དག་ལ་སྦི་སྦི་སི་BBCདང་། ཤི་ཨིན་ཨིན་CNN སོགས་ཀྱི་བརྙན་འཕྲིན་རླུང་འཕྲིན་ལ་ལྟ་ཉན་བྱེད་ཐུབ་པ་དང་། ནེ་ཡོག་དུས་བབ་The New york timesདང་། རྒྱ་གར་དུས་བབ་ Thetimes of india སོགས་ཀྱི་ཚགས་པར་དང་དྲ་རྒྱར་ལྟ་ཀློག་བྱེད་ཐུབ་པའི་གོ་སྐབས་སྐྲུན་སོང་། བོད་ཀྱི་དུས་བབ་ཐུགས་རྗེ་ཆེ། ཡང་སྒོས་གསར་འགོད་པ་ཐུགས་རྗེ་ཆེ།