ཁམས་འབྲི་རུ་རྫོང་གི་རྒན་པོ་ཟླ་གཡང་ཟེར་བ་ཞིག་གིས་བོད་རང་དབང་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཏེ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
ངག་དབང་ཐར་པ་ལགས་སུ་བོད་ནས་གནས་ཚུལ་འབྱོར་བར། ཟླ་འདིའི་ཚེས་ ༣ ཉིན་ནག་ཆུ་འབྲི་རུ་རྫོང་གིོ་ས་ཁུལ་ཁག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་གོ་སྒྲིག་འོག ས་གནས་ལས་ཁུངས་ཁག་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་གྱི་ཚོགས་ཆུང་དང་ཟློས་གར་འཁྲབ་སྟོན་པ་ཁག་གཅིག་གྲོང་ཚོ་ཁག་ཏུ་བཏང་སྟེ་ཆབ་སྲིད་དང་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྐབས། ནག་ཆུ་འབྲི་རུ་རྫོང་ཚ་ཆུ་ཡུལ་ཚོའི་གདོང་ལ་རི་མདོ་གྲོང་ཚོའི་གྲོང་མི་རང་ལོ་ ༦༨ ལ་སོན་པའི་ཟླ་གཡང་ཟེར་བའི་ཕ་རྒན་ཞིག་གི་ཕྱག་ལ་ཁ་བཏགས་བཟུང་སྟེ། བོད་ནི་རང་དབང་རང་བཙན་ཡིན་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱ་མི་བོད་ནས་འགྲོ་དགོས་ཞེས་སྐད་འབོད་ཐེངས་མང་བརྒྱབ་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་མཚན་མོ་དེ་རང་ལ་རྒན་པོ་དེའི་མགོ་ལ་རས་ནག་པོའི་གཡོགས་ཏེ་འཛིན་བཟུང་བྱས་པ་མ་ཚད་ཉེས་རྡུང་ཚད་མེད་བཏང་ཡོད་འདུག
ཕྱི་ཚེས་ ༩ ཉིན་འབྲི་རུ་རྫོང་མི་མང་སྨན་ཁང་དུ་ཁོང་ཤི་མིན་རོ་མིན་ངང་སྨན་བཅོས་བྱེད་བཞིན་ཡོད་འདུག་ཀྱང་། དེའི་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
དེང་སྐབས་ནག་ཆུ་རྫོང་གི་སྟར་ཆེན་ཡུལ་ཚོ་དང་། འབྲི་རུ་རྫོང་གི་ཟླ་ཐང་ཡུལ་ཚོ། ཚ་ཆུ་ཡུལ་ཚོ་བཅས་ཀྱི་ས་གནས་ཁག་ལ་སླར་ཡང་ལས་དོན་ཚོགས་ཆུང་གི་ལས་འགུལ་སྣ་ཚོགས་སྤེལ་ཏེ། གོང་གསལ་ཡུལ་གྲོང་ཁག་ལ་ལས་བྱེད་མི་སྣ་༡༠༠༠ ལྷག་ཆེད་གཏོང་བྱས་ནས། མི་ཚང་གསུམ་རེ་ལ་ལྟ་རྟོག་བྱེད་མཁན་ལས་བྱེད་རེ་བསྐོ་འདེམས་བྱས་ཏེ་དམ་དྲག་ཧ་ཅང་ཆེན་པོའི་འོག་བཞག་ཡོད་འདུག
ངོ་མ་ཡག་བྱུང་འབྲི་རུའི་རྒན་པོ་ལགས། །
ལག་ལ་དར་དཀར་བཟུང་ནས་བློ་སྟོབས་ཀྱིས། །
ཁ་ནས་རང་དབང་རང་བཙན་འབོད་སྒྲ་སྒྲོགས། །
གངས་ཅན་དཔའ་རྒོད་ཁྱེད་ཀྱི་གཟི་བརྗིད་ཡིན། །
༧རྒྱལ་བ་སྐུ་ཚེ་བརྟན་པའི་སྨོན་ལམ་དང་། །
དད་པ་དམ་ཚིག་གཙང་བའི་ཕ་རྒན་ལགས། །
རང་རྒྱལ་མི་རིགས་ཆེད་དུ་དཔའ་ངར་འདི། །
ལ་རྒྱའི་སྙིང་སྟོབས་ཆེ་བའི་དཔའ་རྒོད་ཁྱོད། །
ས་ཡ་དྲུག་གི་བདེ་སྡུག་ཁྱེད་ཀྱིས་གླེང་། །
དམར་པོ་རྒྱ་ཡིས་ཁྱེད་ལ་བཅར་རྡུང་བཏང་། །
ཤི་མིན་རོ་མིན་བཟོས་པའི་སྤུན་ཟླ་ཁྱོད། །
གཤིན་རྗེའི་གནས་ནས་སྐྱོབས་པའི་ལན་འགན་ཡོད། །