དེ་རིང་ཞོགས་པར་བོད་མིའི་སྒྲིག་འཛུཊ་བཀའ་ཤག་སྒོ་འགྲམ་དུ་བཞུགས་སྒར་གནས་བཞུགས་རྒན་རྒོན་ལྔ་ཡིས་འཕྲེད་དར་འཕྱར་ཏེ་མསྤྱི་འཐུས་ཀརྨ་ཆོས་འཕེལ་ལ་ངོ་རྒོལ་བྱས་འདུག
དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༠ ཡས་མས་སུ། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྒོ་འགྲམ་དུ་བཞུགས་སྒར་གནས་བཞུགས་ཆབ་སྲིད་བཙོན་ཟུར་རིག་འཛིན་ཆོས་ཉིད་དང་། བློ་བཟང་ནོར་བུ། དིང་རི་ངག་དབང་བཅས་རྒན་པོ་གསུམ་དང་། ཨ་ནེ་ངག་དབང་སྒྲོལ་མ་དང་། གཞན་ཨ་ནེ་གཅིག་བཅས་རྒན་རྒོན་ལྔ་ཡིས། ལག་ཏུ“ སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་འཕྲལ་དུ་ཕྱིར་འཕུད་གཏོང་དགོས།” ཞེས་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་བྱས་ཡོད་འདུག ཕྱིས་སུ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཅིག་སྐད་བཏང་སྟེ་ལས་ཁུངས་སུ་འཁྲིད་དེ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གསལ་བཤད་གནང་རྗེས་ཕྱིར་རང་ཁྱིམ་དུ་ལོག་ཡོད་འདུག
ཉེ་ལམ་གོང་གསལ་རྒན་རྒོན་དེ་དག་མཚན་རྟགས་འཁོད་པའི་སྙན་ཞུ་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། བཀའ་ཤག་ལྷན་རྒྱས། རྒྱལ་བ་ཀརྨ་པ་མཆོག་གཙོས་པའི་བླ་ཆེན་དང་དགོན་སྡེ་ཁག ཟུར་སྐྱོང་སྡེ་ཚན་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག བཞུགས་སྒར་མེག་ལོར་ཁྲོམ་གཞུང་དང་གངས་སྐྱིད་སྒོ་ཆེན་ཉེ་འགྲམ་སོགས་ས་ཆ་གནས་གང་སར་སྤྱར་འགྲེམས་བྱས་ཡོད་པའི་ནང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་དབུས་གྲོས་ཚོགས་འཐུས་མི་ལྷན་རྒྱས་པའི་ཞབས་དྲུང་དུ། གུས་འབངས་ཆབ་སྲིད་བཙོན་ཟུར་རིག་འཛིན་ཆོས་ཉིད་དང་། དིང་རི་ངག་དབང་། བློ་བཟང་ནོར་བུ་སོགས་ནས་ཞུ་སྙིང་། དེ་ཡང་དགོངས་དབྱིངས་སུ་མངའ་བ་བཞིན་ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཀརྨ་ཆོས་འཕེལ་གྱིས་སྔ་ཕྱི་བར་གསུམ་དུ་བྱ་ངན་སྤྱོད་ལོག་ཇི་སྙེད་བྱས་པ་གཞུང་འབངས་ཚང་མས་མཁྱེན་ཆུབ་ཞིབ་ཞུ་མ་དགོས་པ་དང་། དམིགས་བསལ་ད་རེ་ཞུ་དོན་སྙིང་པོར་འདི་ལོ་ཕྱི་ཟླ་ ༣ གྲོས་ཚོགས་ཐོག་སྤྱི་འཐུས་ཀརྨ་ཆོས་འཕེལ་ནས་༸གོང་ས་མཆོག་གིས་ལམ་དབུ་མ་གསུང་བཞིན་པ་ཡང་ཐུགས་ནང་རང་བཙན་ཡོད་ལུགས་སོགས་གཏམ་བཤད་མང་དག་བྱས་པ་ལྷ་མི་ཀུན་ཤེས་དེ་ལྟར་ཡང་།
ད་རེ་ཕྱི་ཟླ་ ༩ ཚེས་ ༦ ཉིན་སྤྱི་འཐུས་ཀརྨ་ཆོས་འཕེལ་ནས་གསལ་བསྒྲགས་བྱས་ཏེ་གོང་གསལ་གཏམ་བཤད་རྩ་བ་ནས་བྱས་མེད་ལུགས་སོགས་བརྗོད་པ་མ་ཟད། འོན་ཀྱང་སྙན་གསེང་སྒྲོན་སྟངས་ནས་༸གོང་ས་མཆོག་མི་ལེགས་པའི་དགོངས་ཚུལ་ཞིག་བྱུང་ཡོད་གཤིས་ཟེར་བ་སོགས་མདོ་དོན་རང་ཉེས་ཁས་ལེན་མེད་ཁར། ༸གོང་ས་མཆོག་དང་། བཀའ་ཤག་ལྷན་རྒྱས། བོད་མི་མང་སྤྱི་འཐུས་གྲོས་ཚོགས། རྒྱ་ཆེའི་མང་ཚོགས། བོད་ཕྲུག་སློབ་གྲྭ་བ་བཅས་ལ་ཚུལ་མིན་གྱི་བསྙོན་དཀྲི་དང་སྡིགས་དམོད་བྱེད་པ་སོགས་ཀརྨ་ཆོས་འཕེལ་ནི་ཡ་རབས་བཟང་སྤྱོད་ཀྱི་དྲི་མ་ཙམ་མེད་པར་མ་རབས་ཐ་ཤལ་ཅན་གྱི་མི་ཞིག་སྤྱི་འཐུས་ཀྱི་འོས་བབ་མི་ལྡན་པར་གྲོས་ཚོགས་ནས་འཕྲལ་དུ་ཕྱིར་འབུད་ཡོང་བར་གྲོས་ཚོགས་ལྷན་སྟེང་ནས་དགོངས་བཞེས་མཐའ་གཅིག་ཏུ་ཡོང་བ་ལས། མུ་མཐུད་གནས་ན་གྲོས་ཚོགས་ལའང་མཚན་ཤས་ཡོང་ངེས་ལ་གུས་འབངས་མིང་བཀོད་རྣམས་ནས་རེ་འབོད་ཤུགས་དྲག་ཞུ་རྒྱུ་མ་ཟད། མུ་མཐུད་རེ་འབོད་ཞུ་སྐུལ་སོགས་ལས་འགུལ་ཅི་ཆེ་ཞུ་དགོས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནས་ཕྱིར་འབུད་མ་བྱུང་བར་རྒྱུན་མཐུད་ཞུས་ཆོག་པའི་སྙན་ཞུ་དུ། རིག་འཛིན་ཆོས་ཉིད། དིང་རི་ངག་དབང་། བློ་བཟང་ནོར་བུ་བཅས་གོང་མིང་གསུམ་ནས་ཞེས་འཁོད་འདུག
གསར་འགོད་པ། དོན་གོ