༄༅།། རྒྱ་ཆེ་བའི་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ཀྱི་སྙན་ལམ་དུ།
ཕྱི་ལོ་ ༢༠༡༣ ཟླ་༡༢པའི་ཚེས་༡༢ ནས་ ༢༡ བར་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ཉེར་གཉིས་པ་འཆར་ཅན་བཞིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་པའི་གནས་མཆོག་ལུམྦཱིནཱིར་ཚོགས་གཏན་ཁེལ་ཞིང་། ཚོགས་མགོན་དུ་སྐྱབས་མགོན་༸འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་དབུ་བཞུགས་ཐོག ལྷ་རིགས་འཁོན་གདུང་རྣམ་པ་དང་། ངོར་མཁན་ཆེན་རྣམ་པ། གདན་ས་ཁག་གི་ཞབས་དྲུང་རྣམ་པའི་དབུས་ས་སྐྱའི་བླ་ཆེན་ཁག་དང་། བསྟན་པའི་གསལ་བྱེད་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་དུ་མ་དང་། རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་གིས་གཙོས་འཛམ་གླིང་ཕྱོགས་མཐའ་གང་ས་ནས་ཕེབས་པའི་འདུས་ཚོགས་སྐྱ་སེར་ཡོངས་ནས་ཉིན་བཅུའི་རིང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་གསོག་བསྒྲུབ་ཞུ་འཆར་ལགས་ཤིང་། ༸སྐྱབས་མགོན་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཟླ་བ ༡༢ ཚེས་ ༡༥ ཉིན་དད་ལྡན་མང་ཚོགས་བྱིངས་ལ་འཆི་མེད་ཚེ་དབང་ཟབ་མོ་བཀའ་དྲིན་བསྐྱང་རྒྱུ་དང་། ལྷག་པར་དུ་ཚེས་ ༡༦ནས་ ༡༨ བར་ཉིན་གསུམ་རིང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཀའ་ཁྲིད་གནང་རྒྱུའི་ཞལ་བཞེས་སྐལ་བཟང་སྨིན་པ་ལྟར་ཐུགས་གཏན་ཁེལ་བ་ལགས། དེ་ཡང་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་འདི་བཞིན་ཐོག་མར་༸སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་དང། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག ༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྣམ་པ་གསུམ་གྱིས་ཐུགས་ཁུར་ཆེར་བཞེས་ཀྱིས་དབུ་བཙུགས་པ་ནས་ད་བར་སྤྱི་བྱེའི་བསྟན་འགྲོར་སྨིན་པའི་དགེ་ཚོགས་རླབས་པོ་ཆེ་བསགས་པ་ལྟར། འདི་ལོ་སྨོན་ལམ་ཆེན་མོ་སྐབས་ཉེར་གཉིས་པ་འདི་ཡང་བསྟན་འཛིན་ཀུན་གྱི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག ༸སྐྱབས་མཆོག་༸ངོར་ཀླུ་ལྡིང་རྡོ་རྗེ་འཆང་ཆེན་པོ་མཆོག་དབུས་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་སྐུ་ཚེ་བརྟན་ཅིང་རླབས་ཆེའི་བཞེད་དགོངས་མ་ལུས་ལྷུན་གྱིས་གྲུབ་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཡངས་པའི་རྒྱལ་ཁམས་སྤྱི་དང་ལྷག་པར་དུ་རང་ཡུལ་གངས་ཅན་ལྗོངས་སུ་མི་འདོད་པའི་རྒུད་ཚོགས་མཐའ་དག་ཉེ་བར་ཞིང་ཞིང་བདེ་སྐྱིད་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཐུབ་པ་སོགས་དགེ་མཚན་དུ་མར་དམིགས་ཏེ་རྣམ་དཀར་གྱི་མཆོད་སྡོང་འདི་ལྟ་བུ་ཞིག་བསྒྲུབ་འཆར་ལགས་ན་ཀུན་གྱི་དེ་བཞིན་དགོངས་ཆུབ་ཡོང་བ་མཁྱེན། མཁྱེན། མཁྱེན་ཞེས།
དཔལ་ས་སྐྱའི་འཛམ་གླིང་ཞེ་བདེའི་སྨོན་ལམ་ཆེན་མོའི་སྐབས་ཉེར་གཉིས་པའི་གོ་སྒྲིག་པ་ས་སྐྱ་མཐོ་སློབ་ཀྱི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༩ ཚེས་༡༣ ཉིན་ཕུལ།