ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཧྲན་ཏུང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་པའོ་ཤི་ལའེ་ལ་བསྐྱར་དུ་ཁྲིམས་བཤེར་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཧྲན་ཏུང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་པའོ་ཤི་ལའེ་ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་ཧམ་ལེན། དབང་ཆ་སྒེར་གཅོད་བཅས་བྱས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཞིབ་རྩིས་ཁྲ་ཕྱིར་བསྒྲགས་བྱེད་སྐབས། ཁྲིམས་རའི་ནང་པའོ་ཡིས་དྲང་པོ་མ་བྱུང་བའི་ངོ་རྒོལ་བྱས་ཡོད་པ་ལྟར། ཕྱི་ཚེས་ ༢༣ ཉིན་པའོ་ཡིས་ཅི་ནན་འབྲིང་རིམ་ཁྲིམས་ཁང་བརྒྱུད་ཧྲན་ཏུང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་སྟབས། མི་འགྱངས་བར་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་པའོ་ལ་བསྐྱར་དུ་ཁྲིམས་བཤེར་བྱ་རྒྱུ་དང་ལེན་བྱས་ཡོད་འདུག
ཆབ་སྲིད་དཔྱད་བརྗོད་པ་ཚོས་རྒྱ་ནག་གི་བཅའ་ཁྲིམས་ལྟར་ན། ཉིན་གྲངས་ ༦༠ ནང་ཚུད་དུ་གྱོད་དོན་ཞུ་གཏུག་པར་བརྡ་ལན་སྤྲོད་པ་དང་ཡང་ན་བསྐྱར་དུ་ཁྲིམས་བཤེར་བྱེད་དགོས་ཀྱང་། ཁྲིམས་བཤེར་ཐེངས་གཉིས་པའི་སྐབས་སུ་ཡོངས་ཁྱབ་ཀྱིས་ཁྲིམས་བཤེར་ཐག་གཅོད་བྱེད་པའི་ངེས་པ་མེད་ལ། པའོ་ཡི་ཁྲིམས་བཤེར་གྱི་མཇུག་འབྲས་དེ་རྒྱ་གཞུང་དཔོན་རིགས་ཚོའི་ཐག་གཅོད་ཅིག་ཡིན་སྟབས། ཁྲིམས་ཆད་དྲང་པོ་བྱུང་མེད་པའི་དབང་དུ་བཏང་ཡང་མཇུག་འབྲས་ལ་འགྱུར་བ་གང་ཡང་འགྲོ་མི་སྲིད་ལ། གལ་སྲིད་འགྱུར་བ་སོང་བ་ཡིན་ན། པའོ་ཤི་ལའེ་ཡི་གནད་དོན་གཅིག་པུ་མིན་པར་གུང་ཁྲན་ཏང་གི་སྲིད་དབང་ཆ་ཚང་ལ་བསྐྱར་ཞིབ་བྱེད་པའི་གོ་སྐབས་ཤིག་བྱུང་བ་ཡིན་སྐོར་བརྗོད་ཀྱི་འདུག
གཞན་ཡང་། ཀྲུའུ་ཡཱང་ཁང་ནི་པའོ་ཡི་གྱོད་དོན་གྱི་རྒྱབ་རི་ལྟ་བུ་ཡིན་སྟབས། པའོ་ཡི་ཁྲིམས་ཆད་ལ་འགྱུར་བ་གཏོང་བའི་ཆབ་སྲིད་ཀྱི་ལྐོག་ཇུས་ནང་འཛུལ་ཞུགས་བྱས་ཚེ། ཁོ་བོར་ཞིབ་བཤེར་བྱེད་པའི་གོ་སྐབས་བྱུང་སྲིད་སྐོར་དང་། དེ་བཞིན། པའོ་ལ་བསྐྱར་དུ་ཁྲིམས་བཤེར་བྱ་རྒྱུ་བརྒྱུད་ལམ་དུ་ཐོན་མ་ཐག དེ་སྔོན་མཐོང་མ་མྱོང་བའི་པའོ་ཤི་ལའེ་དང་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅཱང་ཙེ་མེན་གཉིས་ཀྱི་འདྲ་པར་དང་། ལྷག་པར་དུ་ཅཱང་དང་པའོ་ཤི་ལའེ་ཡི་ཆུང་མ་ཀུའུ་ཁེ་ལའི་གཉིས་ཀྱིས་མཉམ་གཞས་གཏོང་བ་སོགས་ཀྱི་འདྲ་པར་བརྒྱུད་ལམ་དུ་ཐོན་པ་མ་ཟད། ཐེངས་གཉིས་པའི་ཁྲིམས་བཤེར་གྱི་མེ་ལྕེ་དམར་པོ་ཅཱང་ཙེ་མེན་གྱི་ཕྱོགས་སུ་འབར་སྲིད་པའི་སྐོར་སོགས་བརྗོད་ཀྱི་ཡོད་འདུག
གསར་འགོད་པ། པདྨ་མཚོ།
ཐེངས་གཉིས་པའི་ཁྲིམས་བཤེར་གྱི་མེ་ལྕེ་དམར་པོ་ཅཱང་ཙེ་མེན་གྱི་ཕྱོགས་སུ་འབར་བར་ཤོག