གཟའ་སྤེན་པའི་ཉིན་གྱི་སྔ་དྲོར་མ་སུ་རི་བོད་ཁྱིམ་གྱི་སློབ་མ་ ༢༥༠ ལྷག་གིས་སློབ་གྲྭའི་འཛིན་སྐྱོང་ལ་ངོ་རྒོལ་གྱིས་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་བར་ཞི་བའི་གོམ་བགྲོད་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོར་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་ཕྲུག་ཕོ་མོ་ ༢༥༠ ལྷག་གིས་སློབ་གྲྭའི་སྒྲིག་གཞི་ཞིག་ལ་མོས་མཐུན་བྱུང་མིན་ཐོག སློབ་གྲྭའི་འཛིན་སྐྱོང་ལ་ངོ་རྒོལ་བྱས་ཏེ་མ་སུ་རི་བོད་ཁྱིམ་ནས་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་བར་གོམ་བགྲོད་བྱས་ཡོད་པ་དང་། སློབ་གྲྭས་བདེ་སྐྱིད་གླིང་ས་གནས་གཞིས་མགོ་ལས་ཁུངས་ལ་ཁ་པར་བཏང་སྟེ་རེ་སྐུལ་གནང་བ་ལྟར། ས་གནས་གཞིས་མགོ་ནས་སློབ་ཕྲུག་ཚོར་སྡོད་གནས་གོ་སྒྲིག་བྱས་ཤིང་། ཁོ་ཚོར་རེ་འདུན་ག་རེ་ཡོད་པ་ཡིག་ཐོག་ཏུ་བྲིས་ནས་སློབ་གྲྭའི་འཛིན་སྐྱོང་ལ་ཕུལ་དགོས་པའི་ལམ་སྟོན་གནང་སྟེ། ཕྱི་ཉིན་སློབ་མ་ཚང་མ་ཕྱིར་སློབ་གྲྭར་ལོག་ནས་རེ་འདུན་དོན་ཚན་ ༣ བཏོན་ཡོད་འདུག
ཚེས་ ༡༤ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མ་སུ་རིའི་བོད་ཁྱིམ་གྱི་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་ལགས་སུ་བཅར་འདྲི་ཞུས་པར། ལོ་ཤས་སྔོན་ནས་བཟུང་སློབ་གྲྭའི་འཛིན་སྐྱོང་ངོས་ནས་མཐར་ཕྱིན་སློབ་མའི་ཐུགས་སྤྲོ་གཏོང་སྐབས་ཚང་མས་སྒྲིག་ཆས་གྱོན་དགོས་པའི་སྒྲིག་གཞི་བཞག་ཡོད་ཅིང་། ད་རེབ་མཐར་ཕྱིན་སློབ་མའི་ཐུགས་སྤྲོའི་སྐབས་སློབ་གྲྭའི་སྒྲིག་འཛུགས་ཚོགས་ཆུང་ལྟ་རུ་ཕྱིན་སྐབས། སློབ་ཕྲུག་ཚོས་སྒྲིག་ཆས་གྱོན་ཡོད་མེད་ཀྱི་ཐོག་ནས་རྩོད་རྙོག་བྱུང་སྟེ་ཐུགས་སྤྲོ་མཚམས་འཇོག་བྱེད་དུ་བཅུག་ཡོད་སྟབས། སློབ་མ་ཚོས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་བསྟན་ཏེ་ཞི་བའི་གོམ་བགྲོད་བྱས་ཡོད་འདུག
དགེ་འདུན་རིན་ཆེན་ལགས་ཀྱིས་སློབ་གྲྭས་ཐག་གཅོད་གང་འདྲ་གནང་ཡོད་པའི་སྐོར་གསུངས་དོན། “སློབ་ཕྲུག་ཚོའི་ངོས་ནས་རེ་འདུན་ཁ་ཤས་བཏོན་ཡོད་པ་རེད། དང་པོ་སྒྲིག་ཆས་མ་གྱོན་པ་དང་ངོ་རྒོལ་གོམ་བགྲོད་ཀྱིས་བདེ་སྐྱིད་གླིང་དུ་ཞག་སྡོད་བྱས་པར་ཉེས་པ་གང་ཡང་མི་གཏོང་རྒྱུ་དང་། གཉིས་པ་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོ་སློབ་མ་རང་ངོས་ནས་འོས་འདེམས་དགོས་པ། གསུམ་པ། ཐེངས་འདིའི་མཐར་ཕྱིན་སློབ་མའི་ཐུགས་སྤྲོ་ཡང་བསྐྱར་གཏོང་དུ་འཇུག་དགོས་པ་བཅས་ཀྱི་རེ་འདུན་བཏོན་ཡོད་པ་རེད། སྤྱིར་བཏང་མཚན་མོ་སློབ་གྲྭར་མ་ལོག་པ་དེ་སློབ་གྲྭའི་སྒྲིག་གཞི་དང་འགལ་ཡོད་ཀྱང་། ཁོ་ཚོ་ཚང་མ་བྱིས་པ་ཡིན་པས་ནོར་འཁྲུལ་བྱུང་སྲིད་སྟབས་རེ་འདུན་དང་པོ་དེ་ང་ཚོས་ཁས་ལེན་བྱས་ཡོད། དེ་ནས་སློབ་མ་ཚོ་རང་ངོས་ནས་སློབ་ཕྲུག་ཚོགས་པའི་ཚོགས་མི་འོས་འདེམས་བྱ་རྒྱུ་དང་། ད་རེབ་ཀྱི་མཐར་ཕྱིན་སློབ་མའི་ཐུགས་སྤྲོ་ཡང་བསྐྱར་གཏོང་རྒྱུ་དེ། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་རིམ་གྱིས་གྲོས་བསྡུར་ཐག་གཅོད་གནང་རྒྱུ་ཡིན་པའི་ལམ་སྟོན་གནང་ཡོད་པ་དང་། ད་ལྟ་སློབ་མ་ཚང་མ་རྒྱུན་ལྡན་ལྟར་འཛིན་གྲྭར་སོང་ནས་རྩོད་རྙོག་གང་ཡང་མེད་པ་ཆགས་ཡོད། ”ཅེས་གསུངས་སོང་།
འདི་དང་འབྲེལ་ནས་ཅིག་འབྲི་དགོས་བསམ་དུས་གྲོགས་ཇོ་ཚེ་ལགས་ཀྱིས་བྲིས་ཚར་འདུག ཁྱེད་དང་ངའི་བསམ་འཆར་ཅིག་རེད་ཐུགས་རྗེ་ཆེ།
གསར་འགྱུར་གྱི་ཁ་བྱུང་མཐོང་མ་ཐག སློབ་གྲྭའི་ནང་གནས་ཚུལ་ཚབས་ཆེན་ག་རེ་ཞིག་བྱུང་སོང་བ་ཡིན་ནམ། ཉེ་ཆར་མ་སུ་རི་སློབ་གྲྭའི་རྩིས་ཁྲ་ཏག་ཏག་ཅིག་མ་འཕྲོད་པའི་གནས་ཚུལ་ཞིག་ཀྱང་ཐོན་ཡོད་པ་རེད། དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ནམ། ཡང་ན་དེ་སྔོན་སློབ་གྲྭ་དེ་གའི་ནང་སློབ་ཕྲུག་བུ་མོ་ལ་བཙན་གཡེམ་གྱི་གནས་ཚུལ་བྱུང་མྱོང་བ་ལྟར། ཡང་བསྐྱར་དེ་འདྲ་ཞིག་བྱུང་སོང་བ་ཡིན་ནམ། དེ་མིན་ན། དེ་སྔོན་སློབ་མ་སྐོར་ཅིག་སློབ་གྲྭ་ནས་བསྡེབས་ཀྱིས་ཕྱིར་ཕུད་བཏང་སོང་བ་ལྟར། དེ་འདྲའི་གནས་ཚུལ་ཞིག་བསྐྱར་དུ་བྱུང་སོང་བ་ཡིན་ནམ། ལ་སོགས་སྙམ་སྟེ་ཡིད་ལ་དོགས་པ་འདྲ་མིན་སྣ་ཚོགས་ཤིག་འཁོར་སོང་།
གནས་ཚུལ་ཆ་ཚང་བཀླགས་ཚར་རྗེས། དེ་ལས་ལྡོག་སྟེ་བློ་ཕམ་གྱི་ཚོར་སྣང་ཞིག་ངང་གིས་སྐྱེས་བྱུང་། ཐུགས་སྤྲོ་ཙམ་ཞིག་དང་སྒྲིག་ཆས་གྱོན་མིན་ཙམ་གྱི་དོན་གྱི་སྙིང་བོ་དབེན་པའི་གནས་ཚུལ་དེ་འདྲ་ཞིག་གི་ཆེད་དུ། སྤྱི་ལེ་ ༣༦ ལ་སློབ་མ་མང་པོ་རུ་སྒྲིག་ནས་ངོ་རྒོལ་གོམས་བྱས་པ་འདིས་ང་ལ་མཚར་སྣང་ཆེན་པོ་ཞིག་སྐྱེས་སོང་། འཛིན་གྲྭ་བཅུ་དང་བཅུ་གཅིག་གི་སློབ་མ་རྣམས་ནི་ན་ཚོད་ཀྱི་ཆ་ནས། ཅི་ལྟར་བསམ་བློ་བཏང་ཡང་བྱ་སྤྱོད་འདིར་དོན་སྙིང་ཏིལ་འབྲུ་ཙམ་ཡང་མཐོང་གི་མི་འདུག
མ་གཞི་ངའི་སློབ་ཕྲུག་ཚོའི་ངོ་རྒོལ་བྱ་རུང་གི་མ་རེད་གཏན་ནས་ཟེར་གྱི་མེད། ཕྱོགས་ཆེ་ས་ནས་ད་ལྟའི་བོད་ནང་གི་ཡ་ང་བའི་དྲག་གནོན་གྱི་གནས་སྟངས་བྱུང་དུས་དང་། ཆུང་ཕྱོགས་ནས་སློབ་གྲྭའི་ནང་བཙན་གཡེམ་གནས་ཚུལ་བྱུང་དུས་དང་། སློབ་མ་བཅུ་སྐོར་ཅིག་བསྡེབས་ཀྱིས་ཕྱིར་ཕུད་གཏོང་དུས། སོགས་ཀྱི་སྐབ་སུ་དེ་འདྲའི་ཚོར་སྣང་དང་འདུ་ཤེས་གང་ཡང་མེད་པར། ཐུགས་སྤྲོད་དང་གྱོན་གོས་ཙམ་གྱི་གནད་དོན་ལ་དེ་འདྲའི་ཚོར་སྣང་ཆེན་པོ་ཞིག་བསླེབས་དོན་ཅི་ཡིན་ནམ། སློབ་གསོའི་གནད་དོན་ཞིག་གི་ཐད་ནས་བལྟ་དུས་འདི་ནི་གནད་དོན་ཆུང་ཆུང་ཞིག་མ་ཡིན་པར་མི་རབས་གསར་བའི་ཁྱུ་ཚོགས་ཤིག་གི་རྩ་བ་ནས་རུལ་གྱིན་པའི་མངོན་རྟགས་རེད།
བོད་ནང་བོད་མི་ ༡༢༡ གིས་མི་རིགས་འདིའི་འདས་མ་ད་གསུམ་གྱི་བདེ་སྡུག་ཆེད་རང་ལུ་མེ་རུ་སྒྲོན་སོང་། དེ་ལ་སློབ་མ་རང་ངོས་ནས་དང་དུ་བླངས་ཏེ་གདུང་སེམས་མཉམ་སྐྱེད་ཀྱི་སྤྱི་ལེ་བཅུ་ཙམ་ལ་གོམས་བགྲོད་བྱེད་མཁན་སློབ་སློབ་ཕྲུག་ཧ་ཅང་ཉུང་རེད། ཐ་ན་སློབ་གྲྭ་སོ་སོའི་ནང་སློབ་མ་རང་ངོས་ནས་དེའི་ཐད་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་དེབ་སྣ་གཅིག་རེའང་རྩོམ་སྒྲིག་བྱེད་མཁན་ནི་ཉིན་མོའི་སྐར་མ་རེད།
གང་ལྟར། ད་ཐེངས་ཀྱི་སྣང་ཚུལ་འདི་ལས་སློབ་མ་དག་གི་ཀླད་པའི་ལོ་བཅུ་ལྷག་གི་རིང་ལ་བླུགས་པ་མཐའ་དག་ནི། ཟ་འཐུང་ལྟོ་རྒྱབ་ཀྱི་རང་ཁེ་དོན་གཉེར་གྱི་འདུ་ཤེས་ཁོ་ན་ཙམ་ཡིན་པ་ཕྱིར་མངོན་པ་རེད།
ཕྱི་ཚུལ་གྱི་གནས་ཚུལ་ཆུང་ཆུང་འདིའི་གཏིང་རིམ་ན། ནོར་འཁྲུལ་ཅན་གྱི་སློབ་གསོའི་གནད་དོན་ཆེན་པོ་ཞིག་གི་རུལ་དྲི་ཐུལ་ནས་ཡོང་བཞིན་ཡོད། སློབ་གྲྭ་ནི་མི་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་ཆེན་པོ་ཞིག་ཡིན་སྟབས། ཐོན་སྐྱེད་བྱས་པའི་དངོས་ཟོག་སྟེ་སློབ་ཕྲུག་སྟེང་དུ་གནད་དོན་ཅི་ཡོད་མཐའ་དག གཙོ་བོ་སློབ་གྲྭའི་སློབ་གསོའི་སྒྲོམ་གཞི་དང་ཁོར་ཡུག་ལ་རག་ལས་ཡོད། དེར་བརྟེན། འབྲེལ་ཡོད་སྡེ་ཁག་དག་གིས་ཞིབ་དུ་རྣོ་བསམ་བཏང་སྟེ། ནད་གི་གཞི་རྩ་ལ་སྨན་གྱིས་གསོ་བཅོས་བྱ་རྒྱུ་གལ་ཏུ་ཆེ།
ངས་འདི་ལྟར་བརྗོད་སྐབས། མི་རེ་ཟུང་དེ་འདྲའི་ཚབས་ཆེན་མ་རེད་བསམ་སྲིད། ངས་དཔེ་མཚོན་གསལ་བོ་ཞིག་འཇོག འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་བཙན་བྱོལ་སློབ་གྲྭ་ཁག་ནང་སློབ་ཕྲུག་བགྲང་ལས་འདས་པ་ཞིག་སྐྱེད་སྲིང་བྱས་ཡོད་པ་རེད། ད་ལྟའི་ཆར་དེ་དག་ཁྲོད་དུ་གོ་ས་ཆེན་པོ་ཅན། ཁང་བརྩེམས་མཐོན་པོ་ཅན། མོ་ཊ་རྫིགས་པོ་ཅན། སྙན་གྲགས་ཆེན་པོ་ཅན་སོགས། འབྱོར་ལྡན་དང་དབང་ལྡན་བརྩི་བརྩི་གྲངས་མེད་ཅིག་ཡོད་པ་རེད། ཡིན་ནའང་། མི་རིགས་འདིའི་དར་རྒུད་ཀྱི་སྲོག་རྩར་གྱུར་བའི་སྐད་དང་ཡི་གེ་ཡི་ཐད་ལ། མི་སྒེར་སོ་སོའིི་ངོས་ནས་དང་དུ་བླངས་ཤིང་འགྲོ་གྲོན་བཏང་སྟེ། བོད་ཡིག་གི་དུས་དེབ་སྤུས་ལེགས་གཅིག་གཉེར་མཁན་དང་། བོད་སྐད་ཀྱི་རིག་རྩེད་འཁྲབ་སྟོན་རེ་གཉེར་མཁན་ཤིན་དུ་དཀོན་ལ། ཐ་ན། བོད་མིའི་ཆག་འཇིག་དང་འབྲེལ་བའི་དཔྱད་རྩོམ་སྤུས་དག་རེ་རྩོམ་མཁན་ཡང་ཉུང་ཉུང་རེད། དེ་ནི་ཁོ་ཚོར་རྒྱུ་འབྱོར་དབང་ཐང་གི་མ་འདང་བ་གཏན་ནས་མ་རེད། མི་རིགས་འདིའི་དར་རྒུད་ཐད་འགན་ལེན་གྱི་འདུ་ཤེས་དང་ལྷག་བསམ་གྱི་བྲང་ཁོག་དབེན་པས་རེད། འདི་ལྟའི་ཟ་འདྲེ་འགོང་པོ་བགྲང་འདས་ཤིག་ཡོད་ཀྱང་དེ་ཡིས་ཅི་ཕན།
དེ་སྔོན་གྱི་སྒེར་གཅོད་དང་
ཁ་སང་གི་རྣམ་འགྱུར་སོགས་ཀྱིས་
ཁྱེད་ཚོའི་སྙིང་ལ་བཟོད་མི་ཐུབ་པའི་ན་ཟུག་བཏང་པར་ང་ཚོས་ཤེས་
འོན་ཀྱང་ཁྱེད་ཚོ་ནི་དེ་ལས་ལྡོག་སྟེ་
སྒོ་དང་སྒེར་ཁུང་སོགས་ལ་རྡོ་སོགས་བཞུས་ནས་ངུ་སྐད་དང་སྐད་འབོད་
དེ་བཞིན་འཛིངས་མོའི་གྱེན་ལངས་སོགས་མི་དགོས་པར་
རང་ཉིད་དཔག་ཚོད་ཀྱི་ཞི་བའི་གོམས་བགྲོད་བྱས་པ་འདི་
ཚོགས་པ་དང་མི་སྒེར་ཁྱད་མེད་ལ་
མི་འདོད་པའི་བྱ་དངོས་དང་མནར་གཅོད་དག་ཏུ་
ཆེས་ཚོར་སྣང་ཅན་གྱི་རྣམ་འགྱུར་ཆུང་ཆུང་ཞིག་མངོན་པ་ཙམ་ལས་
ཞེ་དྲག་གི་ཉེན་ཁ་དང་སྡུག་པོ་མིན་ལ་
དེ་དང་དེ་ལྟ་བའི་ལས་འགུལ་ལ་གློ་གཟུར་གྱི་གང་ཟག་རྣམས་ཀྱིས་
རྒྱབ་སྐྱོར་དང་སེམས་གསོ་བྱེད་སྲིད་
དེ་མིན་པའི་རྨོངས་ཞེན་འགའ་ཞིག་གིས་
སྤྱི་སེམས་དང་ལྷག་བསམ་ཡིན་མདོག་གིས་
འདྲ་མིན་གྱི་ངན་སྨྲ་བྱེད་སྲིད་
མ་ཟད་རྡུང་དགོས་རེད་དང་རྡེག་དགོས་ཟེར་སྲིད་
དེ་ནི་ཁོང་ཚོ་དུས་རབས་ཉེར་གཅིག་པའི་རྭ་བའི་ནང་གནས་པར་མ་ཚོར་ནས་
མཐོ་རིམ་མི་སྣ་ཚོའི་མིག་སྔར་སྤྲེ་ལད་ཀྱི་སྐད་ཆ་ཁོ་ན་རེད་
སློབ་གྲྭ་གསུམ་ཆེ་ཁག་གསུམ་ནས་ནད་རྟགས་ཆེན་པོ་གསུམ་ཐོན་པ་རེད།
༡༽ མ་སུ་རི་བོད་ཁྱིམ་སློབ་གྲྭ
༢༽ སུ་ཇ་བོད་ཁྱིམ་སློབ་གྲྭ
༣༽ སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ
སྤྱིར་རྒྱ་ནག་ནང་མང་གཙོ་དགོས་ཟེར་བའི་ངོ་རྒོལ་དང་བཙན་བྱོལ་ནང་ཐོབ་ཐང་དགོས་ཟེར་བའི་རྩོད་རྒོལ་གཉིས་གཅིག་པ་འདྲ་ཞིག་རེད།
༡༽ མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ད་ཐེངས་ཀྱི་སློབ་མའི་ཡར་ལངས་ཙམ་མ་ཡིན་པར་སྔོན་ཆད་ཀྱང་ན་ཚོད་མ་ལོང་པའི་སློབ་མ་མི་ཉུང་བ་ཞིག་སྡིགས་རའི་འོག་ནས་ས་མཐར་བསྐྱེལ་བ་རེད། ད་ཐེངས་ཀྱི་མ་སུ་རིའི་སློབ་མའི་ངོ་རྒོལ་དེར་འཛིན་གྲྭ་བཅུག་གཅིག་དང་བཅུ་གཉིས་གཅིག་པུ་མིན་པར་འཛིན་གྲྭ་གཞན་པའི་སློབ་ཕྲུག་མང་པོ་ཡོད་པར་འགྲེལ་བརྗོད་བྱེད་མཁན་མང་པོ་ཡོང་གི་ཡོད་པ་དང་དེ་ནི་རྒྱུན་རིང་བསགས་པའི་སེམས་ནད་ཅིག་དང་། སྡིགས་རའི་འོག་ནས་སྐད་ཆ་བཤད་མ་ཕོད་པ་རེད། ཅེས་ཞིབ་འཇུག་པས་སྡོམས་ཚིག་བཀོད་འདུག ད་ཐེངས་ཀྱི་སློབ་མའི་ངོ་རྒོལ་ནང་སློབ་མ། ༢༥༠ འདུག་ཅེས་དང་། ཁག་གཅིག་གིས་སློབ་མ་ ༢༧༨ འདུག་ཟེར། ངོ་རྒོལ་རྒྱང་སྐྱོད་ཀྱི་རིང་ཚད་སྤྱི་ལེ་ ༣༦ དང་། ༣༨ འདུག་ཟེར་བའི་ཁག་གཉིས་བྱུང་།
༢༽ དེ་སྔ་སུ་ཇ་བོད་ཁྱིམ་སློབ་གྲྭའི་ནང་སློབ་མ་ཞིག་གིས་རང་ཉིད་ལ་དྲང་བདེན་མིན་པའི་ཉེས་འཛུགས་ལ་ངོ་རྒོལ་མཚོན་ཆེད་ཁང་ཐོག་ནས་མཆོངས་པ་དང་སློབ་ཕྲུག་བསད་པ། སློབ་མའི་རྩོམ་ཡིག་སྤེལ་བར་བཀག་འགོག་སོགས་ཀྱི་གནས་ཚུལ་ཚབས་ཆེན་བྱུང་མྱོང་བ་རེད།
༣༽ རེ་ཟུང་གིས་བཙན་བྱོལ་ནང་སློབ་མའི་ངོ་རྒོལ་ཐེངས་དང་པོ་ཟེར་ཡང་འདི་ཐེངས་དང་པོ་མ་རེད། ཕྱི་ལོ་ ༢༠༠༨ ལོར་སྦེལ་ཀོབ་ཏུ་བྱུང་བ་རེད། ལོ་དེར་བོད་ནང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་གྱེན་ལངས་ཞི་རྒོལ་ལ་རྒྱ་ནག་གིས་བཙན་འགོག་བྱས་པར་སྦེལ་ཀོབ་ཀྱི་བོད་ཁྱིམ་སློབ་མ་ཕོན་ཆེས། སེམས་ཀྱིས་མ་བཟོད་པར་རང་འགན་ཕྲག་ཏུ་བླངས་ཏེ་མེ་སོར་རྒྱལ་སར་སློབ་མ་རང་ངོས་ནས་འགྲོ་སོང་བཏང་ནས་ངོ་རྒོད་སྐད་འབོད་ལ་ཕྱིན་ཡང་སློབ་གྲྭའི་འབྲེལ་ཡོད་ཚོས་ཚིག་མཚོན་སྡིགས་སྐུལ་ཁོ་ནས་ཞི་འཇམ་བྱས་པ་རེད།
གསར་འགོད་པའི་འཛིན་སྐྱོང་ལ་དྲིས་པ་ལས་སློབ་ཕྲུག་ལ་དྲིས་མེད་པ་དེ་གནས་ཚུལ་འཚོལ་ཞིབ་བྱེད་སྟངས་ཚད་ལྡན་ཞིག་མ་རེད་ཟེར། སློབ་མ་ཚོས་བོད་ཤོར་བའི་སེམས་སྡུག་དང་བོད་པས་བཙིར་བའི་གནར་གཅོད་ཀྱི་ཁུར་པོ་གཉིས་ཀ་ཁུར་མི་ཐུབ་པའི་ཐོག ཐག་ཅོད་དང་ངོས་འཛིན་དྲང་པོ་མ་བྱུང་བའི་ངོ་སྡུག་ནི་དེ་བས་ཀྱང་ཁུར་མི་ཐུབ་པར་ཚོད་དཔག་བྱ་མཁན་ཡང་བྱུང་། མདོར་ན་འཛིན་སྐྱོང་ལ་སྟབས་བདེ་བ་དང་སློབ་མ་རྣམས་སེམས་མི་ཕམ་པའི་ཐག་གཅོད་དྲང་པོ་ཞིག་ཡོང་བ་ལ། ངེས་པར་གནས་ཚུལ་འཚོལ་ཞིབ་ཀྱི་ཁོར་ཡུག་རྒྱ་ཆེ་དགོས་པ་རེད། དེ་ལ་གསར་འགོད་པས་དྲི་བའི་མཐུན་རྐྱེན་སྦྱར་པ་དགོས་པ་སྨྲོས་མེད་རེད།
འདི་གནད་དོན་ཞིག་ཡིན་མིན་ཡང་མི་ཤེས་ལ། འདི་དེ་འདྲའི་འུར་ཟིང་གི་ཁྲོད་ནས་གང་ཞིག་གི་མང་གཙོའི་མྱུ་གུ་འབོས་ཟིན་མིན་ཡང་མི་ཤེས། འདི་ནི་སུ་ཞིག་གི་ཁ་སྟབས་ཀྱིས་གཉོན་འཛུགས་བྱེད་སའི་གཞི་ཡིན་པ་བདེན་པ་རེད། ལ་ལས་སློབ་གྲྭའི་སྒྲིག་ཁྲིམས་འགྲིག་མེད་ལུགས་དང་། འགོ་བྱེད་ཚོས་བྱེད་སྟངས་ངན་ལུགས། སློབ་ཕྲུག་ལ་རང་དབང་མེད་ལུགས་སོགས་ཀྱིས་ཁ་སྟབས་དེ་ངག་ལ་འཁྱེར་ནས་ལམ་སྟོན་ཡང་དག་ཞིག་འཛིན་ཁུལ་བྱེད་བཞིན་ཡོད།
དྲང་མོར་བཤད་ན་རང་ཉིད་སློབ་ཕྲུག་གི་གནས་བབ་་ཡིན་དུས་ཀྱི་དཀའ་ངལ་ཙམ་འཁྱེར་ནས་བསྒྲུབ་བྱེད་དུ་འགོད་ཁུལ་བྱས་ན་དེ་ཡང་དག་ཞིག་གཏན་ནས་མིན། ངས་འདི་ནས་སློབ་ཕྲུག་དེ་དག་གིས་ངོ་རྒོལ་བྱས་པ་ནོར་འདུག་ཟེར་གི་མེད། རང་ཉིད་ཚོགས་ཁག་དེ་འདྲ་ཞིག་གི་ནང་ལོ་མང་རིང་ཞུགས་པའི་ཉམས་མྱོང་གཞིར་བཟུང་ནས། ཚོར་བ་མ་འདྲ་བ་ལེན་མཁན་དག་གིས་ཅུང་འུར་སྒྲོགས་ཀྱི་རྣམ་པ་ཧ་ཅང་ཐལ་ཆ་ཆེ་བ་འདུག་ཞེས་བརྗོད་འདོད་འདུག ཚོགས་པ་གང་ཡང་རུང་བ་ཞིག་ལ་ཁྲིམས་དང་སྒྲིག་སྲོལ་མེད་ན་གཏན་ནས་མི་འགྲིག་ལ། ཁྲིམས་དང་སྒྲིག་སྲོལ་དེ་ཡང་གནད་དོན་བྱུང་རིམ་ལ་བལྟས་ནས་བསྒྲིགས་དགོས་བྱུང་བ་ལས་མ་འོངས་མངོན་མཁྱེན་བརྟག་ནས་འདི་འདྲ་ཞིག་ཡོང་བར་རྟོགས་ནས་བཟོས་པ་ཞིག་རྩ་བ་ཉིད་ནས་མ་རེད། ཁྲིམས་བཟོ་མཁན་མི་རེད་ལ་བཟོ་བཅུག་མཁན་ཡང་མི་རེད།
འདི་ལྟར་བསམ་བློ་བཏང་ན་སློབ་ཕྲུག་ཚོས་གནོན་མི་ཐུབ་པའི་དེ་འདྲའི་དཀའ་ཁག་ཅན་གྱི་གནད་དོན་ཞིག་ཨེ་ཡོད་སྙམ་བྱུང་། གལ་སྲིད་སྐབས་དེར་སློབ་ཕྲུག་རྣམས་ནས་སྒྲིག་ཆས་མ་གྱོན་བར་ཁག་དཀྲིས་ནས། སླ྄ོབ་ཕྲུག་རེ་ཟུང་ལ་རྡུང་རྡེག་བཏང་ནས་ལུས་སེམས་གཉིར་ཀར་སྐྱོན་བཟོས་ཡོད་ན། ངོ་རྒོལ་བྱེད་འོས་བ་ཞིག་རེད་ལ་ཚང་མས་དོ་སྣང་དང་ཁ་རྡོང་དེ་བས་གཏོང་དགོས།
ངས་ཀྱང་ཐོག་མར་སློབ་ཕྲུག་གིས་ངོ་རྒོལ་ཞེས་པའི་ཁ་བྱང་དེ་མཐོང་དུས། ད་ཐེངས་དངོས་གནས་སླ྄ོབ་ཕྲུག་རྣམས་ནས་དོན་གོ་ཆོད་པའི་ལུས་འགུལ་ཞིག་སྤེལ་ནས། སྤྱི་ཚོགས་ཀྱི་སྐྱོན་གང་མང་ཞིག་ཐེར་འདོན་བྱུང་ཐུབ་སོང་བསམ་ནས་གསར་འགྱུར་དེ་བཀླག་འགོ་བཙུགས་པ་ཡིན། གསར་འགྱུར་དེ་བཀླགས་ནས་སྐེ་མཚམས་ཤིག་ནས་ང་ངོ་མ་ཁོང་ཁྲོ་ལངས་བྱུང་ལ། བོད་ཀྱི་སློབ་ཕྲུག་རྣམས་དེ་འདྲའི་སྐྱིད་ཉལ་སྐྱིད་འདོད་ཁོ་ན་བསམ་མཁན་ཞིག་ཡིན་ནམ་སྙམ་བྱུང་། ལྷག་དོན་དགོས་འདུན་དོན་ཚན་གསུམ་གྱི་ནང་ནས་སྤྲོ་སྐྱིད་སླར་ཡང་བཏང་ཆོག་པའི་བསམ་བྱ་དེ་འདྲ་ཞིག་གི་ཚད་ལས་བརྒལ་མ་ཐུབ་པ་གང་ཡིན་ནམ་སྙམ། བོད་ནང་གི་སློབ་ཕྲུག་ཚོས་སྤྲོད་སྐྱིད་བཏང་བཅུག་མ་བྱུང་ཟེར་ནས་རྒོལ་ལན་སློག་གི་མི་འདུག་ལ། སྐྱིད་སྡུག་ཅུང་ཙམ་ཞིག་གི་ཆེད་དུ་ཐོབ་ཐང་རྩོད་ཀྱི་མི་འདུག ཁོ་ཚོའི་དགོས་འདུན་ནི་མི་རིགས་ཀྱི་གནད་དོན་དང་མི་རིགས་སྐད་ཡིག་འཆི་གསོན་གྱི་གནས་བབ་ཐོག་ནས་ཁ་སྤྲོད་ཀྱི་ཁ་གཏད་དུ་བཞེངས་བཞིན་ཡོད་པ་རེད།
དྲང་མོར་ཞུས་ན་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་གི་གནས་བབ་འཛིན་སྟངས་དང་བཙན་བྱོལ་གྱིས་བོད་ཀྱི་སྐད་ཡིག་གི་གནས་བབ་འཛིན་སྟངས་གཉིས་ལྕི་ཡང་ཕ་ཆེར་གཅིག་ཞེས་བརྗོད་ན་ཡང་སྐྱོན་ཆེར་མེད། རྒྱ་ནག་གིས་ཀྱང་སྔོན་འགྲོ་ནས་འཛིན་རིམ་ལྔ་པའི་བར་རྒྱ་ཡིག་མ་གཏོགས་གཞན་ཆ་ཚང་བོད་སྐད་ཁོ་ནའི་ཐོག་བསླབ་རྒྱུའི་རྩ་ཁྲིམས་ཤིག་གཞི་ནས་གཏན་འབེབས་བྱས་པ་ཡིན་ལ། བཙན་བྱོལ་ནས་དེ་སྔོན་ནས་བོད་ཡིག་གཙོ་བཟུང་ཁ་ཙམ་ལས་དེས་ད་ལྟའི་བར་དུ་སླེབས་པ་ཡིན་ལ། དེ་སྔོན་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་དབར་དབྱིན་ཡིག་ཕུད་གཞན་སློབ་ཚན་བྱིངས་བོད་ཡིག་ཐོག་འཁྲིད་རྒྱུའི་ཤེས་ཡོན་སྲིད་བྱུས་རགས་ཙམ་སྤེལ་དུས། ཕ་མ་དང་དགེ་རྒན་སློབ་ཕྲུག་བཅས་ནས་མི་དགའ་བའི་རྣམ་འགྱུར་དང་། ངོ་རྒོལ་གྱིས་གླེང་སློང་ག་ཚོད་གནང་སོང་། མཐར་རྒྱ་ནག་གིས་རྩ་ཁྲིམས་སྤེལ་བ་ལྟར་བཙན་བྱོལ་སྤྱི་ཚོགས་ནང་ཡང་གནས་སྐབས་རང་སྐད་སྔར་བཞིན་སྐད་ཡིག་གཞན་གྱི་མངའ་འོག་ཏུ་བོད་མི་རང་ཉིད་ཀྱིས་དེད་པ་ཚང་མས་མཁྱེན་གསལ་རེད།
རྒྱ་ནག་གིས་འདི་ལྟར་བོད་ཀྱི་སྐད་ཡིག་ཤི་ལམ་ལ་འདེད་དུས་བོད་ནང་སློབ་ཕྲུག་ཚོས་སྐད་ཡིག་རང་དབང་དང་མི་རིགས་འདྲ་མཉམ་གྱིས་ཐོབ་ཐང་དགོས་ཚུལ་གྱིས་སྐད་འབོད་ག་ཚོད་གནང་སོང་། ཕྱི་བོད་བོད་པའི་སློབ་ཕྲུག་གི་སེམས་རྒྱ་འདི་ཙམ་ཞིག་ལས་མེད་པ་ཧ་ཅང་སྐྱོ་བོ་བྱུང་། བོད་ནང་གི་སློབ་ཕྲུག་རྣམས་ཀྱིས་བསམ་བློ་འཁྱེར་སྟངས་དང་། ལུས་འགུལ་སྤེལ་སྟངས་ཕྱི་བཞུགས་སློབ་ཕྲུག་རྣམས་ནས་ཀྱང་དཔེ་ལེན་དགོས་ལ། རྒན་གཞོན་ཚང་མས་འདི་ལྟ་བུའི་ལས་འགུལ་ཡང་སློབ་ཕྲུག་རྣམས་ལ་སྤེལ་དགོས།
གནས་ཚུལ་འདི་སྦ་གསང་མ་བྱས་པར་ཕྱི་ལོག་ལ་བཤད་པར་དགའ་བསུ་ཡོད། གནས་ཚུལ་འདི་ཐོས་ཡོང་སྐབས་ཚང་མ་ཧང་སངས་མདོག་ཁ་བོ་རེད། མ་འོངས་པར་ཚང་མས་བསམ་བློ་གཏོང་དགོས་པའི་གཞི་རྩ་ཞིག་གཏན་གཏན་ཆགས་ཡོད། སློབ་ཕྲུག་250་ལྷག་གིས་རང་གི་སློབ་གྲྭར་ངོ་རྒོལ་གནང་སྟེ་ཀི་ལོ་མེའུ་ཊར་36་ཙམ་ལ་ཞི་བའི་གོམ་བགྲོད་གནང་བ་དེ་གནས་ཚུལ་ཆུང་ཆུང་ཞིག་གཏན་ནས་མ་རེད། གཅིག་བྱས་ན་སློབ་གྲྭའི་བྱེད་ཕྱོགས་ཐོག་ནོར་འཁྲུལ་ཆེན་པོ་ཞིག་ཤོར་གྱི་ཡོད་པ་རེད་ལ། དེ་མིན་ན་སློབ་ཕྲུག་ཚོའི་སེམས་ཁམས་ལ་ནོར་འཁྲུལ་ཟེར་ན་འདྲ་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་རེད།
བཙན་བྱོལ་གྱི་མང་གཙོའི་མྱུང་གུ་འབུས་པ་རེད།
ཁ་སང་རྒན་པོས་འགོ་བཙུགས། དེ་རིང་གཞོན་ནུས་མུ་མཐུད་་་་་
དེས་ན། བཀུར་འོས་ཤེས་རིག་བཀའ་བློན་མཆོག་ནས་ལམ་སེང་ལོ་རྒྱུས་རང་བཞིན་ཅན་གྱི་གནད་དོན་འདི་སྐོར་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་སྙན་ཐོ་ཞིབ་འཇུག་ལམ་སེང་དགོས་པ་རེད།
གངས་ཅན་ཤེས་རིག་མེ་ཏོག་རྨང་གཞི་དབེན།།
ཡ་རབས་གོམས་གཤིས་བཟང་བོའི་ཞིག་རྩི་ཚར།།
སྒྲིག་ཆས་ཐུགས་སྤྲོ་ཙམ་ཞིག་དོར་ལེན་འབད།།
བོད་ཀྱི་སོན་རྩའི་བྱེད་བབ་འདིས་ཡིད་སྐྱོམས།།
ཆུང་ཆུང་ཆེན་པོ་མ་བཟོ་ཟེར་བ་དང་། དགྲ་དགའ་གཉེན་སྡུག་ཟེར་བ། རྒྱ་ནག་གི་གསང་མྱལ་བ་ཟེར་བ་སོགས་བཙན་བྱོལ་སྤྱི་ཚོགས་ནང་གི་མགོ་རྡུང་བྱེད་ཀྱི་ལྕག་ནག་གི་ཐོ་བ་དེ་རེད། ཐོ་བ་འདིའི་འོག་ནས་མི་མང་པོ་ཞིག་ལ་ཁེ་བཟང་རེག་ཡོད་སྲིད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཟེར་ན་འདྲ་བོད་སྤྱི་བའི་ལས་དོན་ལ་གྱོང་ཆེན་པོ་ཞིག་རེག་ཡོད་པ་རེད། ཁེ་གྱོང་དང་དགྲ་གཉེན་གྱི་ཁྱད་པར་དེ་ད་དུང་ངོས་ཟིན་གསལ་བོ་མ་བྱུང་པར་ལྷག་བསྡད་ཡོད་པ་རེད། དེ་ངས་ཐོག་མར་ཞུ་འདོད་པའི་སྐད་ཆ་དེ་ཡིན།
སྤྱིར་བཏང་ད་རེས་གནས་ཚུལ་ཆུང་ཆུང་རེད། ཆགས་སྒོ་དང་དོན་དག་ཆེན་པོ་དེ་འདྲ་བྱུང་མི་འདུག སློབ་གྲྭའི་ངོས་ནས་དགོངས་པ་ཆེ་བཞེས་གནང་པ་ཧ་ཅང་ཡག་པོ་རེད། ཆེན་པོ་ཆུང་ཆུང་དང་ཆུང་ཆུང་མེད་པ་བཟོ་ཐུབ་པ་དེ་རླུང་རྟ་རྒྱུག་འདུག་ཟེར་ཆོག་གི་རེད། ཡིན་ནའང་བརྡ་ལན་ཧ་ཅང་ཆེན་པོ་ཞིག་རེད་བསམ་གྱི་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་འདས་པའི་ལོ་ངོ་ལྔ་བཅུའི་རིང་བྱུང་མ་མྱོང་བ་ཞིག་རེད། དེ་ཚང་མའི་ཐུགས་ལ་བཞག་རོགས་གནང་།
ད་རེས་མ་སུ་རིར་བྱུང་བའི་གནས་ཚུལ་དེའི་སྐོར་ང་ལ་ཆ་རྒྱུས་གང་འཚམས་ཡོད། མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་ཚོས་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་འཐོན་ལ་ཉེ་བ་ཚོར་ཐུགས་སྤྲོ་ཞིག་གཏོང་གི་ཡོད་པ་རེད། ལམ་སྲོལ་འདི་སྔོན་མ་ནས་ཡོད་པ་ཞིག་རེད། ཐུགས་སྤྲོ་དེའི་ཐོག་སློབ་མ་ཚོས་སྒྲིག་ཆས་ངེས་པར་དུ་གྱོན་དགོས་ཞེས་སློབ་གྲྭའི་སྒྲིག་གཞིའི་ནང་འཁོད་ཡོད་པ་དེ་འདྲ་ཞིག་ཡོད་པ་མ་རེད། ཡིན་ནའང་ཟུར་དུ་དེ་ལ་འཛིན་སྐྱོང་གི་ངོས་ནས་སྒྲིག་གཞི་ཟེར་ན་འདྲ་འགྲོ་སྟངས་དང་ལམ་སྟོན་དེ་འདྲ་ཡོད་སྲིད་པ་རེད་ངས་གསལ་བོ་ཤེས་ཀྱི་མེད།
ད་ལོའི་སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ཉིན་འཛིན་གྲྭ་བཅུ་གཅིག་གི་སློབ་མ་ཚོས་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་འཐོན་འགྲོ་མཁན་ཚོར་ཐུགས་སྤྲོ་ཞིག་བཏང་བ་རེད། དེའི་ཐོག་སློབ་གྲྭའི་སྒྲིག་བདག་སྐོར་ཞིག་ཡོང་ནས་སློབ་ཕྲུག་ཚོས་སྒྲིག་ཆས་གྱོན་མེད་པ་དེར་རྫིག་རྫིག་སྣ་ཚོགས་བྱས་ཏེ་སློབ་ཕྲུག་ཚོ་དང་ཁོ་ཚོའི་བར་རྙོག་དྲ་ཆེན་པོ་བྱུང་འདུག མཐའ་མ་དེར་སློབ་ཕྲུག་ཚོ་ཁོང་ཁྲོ་ལངས་ཏེ་ཉིན་གུང་ཆུ་ཚོད་ ༢ ་པ་མ་ཟིན་ཙམ་ལ་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཀྱིས་སློབ་ཕྲུག་ཡོངས་རྫོགས་ཀྱིས་ངོ་རྒོལ་བྱས་ཏེ་ཞི་བའི་གོམ་བགྲོད་གནང་སྟེ་ཕྱིན་འདུག ངས་གོ་བ་བྱས་ན་སློབ་ཕྲུག་ ༢༧༨ འདུག་ཟེར་བདེན་པ་ཡིན་མིན་ཧ་གོ་མ་སོང་།
མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ལྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་ཆགས་བར་ཀི་ལོ་མུ་ཊིར་ ༣༦ ་ཡོད་རེད། སློབ་གྲྭའི་ངོས་ནས་བདེ་སྐྱིད་གླིང་ས་གནས་གཞིས་མགོར་འབྲེལ་བ་ཞུས་ཏེ་སློབ་ཕྲུག་ཚོ་བཀག་འགོག་བྱས་པ་ཡིན་ནམ། ཡང་ན་སློབ་ཕྲུག་ཚོས་རྐང་བཙུགས་ཏེ་བདེ་སྐྱིད་གླིང་ས་གནས་གཞིས་མགོ་བསྙེགས་ཏེ་གཏུག་བཤེར་ཏུ་བསྐྱོད་པ་ཡིན་གསལ་བོ་ཧ་གོ་མ་སོང་མོད། གང་ལྟར་ཉིན་དེའི་དགོང་མོའི་ཆུ་ཚོད་ ༩ མ་ཟིན་ཙམ་ལ་བདེ་སྐྱིད་གླིང་དུ་འབྱོར་ཡོད་ས་རེད། དགོང་མོ་དེར་སློབ་ཕྲུག་ཚོ་བདེ་སྐྱིད་གླིང་དུ་ཞག་སྡོད་བྱས་འདུག དེ་ནས་སློབ་གྲྭ་དང་ས་གནས་གཞིས་མགོ་གཉིས་ངོས་ནས་སློབ་ཕྲུག་ཚོ་བཀག་འགོག་བྱས་ཏེ། སློབ་ཕྲུག་ཚོར་ཁྱོད་ཚོར་རེ་འདུན་ག་རེ་ཡོད་ན་ཡིག་ཐོག་ནས་འཁྱེར་ཤོག་ལབ་སྟེ།
སྤྱིར་སྟངས་སློབ་ཕྲུག་ཚོར་དཀའ་ངལ་མང་པོ་ཞིག་ཡོད་པ་ངས་གསལ་བོར་ཤེས་ཀྱི་ཡོད། ལྷག་པར་དུ་ཉིན་དེར་རྙོག་དྲ་ག་རེ་བྱུང་ཡོད་མེད་དང་སློབ་གྲྭའི་ངོས་ནས་ག་རེ་ལབ་ཡོད་མེད་སོགས་མང་པོ་ཡོད་རེད། ཡིན་ནའང་མཐའ་མ་དེར་སློབ་ཕྲུག་ཚོས་བཤད་མ་ཕོད་ཟེར་ན་འདྲ་བཤད་མ་ཤེས་ཟེར་ན་འདྲ་ཡིག་ཐོག་ལ་འཁོད་པ་དེ་གོང་དུ་གསར་འགྱུར་ནང་འཁོད་ཡོད་པ་དེ་འདྲ་ཞིག་མིན་འགྲོ་ང་རང་གིས་ནི་མཐོང་མ་སོང་། སློབ་ཕྲུག་ཚོའི་སེམས་ནང་དཀའ་ངལ་མང་པོ་ཡོད་ཀྱང་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བཤད་སྟངས་ཤེས་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་བཤད་ཀྱང་འབྲེལ་བ་མེད་པ་ཞིག་ཆགས་འགྲོ་བ་རེད།
ང་ཚོས་ཧ་གོ་དགོས་པ་ཞིག་དང་བསམ་ཤེས་ཐུབ་དགོས་པ་ཞིག་གང་ཆགས་ཡོད་ཟེར་ན། ད་རེས་སློབ་ཕྲུག་དེ་འདྲ་མང་པོ་ཞིག་བྱུང་མ་མྱོང་བའི་ངོ་རྒོལ་གོམ་བགྲོད་དེ་ལྟ་བུ་ཞིག་བྱེད་དགོས་པ་དེར་རྒྱུ་མཚན་ཆེན་པོ་ཡོད་ལ། ལྷག་པར་དུ་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་ཕྲུག་ཕྱོགས་གང་ཐད་ནས་མགོ་འཚོས་མཁན་དང་བསམ་བློ་གཏོང་ཐུབ་མཁན། ཤེས་ཡོན་གནས་ཚད་གང་ལ་གང་འཚམས་ཡོད་མཁན་རྐྱང་རེད། ལྷག་པར་དུ་སློབ་གྲྭའི་འཐོན་ནས་འགྲོ་མཁན་ཡིན་དུས་སློབ་གྲྭ་དང་སློབ་གྲྭའི་འཛིན་སྐྱོང་བཀའ་དྲིེན་ཆེན་པོ་ཡིན་བསམ་པ་ཡོད་ན་དེ་ལ་འབབ་པའི་རྣམ་འགྱུར་སྟོན་སྟངས་ཤིག་དང་། སེམས་ནང་མ་རེངས་པ་ཞིག་དང་མ་འདོད་པ་ཞིག་ཡོད་ན་དེ་ལ་འབབ་པའི་བྱེད་སྟངས་སྤྱོད་སྟངས་ཤེས་མཁན་རྐྱང་ཆགས་བསྡད་ཡོད་པ་རེད། དེ་མ་སུ་རི་སློབ་གྲྭ་ཙམ་མ་ཡིན་པར་སློབ་གྲྭ་གཞན་དང་ཤེས་རིག་ལས་ཁུངས་སོགས་ཀྱིས་མཁྱེན་དགོས་པ་རེད།
ད་དུང་གནས་ཚུལ་ཆུང་ཆུང་ཡིན་མདོག་མདོག་དང་། དགྲ་དགའ་ཉེན་སྡུག་ཡིན་མདོག་མདོག སློབ་ཕྲུག་ཚོའི་ནོར་འཁྲུལ་ཞིག་ཡིན་པ་ལས་སློབ་གྲྭའི་གཞུང་ལ་འགན་གང་ཡང་མེད་མདོག་མདོག་བྱས་ན་མིག་མེད་གཡངས་མཆོངས་རེད། ད་དུང་འདི་ལས་ཆགས་སྒོ་དང་གནས་ཚུལ་ཆེན་པོ་འབྱུང་བའི་སྔ་བལྟས་རེད། མཐའ་མ་དེ་ལ་ང་རང་གི་བསམ་ཚུལ་ཞིག་ཞུ་འདོད་པ་དེ་ནི། ཐེངས་འདིའི་ཉམས་མྱོང་དེ་བརྒྱུད་ནས་ལྷ་རབ་བྱུང་ན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྣེ་འཁྲིད་དེ་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཡོངས་རྫོགས་ཀྱི་སྒྲིག་གཞིར་བསྐྱར་ཞིབ་ཅིག་གནང་དགོས་པའི་དུས་ལ་བབ་འདུག གལ་སྲིད་དེ་ལྟར་མ་བྱུང་ཡང་ཤེས་རིག་ལས་ཁུངས་ཀྱི་དབང་ལྡན་འགན་འཛིན་གྱི་ཐོག་ནས་སློབ་གྲྭ་ཁག་ལ་ཡོངས་ཁྱབ་ཏུ་སྒྲིག་གཞི་དང་འབྲེལ་བའི་རྩ་འཛིན་ཡིག་ཆ་གསར་པ་ཞིག་བཟོས་ཏེ་འགྲེམ་སྤེལ་བྱེད་དགོས་ཀྱི་འདུག
ངས་ད་རེས་སློབ་ཕྲུག་དེ་དག་གི་བྱེད་སྟངས་དེ་འགྲིག་འདུག་ཟེར་གྱི་མེད། འགྲིག་དང་ནོར་གང་ཡིན་ལ་མ་ལྟོས་པར་བརྡ་ལན་ཟེར་ན་འདྲ་སློབ་ཕྲུག་དེ་དག་གི་སེམས་ནང་སློབ་གྲྭར་འདོད་པ་མ་ཁེངས་པ་ཆེན་པོ་ཞིག་ཡོད་པ་གསལ་བོ་ཆགས་པ་རེད། སློབ་ཕྲུག་ཚོའི་བྱེད་སྟངས་འགྲིག་མིན་ལ་མ་ལྟོས་པར་སློབ་གྲྭའི་ངོས་ནས་བསམ་ཞིབ་དང་བསྐྱར་ཞིབ་ཆེན་པོ་ཞིག་གནང་དགོས་པ་དེ་ཁ་ཚ་དགོས་གཏུག་ཆགས་བསྡད་ཡོད་པ་རེད། གལ་སྲིད་ས་མཚམས་འདི་ནས་བསམ་ཞིབ་མ་གནང་བ་ཡིན་ན། སྔོན་མ་སུ་ཇ་སློབ་གྲྭར་གནས་ཚུལ་ཆེན་པོ་བྱུང་བ་རེད། ད་རེས་མ་སུ་རིར་སྔར་བྱུང་མ་བྱུང་བ་ཞིག་བྱུང་བ་རེད། མ་འོངས་པར་གནས་ཚུལ་གང་ཞིག་ལྷག་རྒྱུ་ཆ་མ་འཚལ་བ་རེད། ད་ངས་འདི་ནས་འབྲི་མཚམས་འཇོག་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།
གནད་དོན་གང་ཞིག་བྱུང་སྐབས་དེའི་སྐབས་ཐོག་གི་ངོ་གདོང་ཙམ་གྱི་ཐོག་ནས་གོ་བ་ལེན་པ་དང་འགྲེལ་བཤད་བྱེད་པ་་ཐག་གཅོད་བྱེད་པ་དེ་མིག་རྒྱང་ཐུང་བ་དང་རྣམ་དཔྱོད་མི་ལྡན་པའི་ལྟ་སྤྱོད་ཅིག་རེད།
ད་ཐེངས་འདི་ངོ་རྒོལ་འདི་གནད་དོན་ཆེན་པོ་ཞིག་གི་ཐོག་ནས་བྱུང་འདུག་ཟེར་གྱི་མེད། འོན་ཀྱང་སློབ་གྲྭ་ཁག་ནས་དོན་རྐྱེན་མང་པོ་ཞིག་འབྱུང་བཞིན་པ་དེ་མ་མཐའ་ཡང་དོ་སྣང་བྱེད་དགོས་པ་ཞིག་ཡིན།
ལྷག་པར་དུ་སློབ་གྲྭ་མང་པོ་ཞིག་གི་སློབ་ཕྲུག་མང་པོ་ཞིག་གི་ཕ་མ་གཉེན་ཉེན་བོད་དུ་ཡོད་སྟབས་ཁོང་ཚོའི་ཡོད་ཚད་སློབ་གྲྭ་ལ་བསྟེན་ཡོད་སྟབས་བྱིས་པ་འདི་དག་གི་བདེ་སྡུག་ལ་དོ་སྣང་བྱེད་དགོས་པ་ནི་བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན།
ཉེ་བའི་ལོ་ཁ་ཤས་ཤིག་གི་སྔོན་ལ་་མ་སུ་རི་ནས་་སློབ་ཕྲུག་འགའ་ཕྱིར་འབུད་བཏང་བ་དང་་སུ་ཇ་སློབ་གྲྭའི་སློབ་མ་ཞིག་གིས་རང་ཉིད་ལ་དྲང་བདེན་མིན་པའི་ཉེས་འཛུགས་བྱས་པ་ངོ་རྒོལ་མཚོན་ཆེད་ཁང་བརྩེགས་ཐོག་ནས་མཆོངས་པ། སུ་ཇ་ནས་སློབ་ཕྲུག་བསད་པའི་དོན་རྐྱེན་དང་འབྲེལ་བའི་རྩོམ་ཡིག་སྤེལ་བར་བཀག་འགོག་དང་སུན་བཙེར་བྱས་པ། སློབ་ཕྲུག་ལ་ཟས་དུག་ཕོག་པ་སོགས་ཀྱི་འཐུས་ཤོར་གྱི་བྱ་བའི་ཡ་ལ་གཞན་ལ་བཙུགས་པར་༸གོང་ས་མཆོག་གིས་ཀྱང་བཀའ་གནང་དགོས་བྱུང་བ་ལ་སོགས་པའི་གནད་དོན་མང་པོ་འབྱུ་ང་གི་ཡོད།
སྤྱི་ཚོགས་འདིར་དོན་དག་གང་ཞིག་བྱུང་ཡང་མཐའ་མར་༸གོང་ས་མཆོག་གིས་ཅིག་མ་གསུངས་པར་དུ་དེ་ལ་ནུས་པ་ལྡན་པའི་འགན་ལེན་བྱེད་མཁན་ཡོད་པ་མ་རེད།
ངས་ནི་ད་ནི་སློབ་མ་རྣམས་གཉིད་ལས་སད་འདུག་ཟེར་གྱི་ཡོད། ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་ཐུགས་སྤྲོ་ཞིག་དང་སྒྲིག་ཆས་གྱོན་སྟངས་ཤིག་གི་ཆེད་དུ་རེད་འདུག ཡིན་ན་ཡང་འགྲོ་སྟངས་ཤིག་ཤེས་པས་ཡག་པོ་རེད། ཐོབ་ཐང་རྩོད་སྟངས་ཤེས་པས་དེ་ལས་ཡག་པོ་རེད། བོད་ཀྱི་སྐད་དང་ཡི་གེའི་དོན་དུ་འདི་ལྟ་བུའི་ངོ་རྒོལ་ཆེན་པོ་ཞིག་བྱུང་ན་ཅི་མ་རུང་། ཤེས་རིག་གི་ཤེས་ཡོན་སྲིད་ཇུས་གསར་བ་དེའི་ཐོག་ལ་འདི་ལྟ་བུའི་ངོ་རྒོལ་ཞིག་བྱ་ཐུབ་ན་ཅི་མ་རུང་། གང་ལྟར་ཡར་རྒྱས་འགྲོ་བཞིན་པའི་རྟགས་མཚན་རེད།
“སློབ་ཕྲུག་ཚོའི་ངོས་ནས་རེ་འདུན་ཁ་ཤས་བཏོན་ཡོད་པ་རེད། དང་པོ་སྒྲིག་ཆས་མ་གྱོན་པ་དང་ངོ་རྒོལ་གོམ་བགྲོད་ཀྱིས་བདེ་སྐྱིད་གླིང་དུ་ཞག་སྡོད་བྱས་པར་ཉེས་པ་གང་ཡང་མི་གཏོང་རྒྱུ་དང་། གཉིས་པ་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོ་སློབ་མ་རང་ངོས་ནས་འོས་འདེམས་དགོས་པ། གསུམ་པ། ཐེངས་འདིའི་མཐར་ཕྱིན་སློབ་མའི་ཐུགས་སྤྲོ་ཡང་བསྐྱར་གཏོང་དུ་འཇུག་དགོས་པ་བཅས་ཀྱི་རེ་འདུན་བཏོན་ཡོད་པ་རེད།”
དེ་སློབ་མ་ཚོའི་རེ་འདུན་གསུམ་རེད་ཟེར། ཆོ་འདུག་གམ། གལ་ཆེན་པོ་ཞིག་རེད་དམ། ན་ཚ་ག་རེ་ཡོད་ན་གླེང་ཆོག་གི་རེད། ངོ་རྒོལ་བྱེད་ཐུབ་ན་སེམས་ནད་ཅི་ཡོད་བཤད་ལོས་ཐུབ། ཚོད་དཔག་བྱས་ནས་ཆེན་པོ་ཞིག་ཡིན་མདོག་བཤད་ན་མི་བཟང། དེ་ལས་སློབ་གྲྭ་ནང་ལ་གསར་འགོད་པ་ཚོ་ཕེབས་ནས་བཅར་འདྲི་ཡག་པོ་བྱས་ནས་ཕྱི་གསལ་ནང་གསལ་བཟོས་ན་ལེགས།
གནས་ཚུལ་འདི་ནི་བཙན་བྱོལ་སློབ་གྲྭ་ཁག་ཏུ་སྔོན་བརྡ་ཞིག་བརྒྱབ་པ་ཙམ་རེད། འདི་ནི་འགོ་ཚུགས་པ་ཙམ་ཡང་རེད། གལ་སྲིད་སློབ་མའི་སློབ་སྦྱོང་ཁོར་ཡུག་ལ་བྱེད་ཐབས་རང་བཞིན་གྱི་གུ་ཡངས་མེད་པར་གནོན་ཤུགས་ཤིག་ཏུ་གྱུར་ཚེ་འདི་ལས་ཚབས་ཆེ་བ་འབྱུང་ངེས་རེད། འདི་ནི་འགོ་བརྩམས་པ་ཙམ་རེད། འདི་ནི་བརྡ་བརྒྱབ་པ་ཙམ་རེད།
གནས་ཚུལ་འདིས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། གཅིག་ནས་བཙན་བྱོལ་ནང་གི་སློབ་གྲྭ་ཁག་གི་འཛིན་སྐྱོང་ལ་སྤྱི་ཡོངས་ནས་གནད་དོན་ཡོད་པ་གསལ་སྟོན་བྱས་པ་རེད། གཉིས་ནས་དབུས་ཤེས་རིག་ལས་ཁུངས་ཀྱི་འགན་ཡོད་མི་སྣ་ཉེ་སྔོན་སློབ་གྲྭ་དེ་རུ་ཕེབས་ཏེ་བདུན་གཅིག་གི་རིང་རྩིས་ཁྲ་གཙང་བཟོ་དགོས་པའི་ལམ་སྟོན་ལ་ཡང་འབྲེལ་བ་ཡོད་སྲིད། གསུམ་ནས་སློབ་ཕྲུག་རྣམས་ཀྱིས་སྒྲིག་ཆས་ཉིན་གཅིག་ལ་གྱོན་མིན་ཙམ་མིན་པར་ད་ཐེངས་ཀྱི་ལས་འགུལ་འདི་གནད་དོན་མང་པོ་མཉམ་བསོགས་ཀྱིས་ནད་རྟགས་ཕྱི་ལ་ཐོན་པ་ཞིག་ཡིན་སྲིད།
མ་སི་རུ་བོད་ཁྱིམ་དུ་བྱུང་བའི་གནས་ཚུལ་དེ་ང་ཚོས་བློ་གཟུར་བོར་གནང་ནས་ལྟ་དགོས་པ་ལས། བསམ་ཚུལ་ཙམ་བཤད་ནས་ཡིན་ངེས་མ་ཡིན་པ་ཞིག་བཤད་ན་ནོར་འཁྲུལ་དང་། སྤྱི་ཚོགས་ལ་རྙོག་ཟིང་དང་རང་གཞན་གཉིས་ཀ་མི་སྐྱིད་པ་ཞིག་ཡོང་ན་ང་ཚོས་ད་བར་བསྒྲུབ་པ་ཆ་ཚང་དོན་མེད་ཞིག་ཏུ་དང་། ཕ་རོལ་དགྲ་བོ་དགའ་བའི་དགྲ་དགའ་གཉེན་སྡུག་གི་གནས་སུ་འགྲོ་ངེས་ཡིན།
སློབ་མ་རྣམས་ཀྱིས་མཐར་ཕྱིན་སྤྲོ་སྐྱིད་སྐབས་གཏན་འབེབས་ཀྱི་སྒྲིག་གཞི་བཞིན་སྒྲིག་ཆས་མ་གྱོན་པར་གྱོན་བཅུག་པ་དང་། སྤྲོ་སྐྱིད་མཚམས་འཇོག་ཙམ་ཞིག་གི་དོན་དུ་དེ་འདྲའི་ངོ་རྒོལ་ཞིག་བྱེད་ན། ང་ཚོའི་གནས་བབ་དང་སློབ་མའི་བསམ་ཞིབ་གང་འདྲ་ཞིག་གནང་འདུག་གམ། གཞན་གྱིས་མཐོང་ཚུལ་དང་ལྟ་ཚུལ་གང་ཞིག་འབྱུང་གི་རེད། ངོ་མ་ཡིན་དེ་ཙམ་གྱིས་སློབ་མ་ཚོས་ངོ་རྒོལ་དང་འཁང་ར་འདོན་བཞིན་ཡོད་ན། ཆེས་མ་མཐའ་ཡང་སློབ་གྲྭ་དེའི་ཉིན་གཅིག་གི་འགྲོ་གྲོན་སློབ་ཕྲུག་རེ་རེའི་སྒང་ལ་ང་ཚོད་འགྲོ་བཞིན་ཡོད་པ་གསལ་བོར་ཤེས་དགོས་པ་ཡིན། སྤྱིར་ལས་བྱེད་དང་ལས་ཀྱི་སྣེ་མོ་བ་ཚང་མས་འདི་འདྲའི་ཐོག་སློབ་མ་ལ་འགྲེལ་བརྗོད་དང་། ཡིད་ངོར་འཇགས་པའི་སློབ་གསོ་གཏོང་དགོས། བསམ་བློ་གནད་དུ་ཕབས་ནས་བཤད་ན་འདི་ཙམ་ཞིག་གི་ང་རྒོལ་བྱེད་པ་ཨེ་ཡིན་བསམ་པ་བྱུང་། དོན་དངོས་འདི་ཙམ་ཞིག་ཡིན་ན་སློབ་མ་འདི་དག་སྐྱིད་མ་འཁྱོག་པའི་ཀོར་གྱིས་གནོན་པ་ཡིན། འགྲོ་གྲོན་འདི་དག་གི་ཡོང་ཁུངས་དང་དཀའ་ངལ་སོགས་ཕལ་ཆེར་འཛིན་རིམ་བཅུ་པའི་ཡན་གྱིས་རྟོགས་དགོས་ངེས་རེད་ལ་རྟོགས་བཞིན་ཡང་ལོད་ཡོད་བསམ།
བོད་ནང་དང་ཕྱི་བཞུགས་སློབ་མའི་བར་གྱི་བོད་མི་རིགས་ལ་ཁུར་བའི་སེམས་ཁུར་དང་། སེམས་ཤུགས། འགན་འཁྲི་སོགས་ཞིབ་བསྡུར་ཞིག་བྱས་ན་གནམ་སའི་བར་ཁྱད་ཕྱིན་ཡོད་པ་རེད། དེ་ནི་གུས་མོ་བཙན་བྱོལ་དུ་མནར་སོན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་པས་ཆ་ན། བོད་ཕྱི་ཕྱོགས་ཀྱི་སློབ་མའི་གནས་ཚུལ་དང་བསམ་བློའི་ཀུན་སྤྱོད་ཤེས་ཀྱིན་ཡོད། འདི་གར་གནས་བའི་སློབ་ཕྲུག་རྣམས་ལ་ཆ་རྐྱེན་དང་མཐུན་རྐྱེན། མཐོང་ཐོས་སོགས་ཧ་ཅང་ལེགས་མོད། རང་ཉིད་བཙན་བྱོལ་དུ་གནས་སའི་རྒྱལ་ཁབ་དེའི་སློབ་གྲྭའི་ཆ་རྐྱེན་གང་འདྲ་ཞིག་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན། འདི་ལྟར་ཞིབ་བསྡུར་དང་འགན་འཁྲི་ཞིག་གི་ཐོག་ནས་བློས་ཞིབ་ཏུ་བརྟག་ན་ད་གཟོད་ང་ཚོ་ལ། ཅི་ཞིག་དགོས། གང་ཞིག་མ་འགྲིག་བ་སོགས་རེ་རེ་བཞིན་གསལ་ཁ་ཕྱེས་རན་རེད།
སློབ་མའི་ངོ་རྒོལ་དེ་དེ་ཙམ་ཞིག་ཡིན་ན་ངོ་མ་སྐྱིད་དྲགས་པ་རེད། དཀའ་ངལ་ལ་གདོང་ལེན་བྱེད་མི་ཐུབ་པའི་མི་བུ་ཐབས་རྡུགས་རྐྱང་ཡིན་ངེས། འོན་ཀྱང་དེ་ཙམ་ཞིག་མིན་པར་སྨོན།
ང་ཚོས་དགེ་སྐྱོན་གང་གླེང་སྐབས་སློབ་གྲྭ་ཞིག་ནས་མི་གསོད་ཁྲག་སྦྱོར་བྱས་པ་རེད་ལ་སོགས་པའི་ནད་རྙིང་ལྟ་བུའི་དབྱེན་དཀྲུག་གི་བརྗོད་ཚིག་དག་མི་སྤེལ་བར་མཁྱེན།
སློབ་མས་ཞི་རྒོལ་བྱེད་དོན་གོང་གསལ་གྱི་གནས་ཚུལ་འདི་ཙམ་ཡིན་གྱི་མ་རེད། ཁོང་ཚོའི་སེམས་ལ་རྒྱུན་རིང་བསགས་པའི་དཀའ་ངལ་ཞིག་ཡོད་ཐག་ཆོད་རེད། བཙན་བྱོལ་སློབ་གྲྭ་ཁག་གི་འཛིན་སྐྱོང་མི་སྣ་དེ་ཚོ་ནི་སྒེར་བཅོད་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་དེ་འདྲ་རེད། གསར་འགོད་པས་སློབ་མ་ཚོ་ལ་ཡང་དྲི་བ་བཀོད་ནས་དཀའ་ངལ་གྱི་འབྱུང་རྩ་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་རེད།
གནས་ཚུལ་འདི་བྱུང་རྐྱེན་མཐར་ཕྱིན་སློབ་མའི་ཐུགས་སྤྲོ་དང་སྒྲིག་ཆས་གྱོན་སྟངས་ཙམ་གྱིས་བྱུང་བ་ཞིག་གཏན་ནས་མ་རེད། གནའ་སྔོན་ནས་མཱ་སུ་རི་སློབ་གྲྭ་ནས་དོན་རྐྱེན་ཚབ་ཆེ་ཆུང་མི་འདྲ་བ་མང་པོ་བྱུང་དང་འབྱུང་བཞིན་པ་འདི་དག་གི་རྒྱབ་ལྗོངས་ལ་སྐྱུག་ལོག་པའི་ལོ་རྒྱུས་སྐྱི་གཡའ་བ་འགའ་ཡོད་ནི་རེད། སློབ་ཕྲུག་དེ་ཚོར་གསར་འགོད་པས་རིམ་པར་སྐད་ཆ་འདྲི་ན་སྒྲུང་མང་པོ་དོན་རྒྱུ་ངེས་གཏན་རེད། མ་གཞི་འདིའི་རིགས་དེ་གཞིས་ལུས་སྤུན་ཟླ་ཚོས་མ་ཐོས་ན་བཟང་གི།
བོད་ནང་གི་སློབ་མ་དང་རྒྱ་གར་ནང་གི་སློབ་མ་གཉིས་ཞིབ་བསྡུར་ཞིག་བྱོས་དང་། ང་ཚོས་ཅི་ཞིག་མཐོང་སྲིད།
ངས་ཀྱང་གནས་ཚུལ་འདི་གོ་སོང་། འཛིན་རིམ་བཅུ་གཅིིག་བཅུ་གཉིས་ཀྱི་སློབ་ཕྲུག་གཅིག་པུ་ཡིན་ས་མ་རེད། འཛིན་གྲྭ་གཞན་པའི་ཕྲུ་གུ་མང་པོ་ཞིག་ཀྱང་གོམ་བགྲོད་ནང་མཉམ་ཞུགས་བྱས་ཡོད་ས་རེད། འདི་མ་སུ་རི་སློབ་གྲྭའི་འཛིན་སྐྱོང་གཅིག་པུའི་ནོར་འཁྲུལ་ཞིག་ཏུ་མཐོང་མ་སོང་ལ། སློབ་གྲྭའི་སློབ་ཕྲུག་དེ་དག་གི་ནོར་འཁྲུལ་ཞིག་དེ་ལས་ཀྱང་མ་རེད།
བཙན་བྱོལ་སྤྱི་ཚོགས་ཀྱི་རྨིང་གཞིའི་བསམ་བློ་འཁྱེར་སྟངས་དང་། བསམ་བློ་ནོར་འཁྲུལ་ཅན་དེའི་རྗེས་འབྲེལ་དུ་བཟོས་པའི་ཁྲིམས་སྒྲིག་དང་། གོམས་སྲོལ་འགྲོ་སྟངས་མང་པོ་ཞིག་འགྲིག་གི་ཡོད་པ་མ་རེད། ས་སུ་རི་སློབ་གྲྭ་ནས་བདེ་སྐྱིད་གླིང་གཞིས་ཆགས་བར་ཀཱེ་ལཱོ་མེའུ་ཊིར་ 38ཙམ་ཡོད་རེད། སྤྱིར་བཏང་ད་རེས་དོན་དག་ཆུང་ཆུང་རེད་གནས་ཚུལ་ཆེན་པོ་དེ་འདྲ་ལྷག་ཡོད་པ་མ་རེད་དེ། ཐེངས་འདིར་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་ཕྲུག་ཚོས་དེ་ལྟར་ངོ་རྒོལ་གནང་དགོས་པ་དེ་ད་རེས་ཐུགས་སྤྲོའི་ཐོག་སྒྲིག་ཆས་གྱོན་བཅུག་པ་དང་ཐུགས་སྤྲོ་གཏོང་མ་བཅུག་པའི་སེམས་ནད་ཙམ་མ་རེད་བསམ་གྱི་འདུག རྒྱུན་རིང་བསགས་ཡོད་པའི་སེམས་ནད་ཅིག་གནོན་མ་ཐུབ་པར་གནས་ཚུལ་འདི་བྱུང་བ་རེད། གསར་འགོད་པའི་སློབ་གྲྭའི་འཛིན་སྐྱོང་གཅིག་པུར་སྐད་ཆ་དྲིས་ཏེ། སློབ་ཕྲུག་གི་ཕྱོགས་ལ་སྐད་ཆ་མ་དྲིས་པ་དེ་འགྲིག་ཡོད་པ་མ་རེད། སློབ་ཕྲུག་ཚོས་ཐེངས་འདིར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ངོ་རྒོལ་དེ་འདྲ་ཞིག་བྱེད་དགོས་པ་དེ་སེམས་ནང་དཀའ་ངལ་མང་པོ་ཞིག་ཡོད་པ་རེད། དེ་གསར་འགོད་པས་གསལ་བོ་བཟོ་དགོས་པ་རེད། སྤྱི་ཚོགས་ཀྱིས་ཧ་གོ་དགོས་པ་རེད།
དེང་སྐབས་དུས་རབས་ཉེར་གཅིག་པ་སླེབས་ཡོད་པར་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་པ་དང་། ལུང་པ་རྒྱ་ལག་ཏུ་ཤོར་ཡོད་པ། སྤྲང་པོ་ཡིན་པ། ཉམས་ཆུང་བྱེད་དགོས་པ། སྒྲིག་གཞི་འཁུར་དགོས་པ། ༧གོང་ས་མཆོག་ལ་སྲི་ཞུ་བསྒྲུབ་དགོས་པ་སོགས་སེམས་ལ་དྲན་ཚུལ་བཤད་དེ་མགོ་གནོན་བྱེད་ཆོག་ཀྱང་། ང་ཚོ་སྡོད་ས་དང་འགྲོ་སའི་སྤྱི་ཚོགས་ཀྱིས་ང་ཚོར་བསྟུན་མཁས་བྱེད་གི་མ་རེད། དུས་ཀྱི་འགྱུར་ལྡོག་གིས་བཙན་བྱོལ་བོད་མི་རེད་ཟེར་ནས་གུ་ཡངས་སྤྲོད་གི་མ་རེད། དུས་ཚོད་དང་བསྟུན་པའི་ཐོག་ནས་གུ་ཡངས་དང་རང་དབང་སྤྲོད་དགོས་པ་རེད། ལྷག་པར་དུ་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་ཁག་མང་ཆེ་བ་སློབ་མས་སྟོང་ནས་འགྲོ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་ལ་བསྟུན་པའི་མཐུན་རྐྱེན་དང་སྒྲིག་གཞི། འགྲོ་སྟངས་སོགས་ལག་བསྟར་བྱེད་དགོས་པ་རེད།
གནས་ཚུལ་ཚབས་ཆེན་རེད། གནས་ཚུལ་སྡུག་ཅག་ཅིག་ཀྱང་རེད། ཡིན་ནའང་གནས་ཚུལ་སྡུག་ཅག་རེད་ཅེས་ནས་སྦས་སྐུང་བྱེད་ཐབས་མེད་པ་ཞིག་དང་སྦས་སྐུང་བྱེད་མི་རུང་བ་ཞིག་ཆགས་ཡོད། གནས་ཚུལ་ཆུང་ཚགས་རིགས་སྣང་མེད་བཏང་སྟེ་མགོ་གནོན་རྐྱང་བྱས་བསྡད་པ་ཡིན་ན་ཕྱི་ཚུལ་དུ་བརྟན་ལྷིང་ཞི་འཇམས་ལྟ་བུ་ཡོད་ཀྱང་། ནམ་ཞིག་ཉེན་ཁ་ཆེན་པོ་ཆགས་མི་སྲིད་པ་མིན། ལོ་ཤས་གོང་སུ་ཇ་སློབ་གྲྭའི་ནང་དུ་མི་གསོད་དོན་རྐྱེན་བྱུང་བ་རེད།
ཐེངས་འདིའི་སློབ་ཕྲུག་ཚོའི་ཞི་བའི་གོམ་བགྲོད་ངོ་རྒོལ་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་གི་ཐེངས་མ་དང་པོ་བྱུང་བའི་གནས་ཚུལ་ཚབས་ཆེན་ཞིག་ཡིན་ནའང་། ཆག་སྒོ་དང་བརྡབ་གསིག་སོགས་ཀྱི་གནས་ཚུལ་ཆེན་པོ་གང་ཡང་བྱུང་མེད་པར་བརྡ་ལན་གསལ་བོ་ཞིག་ཆགས་ཡོད་པ་རེད། བརྡ་ལན་འདི་བཙན་བྱོལ་བོད་གཞུང་དང་ཤེས་རིག་ལས་ཁུངས་། དེ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་གྲྭ་ཁག་གཞན་དག་ལའང་འཁྱོལ་ཡོད་པའི་རེ་བ་ཡོད། དེར་བརྟེན་ངས་ད་རེས་གནས་ཚུལ་འདི་འདྲ་ཞིག་བྱུང་བ་དེ་ཧ་ཅང་ཡག་པོ་ཆགས་འདུག་ཞུ་རྒྱུ་ཡིན།
སྒྲིག་ཆས་ཉིན་གཅིག་གོན་རྒྱུར་དཀའ་ངལ་ཅི།
ཡང་ན་མ་གོན་ན་ཡང་ནག་ཉེས་ཅི།
ཐུགས་སྤྲོ་གཏོང་རྒྱུ་བཀག་པ་མི་འོས་ཀྱང།
ངོ་རྒོལ་སྐད་འབོད་དེ་བས་འོས་མ་ཡིན།
ཆུང་ཆུང་འདི་འདྲ་ཆེན་པོ་བཟོ་དགོས་ན།
ཆེན་པོ་བོད་ཀྱི་དཀའ་ངལ་ཇི་ལྟར་སེལ།
འདི་ནི་སྐྱབས་བཅོལ་བོད་མའི་ལོ་ངོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཁྲོད་ཀྱི་དམིགས་བསལ་གྱི་དོན་རྐྱེན་ཞིག་དང་བྱུང་བ་ཞིག ཡང་ན་མཚོན་དོན་རང་བཞིན་གྱི་ལས་འགུལ་ཞིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་རེད།
ཉེ་སྔོན་རྡ་ས་ནས་གྲོས་ཚོགས་སྒོ་འགྲམ་དུ་ངོ་རྒོལ་བ་བྱུང་བ་དང་། ད་ཐེངས་སློབ་ཕྲུག་གི་འོས་ལངས་རྔམས་སྟོན་བྱས་པ་སོགས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་ཞིག་གསལ་བྱེད་ཀྱིན་པ་རེད།
ལོ་རྒྱུས་ཀྱི་བྱུང་བ་འདི་ཚོར་ལོ་རྒྱུས་ཀྱི་བྱུང་བ་མང་པོ་ཞིག་གི་ཐོག་ནས་ལྟ་ཐུབ་དགོས་པ་དང་ལོ་རྒྱུས་ཀྱི་བྱུང་བ་མང་པོ་ཞིག་གི་ཉམས་མྱོང་གི་ཐོག་ནས་ཐག་གཅོད་དགོས་པ་ཧ་ཅང་གལ་ཆེན་རེད། གནས་སྐབས་དེ་ཙམ་ཡིན།
ཉེ་ཆར་སྤྱི་ཚོགས་ནང་ལ་ཟིང་ཆ་འཇམ་ནས་ཟླ་ངོ་ཁ་ཤས་མ་ལས་སོང་པའི་མ་སུ་རིའི་སློབ་གྲྭ་སྐོར་གཏམ་ཞིག་སྤེལ་ན། དེ་སྔོན་ནད་རྟགས་ལྟ་བུའི་ཁ་སང་མ་སུ་རིའི་སློབ་མ་ཚོས་སློབ་གྲྭའི་འཛིན་སྐྱོང་ལ་ངོ་རྒོལ་བྱེད་སྟངས་འདིས། བཟང་པོ་དང་ངན་པ་ཅི་ཞིག་མཆིས་སམ་ཞེ་ན། དེ་ནི་སྔར་འཛིན་སྐྱོང་གིས་བྱེད་སྟངས་དང་། ལས་སྟངས་འགའ་ཞིག་གིས་སློབ་ཕྲུག་རང་ཉིད་བློ་འཕམ་དགོས་པ་དང་། སེམས་སྐྱོ་དགོས་པའི་གནད་དོན། དེ་བཞིན་དྲང་བདེན་དང་གནས་ལུགས་མེད་པའི་སྒེར་གཅོད་ཀྱི་རྩ་འཛིན་ཆེ་དྲགས་པའི་སྐྱོན་ཆ་འགའ་ཞིག དེ་རེང་སྤྱི་ཚོགས་ཀྱི་མིག་འདུན་དུ་ཕྱིར་མངོན་བྱས་པ་ཞིག་རེད་། གནའ་སྔ་མོ་ནས་ད་ལྟའི་བར་མ་སུ་རིའི་སློབ་གྲྭ་སྐོར་གནས་ཚུལ་ཕྲན་བུ་ཞིག་རྒྱུན་མཐུད་ནས་ཡོང་གི་ཡོད་ཀྱང་། ད་ཆར་ཞི་བའི་གོམས་བགྲོད་སྐྱོད་དགོས་པའི་གནད་དོན་མ་ཐུག་ཞིག་པར་རྒྱུན་བསྲིངས་པ་འདི། ཐུག་སྤྲོ་བཏང་མ་བཅུག་པའི་དཀའ་ངལ་ཙམ་དང་། སྒྲིག་ཆས་གྱོན་མ་གྱོན་གྱི་གནད་དོན་ཙམ་ཞིག་མ་ཡིན་པར། སྔ་ནས་མ་འགྲིགས་པའི་ན་ཚའི་བཀའ་ངལ་མང་པོ་ཞིག་བསགས་ནས་བསྡད་པ་དེ། ཁ་སང་གཞི་ནས་ནད་ལངས་བརྒྱབ་སྟེ་ཕྱིར་མངོན་བྱས་པ་ཞིག་ལ་ཚང་མས་ངོས་འཛིན་ཐུབ་དགོས། དེ་ནི་འབྱུང་འགྱུར་བོད་ཕྲུག་མང་པོ་ཞིག་གི་ཕུགས་འདོན་དང་བདེ་སྡུག རྩ་བའི་མི་རིགས་ཤིག་གི་སོན་རྩ་དང་འཇུག་འབྲས་ལ་ཐུག་པའི་གནད་དོན་ཞིག་ཡིན་ཕྱིར། འདིའི་ཐད་ལ་ཞིབ་བཤེར་མཐར་ཕྱིན་པ་ཞིག་གནང་དགོས། དེ་བས་སློབ་ཕྲུག་ཚོ་ལ་འཇིགས་སྣང་དང་སྡིགས་ར་བསྐུལ་ཏེ་ཞིབ་བཤེར་བྱས་ན། ད་ལྟ་གནད་དོན་འདི་ཡོང་ཁུངས་ཀྱི་རྩ་བ་དེ་ལ་ཐུག་ཡོད་པར་ངོས་འཛིན་བྱེད་ཐུབ། མ་ཟད་སྐྱོང་འཛིན་ལས་བྱེད་པ་མཐོ་རིམ་དང་། དམའ་རིམ་གྱི་ཁྱད་པར་མ་ལྟོས་པར་ངེས་པར་དུ་ཞིབ་བཤེར་ཞིག་མ་བྱས་ན། མ་འོངས་པར་ཡང་གནད་དོན་འདི་ལྟ་བུ་ཞིག་རྫོགས་ཐབས་མེད་པར་ལྷག་སྲིད། དེ་བཞིན་སློབ་གྲྭ་དང་། མཐོ་སློབ་གང་ཞིག་ཡིན་ཡང་རྒན་བདག་དང་། ཤེས་ཡོན་གྱི་ཚོགས་མི་དང་། སློབ་གྲྭའི་ཚོགས་མི་སོགས་ཅི་འདྲ་ཞིག་གདམ་དགོས་ནའང། འཛིན་སྐྱོང་གིས་སྤྱང་སྒྲུང་ལྟ་བུའི་ཆབ་སྲིད་ཞིག་འཁྲབ་སྟེ་ཐོག་མར་འཛིན་སྐྱོང་གིས་འོས་མི་གཉིས་གསུམ་ཞིག་བདམས། དེ་ནས་འོས་མི་དེའི་ནང་ནས་སློབ་ཕྲུག་ཚོ་ལ་མང་གཙོ་ཡིན་མདོག་གི་རྣམ་པས་རྒན་བདག་སོགས་གདམ་བཅུག་པ་སྟེ། རྒྱ་ནག་སྲིད་འཛིན་གདམ་ལུགས་ལྟར། སྒེར་གཅོད་ཀྱི་བྱེད་སྟངས་ངོ་མ་དེ་རེད། འདི་ལྟ་བུའི་ལས་ཀ་ཐབས་སྡུག་པོ་ཞིག་གང་ནས་ཡོད། འདི་ནི་རྐུ་ཡིན་ནའང་མིན་འདོག་ལྟར་བྱེད་སྟངས་ཤིག་དང་། རྫུན་མ་ཡིན་ཡང་མིན་མདོག་ལྟར་བྱེད་སྟངས་ཤིག་ལས། མང་གཙོ་ཚད་ལྡན་ཡོད་ན་སློབ་ཕྲུག་ཚོ་ལ་གདམ་མི་བཅུག་པའི་གནད་དོན་ཅི་ཡོད། དེ་ནི་འཛིན་སྐྱོང་རང་ཉིད་ཀྱི་སྒེར་གཅོད་ཀྱི་བྱེད་སྟངས་དང་ལས་སྟངས་སོགས་ལ་སྐྱོན་ཆ་མི་ཡོང་པའི་ཆེད་དུ་མི་སྤྲེ་ལད་ཅན་གཉིས་གསུམ་འོས་མི་བཙལ་ནས་། གཞི་ནས་སློབ་ཕྲུག་ཚོར་བདམས་བཅུག་ཡིན། དེ་ནི་ཁོང་ཚོས་ཤར་ལ་རྒྱུགས་ཟེར་ན་རྐྱང་དང་། ནུབ་ལ་རྒྱུགས་ཟེར་ན་རྒྱུག་རྐྱང་། མིག་ཚུམས་ཟེར་ན་བཙུམ་རྐྱང་། ཁ་གདངས་ཟེར་ན་གདངས་རྐྱང་བྱེད་མཁན་ཤ་སྟག་ཡིན། དངོས་ནས་བྱས་ན་ལྷག་བསམ་ལྡན་པའི་བྱ་བ་ཅི་འདྲ་བྱས་ནའང་། གཞན་གྱིས་གདེང་འཇོག་དང་བརྩི་སྟངས་མི་ཡོང་པར་གང་ནས་བྱེད་སྲིད། དེས་ན་ཆུ་མ་བརྙོགས་ན་དྭང་མ་དང་། སྒེར་གཅོད་མ་བྱས་ན་ཞི་འཇམ་ཡིན་པ་འཇིག་རྟེན་གྱི་ཆོས་ཉིད་རེད།
ཞོགས་པ་གློག་ཀླད་ཁ་ཕྱེས་པ་དང་༼སློབ་མ་༢༥༠ལྷག་གིས་ངོ་རྒོལ།༽ཞེས་པའི་འགོ་བརྗོད་འདི་མཐོང་མ་ཐག་དགའ་ལྷང་ལྷང་ཞིག་བྱས་བྱུང། རྒྱུན་མཚན་ནི་ང་ཚོ་བཙན་བྱོལ་གྱི་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་གོ་རྟོགས་ཕྲན་བུ་སླེབས་འདུག་བསམས། འོན་ཀྱང་ཞིབ་ཕྲ་ལྟ་ཙམ་སློབ་ཕྲུག་ཅིག་གིས་སྒྲིག་ཆས་གྱོན་མི་གྱོན་གྱི་རྙོག་གྲ་ཞིག་རེད་འདུག་པས་བློ་ཕམ་ཆེ།
༧གོང་ས་མཆོག་དགྲ་བོ་རྒྱ་དམར་ལ་ཡང་ཞི་མོལ་ངང་ནས་དཀའ་ངལ་སེལ་དགོས་གསུངས་པ་དེ་ཚོ་སློབ་ཕྲུག་ཚོས་རྣ་རྒྱབ་ཀྱི་རླུང་པོར་བཏང་འདུག སློབ་མ་ཚོ་མ་འོངས་པར་གནས་དོན་ཆུང་ཚགས་དེ་འདྲའི་རིགས་ལ་ནམ་ཡང་དེ་འདྲ་མ་གནང་རོགས། ཐུགས་རྗེ་གཟིགས་རོགས་གནས།
ཚང་མ་ལོས་རྒྱབ་བསྐྱོེར་གནང་ནས་དོན་དག་ཕྱི་གསལ་ནང་གསལ་བཟོ་རོགས། གསར་འགོད་པ་ལྷན་རྒྱས་འགན་ཆེན་པོ་ཡོག་རེད།