མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བན་བོན་གཞུང་གི་འཇིག་རྟེན་ཆགས་རབས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཝྭ་ཎཱར་མཐོ་སློབ་ནས་བན་བོན་གཞུང་གི་འཇིག་ རྟེན་ཆགས་རབས་ཐོག་འབུམ་རམས་པ་ཐོན་མཁན་བུ་མོ་བཟང་མོ་ལགས་སུ་ད་ལོའི་དམངས་ གཙོའི་དུས་དྲན་ཉིན་སྲིད་སྐྱོང་གཟེངས་རྟགས་ཐོབ་པ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཁོ་མོའི་ཆེད་སྦྱོང་དང་འབྲེལ་བའི་ཡིག་ཐོག་གི་བཅར་འདྲི་ཞུས་ཡོད།

        དྲི་བ། ཐོག་མར་ཁྱེད་རང་གི་སློབ་སྦྱོང་གི་བརྒྱུད་རིམ་སོཊ་ངོ་སྤྲོད་ཅིག་གནང་རོཊ།

        ལན། ང་རང་འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་བོན་གཞིས་ཉིན་སློབ་(C.S.T Dolanji)ཏུ་ཕྱིན་པ་དང་། དེའི་རྗེས་ཝྭ་ཎཱ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་བཞུགས་བྱས་ཏེ་གནའ་བོའི་ཞང་བོད་རིག་གནས་དང་ནང་དོན་རིག་པ། རྒྱལ་རབས་ལོ་རྒྱུས།  དབྱིན་བོད་སྐད་ཡིག་བཅས་ཀྱི་ཐོག་སློབ་སྦྱོང་བྱས་ཏེ་ ༢༠༠༥ ལོར་བསྟན་བཅོས་ (Shastri) དང་། ༢༠༠༧ ལོར་སློབ་དཔོན་ (Acharya) ཐོན་པ་རེད། བོན་ཆོས་ཀྱི་གཞུང་ལུགས་ཐོག་མུ་མཐུད་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་ ༢༠༠༩ ལོར་ཁྱད་འཕགས་སློབ་དཔོན་ནམ་ (M.Phil) དང་། ༢༠༡༣ ལོར་རིག་པའི་ཆུ་གཏེར་རམ་(Ph.D)ཞེས་པའི་གནས་རིམ་ཐོན་པ་ཡིན། ཁྱད་འཕགས་སློབ་དཔོན་གྱི་ཆེད་རྩོམ་ནི་༼ བན་བོན་གཉིས་ཀྱི་བཙུན་མའི་སྡོམ་རྒྱུན་དང་འབྲེལ་བའི་དཔྱད་རྩོམ་མེ་ལོང་མ་(The lineage of Bhikshuni ordination in the Bon and Buddhist tradition of Tibet )༽ ཞེས་པ་དང་། རིག་པའི་ཆུ་གཏེར་སློབ་ཐོན་གྱི་ཆེད་རྩོམ་༼ བན་བོན་གཉིས་ཀྱི་འཇིག་རྟེན་ཆགས་རབས་ཀྱི་ལམ་ལུགས་དང་བརྒྱུད་སོགས་ལ་དཔྱད་པ༽ ཞེས་པ་བྲིས་ཡོད། གཞན། ང་རང་གིས་བོད་ཕྱི་ནང་གི་དུས་དེབ་དང་དྲ་རྒྱ་མང་པོའི་ཐོག་གཟི་གཡང་ཟེར་བའི་སྨྱུག་མིང་འོག་དཔྱད་རྩོམ་མང་པོ་ཞིག་སྤེལ་མྱོང་ཡོད་ལ། ༢༠༡༡ ལོར་བསྟུན་མར་ལོ་གཉིས་རིང་(Jawaharlal Nehru Memorial Fund)ཡི་(Scholarship for Doctorate study)གྱི་སློབ་ཡོན་གྱི་གོ་སྐབས་ཐོབ་སོང་།

        དྲི་བ། ཁྱེད་རང་བན་བོན་གཞུང་གི་འཇིག་རྟེན་ཆཊ་རབས་ཐོག་དོ་སྣང་ཇི་ལྟར་བསླེབས་པ་དང་ཆེད་སྦྱོང་གི་བརྒྱུད་རིམ་ཁྲོད་དཀའ་ངལ་ག་རེ་འཕྲད་སོང་།

        ལན། སྤྱིར་བཏང་བན་བོན་སྣོད་བཅུད་ཀྱི་འགྲེལ་ཚུལ་ཕན་ཚུན་དཔེ་བཤུས་བྱས་པ་རེད་ཅེས་པའི་གསུང་སྟངས་སྣ་ཚོགས་ཤིག་ཡོད་པ་རེད་ལ། དེ་ལྟར་གསུངས་པར་ཐུགས་ཁག་ཀྱང་མི་འདུག  ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་བོན་གྱི་༼མཛོད་གཞུང་༽དང་།༼ཆོས་མངོན་པའི་གཞུང་༽ནང་། འཇིག་རྟེན་བསྟན་པའི་དུམ་ཚན་རྣམས་ཕན་ཚུན་ཁ་བསྒྲིགས་པ་ལྟར་ཡོད་སྟབས། དོགས་གཞི་བསླེབས་པ་ནི་རང་བཞིན་ཞིག་རེད། མཛོད་གཞུང་དེ་དག་གི་མཛད་པ་པོ་ཕན་ཚུན་བར་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ལམ་ཆགས་ཡོད་མེད་ལ་དཔྱད་ཞིབ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག དཔྱད་ཞིབ་བྱེད་པར་མཛོད་གཞུང་གི་སློབ་དཔོན་དེ་དག་གི་བྱུང་རབས་དང་མཛོད་རྩོམ་ཚུལ་སོགས་ཀྱི་སྐོར་ལ་ཞིབ་ཚགས་པོས་འཚོལ་ཞིབ་གནང་དགོས་པ་དེ་བས་ཀྱང་གལ་ཆེན་པོ་རེད། སྤྱིར་ང་རང་གིས་བན་བོན་གཞུང་ནང་གསལ་བའི་འཇིག་རྟེན་ཆགས་རབས་བར་གྱི་དཔྱད་པ་གཏོང་སྐབས། གྲུབ་མཐའི་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར་བློ་གཟུ་བོའི་ཐོག་ནས་དཔྱད་པ་བྱས་པའི་ཁུལ་ཡིན།  

        རྗེ་རྒྱལ་བ་མཉམ་མེད་ཆེན་པོས་༼རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་༽ལས། རང་ལྟ་ལ་མི་ཆགས། གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་གཞག་འབྱེད་པ་ནི་ཤེས་རབ་བསྐྱེད་པའི་རྒྱུ་དང་། དག་སྣང་སྦྱོང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ།། ཞེས་གསུངས་པ་ལྟར། སྔར་ནས་བན་བོན་གྱི་ཕྱི་སྣོད་ཆགས་ཚུལ་གྱི་སྐོར་ལ་བསམ་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་འདི་དག བན་བོན་སོ་སོའི་གཞུང་ལུགས་དང་འབྲེལ་ནས་མ་རྟོགས་པ་དང་ལོག་པར་རྟོགས་པ། ཐེ་ཚོམ་གྱི་ཆ་རྣམས་བསལ་ཏེ་གཞུང་དེ་དག་གི་དགོངས་དོན་རྣམས་འགལ་མེད་དུ་རྟོགས་པ་སོགས་ཀྱི་ཆེད་དུ་ཡིན། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་དཀའ་ངལ་དམིགས་བསལ་གང་ཡང་འཕྲད་མ་སོང་།

        དྲི་བ། བན་བོན་གཞུང་གི་འཇིག་རྟེན་ཆགས་རབས་ལ་གསུང་ཚུལ་མི་འདྲ་བ་གང་དག་མཐོང་སོང་།

        ལན། བོན་གྱི་གཞུང་དུ་གྲོལ་ལམ་སེམས་ཕྱོགས་དང་བསྒྱུར་ལམ་སྔགས་སྤང་ལམ་མདོ་བཅས་ཀྱི་གཞུང་ཆེན་ཁག་སོ་སོའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ཆགས་རབས་ལ་བཤད་ཚུལ་མི་འདྲ་བ་ཡོད་པ་རེད། བོན་ལུགས་ཀྱི་འཇིག་རྟེན་ཆགས་རབས་ཀྱི་གླེང་ཕྱོགས་ལ།  ཕྲ་རྡུལ་ལས་བརྩམས་ཏེ་ཕྱི་སྣོད་ཀྱི་སྲིད་པ་རིམ་ཆགས་སུ་བྱུང་བའི་ལུགས་དང་། མངོན་རྫོགས་ཁྲི་ཁུགས་ཀྱི་ངད་པ་ལས་བྱུང་བའི་འཇིག་རྟེན་གྱི་བཀོད་པ་གྲུབ་པའི་ལུགས། གཞི་རྩལ་ཟུང་འཇུག་གི་རྩལ་ལས་ཕྱི་སྣོད་ཀྱི་སྣང་ཆ་གྲུབ་པའི་ལུགས་བཅས་ལུགས་མི་འདྲ་བ་གསུམ་དུ་བསྡུས་ཡོད། ལུགས་དང་པོའི་བཤད་སྲོལ་དེ་མདོ་ལུགས་ཀྱི་རྒྱུ་མཐུན་གྱི་རིམ་པ་དེ་རེད། ལུགས་གཉིས་པའི་བཤད་ཕྱོགས་དེ་སྔགས་ལུགས་ཀྱི་བྱེད་བྱས་ཀྱི་རིམ་པའི་ཁོངས་སུ་བསྡུ་བ་རེད། ལུགས་གསུམ་པ་དེ་སེམས་ཕྱོགས་ཀྱི་ཡེ་སྲིད་གཞི་དབྱིངས་ལས་འཕྲོས་པའི་གསུངས་སྲོལ་རྣལ་མ་ཞིག་རེད། མདོར་བསྡུས་ན་གོང་གི་སྡོམ་ཚིག་ཚན་པ་གསུམ་དེའི་ནང་དུ་མ་འདུས་པ་གང་ཡང་མེད་ཅེས་ཤོད་ཀྱི་ཡོད་པ་རེད། དུས་འཁོར་གཞུང་ལས། དུས་ཀྱི་སྟོང་པ་རྣམས་ལས་རླུང་དང་མེ་དང་ཆུ་དང་ས་དང་གླིང་དང་རི་དང་རྒྱ་མཚོ་རྣམས་དང་། ཉི་ཟླ་གཟའ་སྐར་གྱི་ཚོགས་དང་དྲང་སྲོང་ལྷ་དང་འབྱུང་པོ་ཀླུ་རྣམས་དང་། བྱོལ་སོང་སྐྱེ་གནས་རྣམ་བཞི་རྣམ་པ་སྣ་ཚོགས་ས་དང་ས་འོག་དག་ལ་མི་དང་དམྱལ་བ་དང་། ཆུ་ལས་ཚྭ་བྱུང་བ་བཞིན་དུ་སྒོ་ང་ལས་ཀྱང་ཡིན་ཏེ་སྟོང་པ་ལས་ནི་འབྱུང་བ་ཉིད་རྣམས་བསྐྱོད་པ་སོགས་གསུངས། དུས་འཁོར་གཞུང་ནས་བསྟན་པའི་རི་རབ་གླིང་ཕྲན་དག་གི་དབྱིབས་དང་བཀོད་པ་རྣམས་མངོན་པའི་གཞུང་ནང་བསྟན་པ་ལྟར་མ་ཡིན་པར། བོན་གྱི་སྣོད་བཅུད་ཀྱི་འཇིག་རྟེན་རྟོགས་ཚུལ་རྣམས་ཀྱི་བརྒྱུད་རིམ་དང་གཞུང་ལུགས་ནང་ཁུལ་གྱི་དགོངས་དོན་དག་ལ་ཐོས་བསམ་འཆད་འཁྲིད་དང་བླ་མའི་དགོངས་བཀྲོལ་སོགས་མེད་ན། བོན་གྱི་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་གྱི་རིམ་པ་རྣམས་ཤེས་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་རེད་སྙམ།

        དྲི་བ། བོན་ལུགས་ཀྱི་འཇིག་རྟེན་ཆགས་རབས་ཀྱི་ཡིག་ཆ་རྙིང་ཤོས་དག་ཏུ་འཇིག་རྟེན་ཆགས་རབས་ཐོག་བཞེད་པ་མི་མཐུན་པ་ཡོད་དམ།

        ལན། བོན་ལུགས་ཀྱི་འཇིག་རྟེན་ཆགས་རབས་ཀྱི་ཡིག་ཆ་རྙིང་ཤོས་༼ཁུ་བྱུག་རིག་པའི་མདོ།༽དང་༼མདོ་སྡེ་ཁོད་པོ་སྐལ་བཟང་པོད་སྟོད་ཀ་དུམ༽། ༼མདོ་གཟེར་མིག༽༼མདོ་གཡུང་དྲུང་ཀློང་རྒྱས།༽གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད།  ༼གོ་སྡེའི་བསྐལ་བཟང་འགྲོ་བ་འདྲེན་པའི་སྣོད། ༽ ༼དབལ་གསས་རྔམ་པ་དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན།༽༼མདོ་དྲི་མེད་གཟི་བརྗིད།༽༼ སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ།༽༼བོན་ཉིད་ཀྱི་སྙིང་པོ་ཐུགས་རྗེ་ཉི་མ་དགུ་ཤར་གྱི་འབུམ། ༽ ༼སྲིད་པའི་མཛོད་ཕུགས། ༽སོགས་ལ་ལྟ་ཀློག་བྱས་པ་ཡིན། བོན་གྱི་མདོ་སྔགས་སེམས་གསུམ་ན་འཇིག་རྟེན་ཆགས་ཚུལ་གྱི་བཤད་པ་གཅིག་མཐུན་མ་རེད། སེམས་ཕྱོགས་ཀྱི་ལུགས་སུ་འཇིག་རྟེན་ཆགས་རབས་ནི་གཞི་རྩལ་རོལ་གསུམ་ཁོ་ནའི་དབང་དུ་བྱས་ཏེ་བཤད་པ་པ་དང་། རྒྱུ་མཐུན་པའི་བཤད་པ་ལྟར་ན། དཔྱད་པ་གྲུབ་པའི་ས་ཚུགས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཉིད་ཉེ་རྒྱུ་ཕྱི་འབྱུང་བའི་རྡུལ་ཕྲན་དང་རིང་རྒྱུ་རིག་མེད་ཀྱི་ནམ་མཁའ་སྟོང་པ་རྐྱེན་སེམས་ཅན་སྤྱི་མཐུན་གྱི་ལས་དེ་ཙམ་ལ་གཏུགས་པ་ཡིན་ལ། ལུགས་འདིས་རིང་རྒྱུ་ནམ་མཁའ་ལ་གཏུགས་ཀྱང་ནམ་མཁའ་དེ་རིག་མེད་ཀྱི་ནམ་མཁའ་སྟོང་པ་འདི་མ་ཡིན་པའི་རིག་བཅས་ཀྱི་ནམ་མཁའ་སྟོང་པ་ལ་བཞེད་པ་རེད། ཕྱི་འབྱུང་བའི་རླུང་ལས་གཞན་པའི་རིག་པའི་རང་རླུང་བྱ་བའི་ཕྲ་མོའི་རླུང་གི་རྣམ་གཞག་འཆད་རྒྱུ་ཡོད་པ་དེ་ལ་གཏུགས་ཡོད་སྟབས། དཔྱད་པའི་ཕུ་ཐག་ཤིན་ཏུ་རིང་བོ་ཡིན་པ་དང་། བྱེད་བྱས་པོའི་བཤད་པ་ལྟར་ན། རྐྱེན་བདེར་གཤེགས་ཀྱི་ཞལ་གྱི་ངད་པ་ལས་བྱུང་བར་འདོད་པ་རེད། ལུགས་འདིས་བྱེད་པ་མེད་པར་རང་འབྱུང་རང་ཤར་གྱི་ཚུལ་དུ་བྱུང་བར་འདོད།  མདོར་ན་སེམས་ཕྱོགས་རྫོགས་པ་ཆེན་པོའི་ལུགས་ཀྱི་ཕྱི་སྣོད་འཇིག་རྟེན་གྱི་འབྱུང་ཁུངས་སུ་གྲགས་པའི་འཛིན་མེད་རང་བྱུང་གི་རིག་པ་དང་། སྣང་བ་ཆེན་པོ་གསུམ་དུ་གྲགས་པའི་རང་རྩལ་སྒྲ་འོད་ཟེར་གསུམ་དེ་དག་འབྱུང་བའི་རྡུལ་ཕྲན་དང་བྱེད་བྱས་ཀྱི་ངད་པ་ལ་མ་ལྟོས་པའི་ཡེ་སྲིད་འབའ་ཞིག་ཏུ་འདོད་པ་རེད།

        དྲི་བ། བན་བོན་གཞུང་གི་འཇིག་རྟེན་ཆགས་རབས་ལ་དེང་སང་ཚན་རིག་གི་བཤད་པ་དང་མཐུན་ཆ་དང་འགལ་ཆ་གང་དག་འདུག

        ལན། བན་བོན་དང་ཚན་རིག་པས་བཞེད་པ་ལྟར་གྱི་འཇིག་རྟེན་ཁམས་ཀྱི་བྱུང་རབས་སོགས་ཀྱི་འགྲེལ་ཚུལ་བར་མི་མཐུན་ཡང་། ཐུན་མོང་གི་ཆ་ནས་མཐུན་འགྱུར་གྱི་བཞེད་པའང་འགའ་ཞིག་ཡོད།  སྤྱིར་འཇིག་རྟེན་གྱི་ཐོག་མའི་འབྱུང་རྐྱེན་དང་དེའི་ལྐོག་འགྱུར་གྱི་གསང་བ་རྣམས་རྟོགས་རྒྱུ་དེ། བན་བོན་གཞུང་ལུགས་ནང་གསལ་བ་ལྟར་ན་ས་ཐོབ་ཀྱི་འཕགས་པ་ལས་སོ་སྐྱེས་རྟོགས་མི་ཐུབ་པར་གསུངས། ཁོན་ཏྲོམ་འགུལ་ཤུགས་རིག་པས་ཀྱང་། གཞི་རྩའི་གནས་རིམ་དུ་ཆ་རྡུལ་ཕྲ་མོས་གནས་སྟངས་ངེས་ཅན་ཞིག་གི་ནང་ཅི་ཞིག་བྱེད་པ་སྔོན་དཔག་འཁྲུལ་མེད་བྱེད་མི་ཐུབ་པར་བརྗོད།  དེའི་ཕྱིར་ཆ་རྡུལ་ཕྲ་མོའི་མངོན་ཚུལ་སྔོན་དཔག་བྱེད་པ་ནི་ངེས་མེད་ཀྱི་བྱེད་ཐབས་ཤིག་གི་ལམ་ནས་བྱེད་ཀྱི་ཡོད། གལ་ཏེ་འདི་འདྲ་ཡིན་ཚེ་རྩིས་ཐབས་ཀྱི་སྒྲིག་གཞི་ཇི་ལྟར་ནུས་སྟོབས་ཆེ་ཡང་།  ཆོས་ངེས་ཅན་ཞིག་གམ་བྱུང་བ་ཞིག་གི་ཐོག་མའི་གནས་སྟངས་སྐོར་གྱི་ང་ཚོའི་གོ་རྟོགས་དེ་ནམ་ཡང་ཆ་མི་ཚང་། དེ་བཞིན་ང་ཚོས་ཆོས་དེ་དག་གི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཀྱང་ཚོད་དཔག་ཆ་ཚང་བ་ཞིག་བྱེད་མི་ཐུབ། རབ་ཡིན་ན་ང་ཚོས་བདེན་སྲིད་པའི་ཚོད་དཔག་ཅིག་བྱེད་ཐུབ་ཀྱང་། འཇིག་རྟེན་འདི་ཡོངས་སུ་རྟོགས་རྒྱུ་ཕར་ཞོག་ཐ་ན་རྡུལ་ཕྲན་གཅིག་གི་རང་བཞིན་ཡང་ཆ་ཚང་བ་ཞིག་རྟོགས་མི་ཐུབ་ཅེས་བརྗོད་ཡོད། ཚན་རིག་པས་འཇིག་རྟེན་ཁམས་བྱེ་བྲག་པ་གང་ཞིག་ཡིན་རུང་དང་པོ་གྲུབ་པ་དང་རྒྱ་བསྐྱེད་ནས་མཐར་འཇིག་པའི་བརྒྱུད་རིམ་གྱི་དབང་དུ་འགྲོ་དགོས་པར་འདོད་པ་ལྟར།  བན་བོན་གྱི་མཛོད་གཞུང་དག་ལས་ཀྱང་འཇིག་རྟེན་བྱེ་བྲག་པ་ཞིག་གི་འཕེལ་འགྱུར་ནི། ཆགས་གནས་འཇིག་སྟོང་བཞིའི་དུས་རིམ་གྱི་སྒོ་ནས་འགྲོ་དགོས་པ་གཅིག་མཚུངས་ལྟར་སྣང་བ་དང་། བན་བོན་གྱི་གཞུང་ལུགས་དང་ཚན་རིག་པས་འཇིག་རྟེན་གྱི་ཁམས་གྲངས་ལས་འདས་པ་ཞིག་ཡོད་པའི་བཞེད་པའང་གཅིག་མཚུངས་ལྟ་བུ་ཡིན། དེ་ཡང་བན་བོན་གྱི་གཞུང་ལུགས་དག་ལས། འཇིག་རྟེན་གྱི་ཁམས་ལ་སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་པར་གསུངས། ཚན་རིག་པས་ཀྱང་ང་ཚོའི་འཇིག་རྟེན་འདི་འཇིག་རྟེན་ཁམས་གྲངས་ལས་འདས་པའི་ནང་ཡོད་པའི་དགུ་ཚིགས་ཐེར་འབུམ་ཆེན་པོ་ ༥ ཡོད་པ་ལས་གཅིག་ཡིན་ཟེར་གྱི་ཡོད། དེ་བཞིན། འཇིག་རྟེན་ཁམས་ཀྱི་དབྱིབས་ལ་སྣ་ཚོགས་པ་ཡོད་པའི་བན་བོན་གྱི་གཞུང་ལུགས་དང་ཚན་རིག་པའི་བཞེད་པ་གཅིག་མཚུངས་ལྟ་བུ་རེད། བོན་གྱི་མཛོད་སྒྲ་འགྲེལ་གྱི་གཞུང་ནང་། ཆུ་རླུང་འཁྲུག་པའི་སའི་སྙིང་པོ་ལས་ཉི་མ་དང་ཟླ་བ་བྱུང་།  དེའི་འོད་ཟེར་འཐོར་བས་གཟའ་དང་སྐར་མ་སྐར་ཕྲན་འབྱུང་ངོ་།། དེས་ལོ་ཟླ་བརྩི་བའི་གྲངས་རྡོ་དང་། སྣང་སྲིད་གསལ་བའི་རྒྱན་དུ་འབྱུང་ངོ་།། ཞེས་གསུངས་པ་དེ་ཡང་ཚན་རིག་པས་ཧ་ལམ་ལོ་ངོ་དུང་ཕྱུར་ ༡༠༠ ལྷག་གི་སྔོན་དུ་ཆེས་གདོད་མའི་འཇིག་རྟེན་ཁམས་ནི། ཆེ་ཆུང་ཁབ་རྩེ་ཙམ་ལས་མེད་པའི་ཐིག་ལེ་ཞིག་ཡིན་ཞིང་། འདུས་ཚད་གཞལ་བར་དཀའ་བའི་ཐིག་ལེ་དེ་འབར་གད་དྲག་པོ་བྱུང་ནས་དུས་ཚོད་དང་།  བར་སྟོང་།  ནུས་ཚད་དང་དངོས་པོ་བཅས་བྱུང་བ་བཤད་པ་གཉིས་འདྲ་བོ་ཡོད། ཉི་ཟླ་སྐར་གསུམ་གྱི་མྱུར་ཚད་ཀྱང་གཅིག་མ་ཡིན་པར་མགྱོགས་དལ་ཡོད་པར་མཉམ་མེད་མཛོད་འགྲེལ་ལས། ཟླ་བ་ཆུ་ཤེལ་ལས་གྲུབ་པས་ལྕི། ཉི་མ་མེ་ཤེལ་ལས་གྲུབ་པས་ཡང་།  སྐར་མ་བོངས་ཆུང་བས་དང་རླུང་གཅིག་ལྷག་པས། ཉི་མ་ལས་ཀྱང་སྐར་མ་མགྱོགས་གསུངས་ཡོད།  ཚན་རིག་པས་ཀྱང་ཉི་མའི་རང་འཁོར་རྒྱག་པའི་འཁོར་ཡུན་ནི། སྤྱིར་ཉིན་ ༢༧ ཡིན་ཞེས་བཤད་པ་དེ་ཉི་མའི་དམར་ཐིག་ཁག་གི་འཁོར་ཡུན་ནི་ཉིན་ ༢༥ ཡིན་ལ། ཟླ་བའི་རང་འཁོར་རྒྱག་པའི་འཁོར་ཡུན་ནི། ཉིན་ ༢༧.༣༢༡༦༦༡ ཡིན་ལ་དེ་ནི་ཏག་ཏག་ཟླ་བ་སའི་གོ་ལར་སྤྱི་འཁོར་རྒྱག་པའི་འཁོར་ཡུན་རེད། ཉིན་ ༢༧ དང་ཆུ་ཚོད་ ༧ སྐར་མ་ ༤༣ སྐར་ཆ་ ༡༡.༤༧ ཡིན།  ཉི་ཟླ་སྐར་གསུམ་གྱིས་རང་འཁོར་རྒྱག་པའི་འཁོར་ཡུན་ལས་འཁོར་ཚད་ཆེས་མགྱོགས་པ་ནི་སྐར་མ་༼གཟའ་ལྷག་པ་ཕུད༽ཡིན་ལ་དེ་ནས་ཉི་མ།  དེའི་འཕྲོར་ཟླ་བ་ཡིན་ཟེར་གྱི་ཡོད།  བན་བོན་གྱི་མཛོད་གཞུང་ནང་ཉི་ཟླ་གཟའ་སྐར་ཐམས་ཅད་ཀྱང་རང་མཆིས་ཀྱི་རླུང་ལ་བརྟེན་ནས་སྐོར་བ་བྱེད་ཀྱི་ཡོད་པར་གསུངས་ཡོད།   དྲན་པའི་སྒྲ་འགྲེལ་ལས།  བར་སྣང་ཁམས་ལ་རླུང་ཚན་ཏིང་མི་གཏོང་འཛིན་པའི་རང་བཞིན་དང་། ནན་ཏིང་མ་བྱིང་འདེགས་པའི་དངོས་པོ་ཅན་ཡོད་པར་གསུངས་པའི་མི་གཏོང་འཛིན་པའི་རླུང་དང་།  ཚན་རིག་པས་ཉི་ཟླ་སྐར་གསུམ་རང་འཁོར་དང་སྤྱི་འཁོར་རྒྱག་པ་ནི་གཙོ་བོ་བར་སྣང་ཁམས་ལ་ཁབ་ལེན་ར་བ་ཞེས་པའི་བཤད་ཚུལ་དང་མཚུངས་ཆོས་མང་པོ་ཡོད། 

        དྲི་བ། བོན་གཞུང་ན་དམིགས་བསལ་བོད་ཡུལ་ཆགས་རབས་སྐོར་ལ་བཤད་པ་དེ་འདྲ་ཡོད་དམ།

        ལན། བོན་གཞུང་ན་འཛམ་བུ་གླིང་འདི་ལ་ཡུལ་ཆེན་ ༡༨ དང་།  ཡུལ་ཕྲན་ ༩༡ ། མཐའ་འཁོབ་ ༡༣༠༠ ཡོད་པར་གསུངས།  བོད་ཡུལ་འདི་གོང་གི་ཡུལ་ཆེན་བཅོ་བརྒྱད་ཀྱི་ནང་གསེས་ཤིག་རེད། བོད་ཡུལ་གྱི་ཆཊ་རབས་དམིཊ་བསལ་གྱིས་ཁ་གསལ་མེད་ཀྱང་འཛམ་བུའི་གླིང་ཆེན་གྱི་བྱུང་ཚུལ་སྤྱི་དང་འབྲེལ་ནས་གསུངས་ཡོད་པ་རེད་དྲན་གྱི་ཡོད།

        དྲི་བ། མ་འོངས་པར་ཁྱེད་རང་གི་ཆེད་སྦྱོང་དང་འབྲེལ་བའི་ཕྱག་ལས་ག་རེ་གནང་འཆར་ཡོད།

        ལན། སྤྱིར་ནང་དོན་རིག་པའི་གཞུང་ལུགས་ཁག་ལ་མུ་མཐུད་ཞིབ་འཇུག་བྱེད་དགོས་བསམ་ཡོད། འོན་ཀྱང་། ད་ལྟའི་ཆར་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ལགས་ཀྱིས་བྲིས་པའི་བསྟན་བཅོས་ཡིད་བཞིན་གཏེར་གྱི་མཛོད་ལས་༼རྩོམ་པའི་རྒྱན་འགྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ།༽ཞེས་པར་ཞུ་དག་དང་། བོན་གཞུང་སྲིད་པའི་མཛོད་ཕུགས་ནང་གི་༼ཞང་ཞུང་གི་ཐ་སྙད་དང་བོན་གྱི་བརྡ་རྙིང་ཁག་གི་གོ་དོན་དང་ངོ་སྤྲོད༽ཅེས་པའི་དེབ་ཆུང་ཞིག་དཔར་སྐྲུན་བྱེད་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད།

 གསར་འགོད་པ། པདྨ་མཚོ།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༢༡ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༢༣ སྔོན་ལ།

མཆན། 5

  1. གཡག says:
    ལོ་ 12 སྔོན།

    བུ་མོ་ཤེས་ཡོན་ཅན་ཞིག་རེད། བོད་རིགས་ཀྱི་རྒྱན་རེད།་ ངོ་སོ་བསྟོད།

    འདབ་པ་ཚེ་དབང་མགོན་པོ་ཟེར་བ་འདིས་ཡང་མི་ཤེས་ཤེས་མདོག་གནང་གི་འདུག སྙིང་རྗེ་འདི་ཡང་གོ་སྐབས་རང་ལུགས་པ་ཞིག་ཡིན་ས་རེད།

    Reply
  2. བོད་དགའ། says:
    ལོ་ 13 སྔོན།

    བན་བོན་བར་ཆགས་སྡང་གི་རྩོད་པ་སྤོང་ནས་ཕན་ཚུན་གཞུང་ལུགས་རྣམས་ལ་དཔྱད་བསྡུར་དང་མཐུན་སྦྱོར་བྱ་རྒྱུ་ནི་དེང་གཉན་འཕྲང་གི་དུས་འདིར་གངས་ཅན་བོད་པ་ཚང་གི་མི་རབས་གསར་པ་ཚོའི་གཉའ་བར་འཁྲི་བའི་འགན་ཆེན་པོ་ཞིག་རེད། ལྷག་དོན་ད་ལན་སྐྱེད་མ་འབུལ་རམས་མ་བོན་མོ་བཟང་མོ་ལགས་ཀྱི་ཕྱག་ལས་ལ་བསྟོད་བསྔགས་གྲངས་མེད་ཡོད། ནམ་རྒྱུན་ང་ཚོས་རྡོག་རྩ་ཆིག་སྒྲིལ་ཞེས་མ་ཎི་བགྲང་བགྲང་བྱེད་བཞིན་པ་དེའི་དོན་འདི་འདྲ་ལ་ཟེར་བར་སྙམ། ཁྱེད་ཀྱི་ཕྱག་ལས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་བོན་པོ་ཞེས་པའི་ཐ་སྙད་འདི་ནི། ཡ་ཐོག་བོད་ཀྱི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་སྲོང་བཙན་ཡན་གྱི་བོད་ཀྱི་ཆོས་ལུགས་སྤྱིའི་ཐ་སྙད་ལ་མི་སེམས་པར། ཉི་མ་དང་ཟླ་བ་སོགས་ལ་ལྷ་རུ་འཁྲུལ་ཏེ་དམར་མཆོད་བྱེད་མཁན་གྱི་བརྡོལ་བོན་དང་། ལྷ་དབང་ཕྱུག་ཆེན་པོའི་རྗེས་སུ་འབྲངས་པའི་ཁྱབ་བོན་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཡོངས་རྫོགས་ལྡན་པའི་གཡུང་དྲུང་བོན་གྱི་ཐ་སྙད་ཡིན་ལུགས་སོགས་བཤད་་་་་་་་་་ ཟེར།

    Reply
  4. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 13 སྔོན།

    བོན་པོ་ཞེས་པའི་ཐ་སྙད་ཀྱི་སྐོར་བསམ་ཚུལ་འགའ་ཞིག་གླེང་བ།
    སྤྱིར་བོན་པོ་ཞེས་པའི་ཐ་སྙད་འདི་ནི། ལོ་ངོ་ཉིས་སྟོང་གི་གོང་ནས་བྱུང་བའི་བརྡ་ཆད་ཅིག་ཡིན་པ་མ་ཟད། དོན་གྱི་འཇུག་ཡུལ་ཡང་ཤིན་ཏུ་ནས་ཁྱབ་ཆེ་བ་ཞིག་ཡིན་པར་མངོན་སུམ་གྱིས་གྲུབ་སྟེ། ཡ་ཐོག་བོད་ཀྱི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་ཆོས་ལུགས་ཡོད་ཚོད་ཀྱི་ཐ་སྙད་ཅིག་ཡིན། འོན་ཀྱང་དེ་སྔོན་མཁས་པའི་གོ་ས་ལ་ཤི་འཐམ་རོ་འཐམ་བྱེད་མཁན་རྣམས་ཀྱང་བོན་པོ་ཞེས་པའི་ཐ་སྙད་འདི་ནི། ཡ་ཐོག་བོད་ཀྱི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་སྲོང་བཙན་ཡན་གྱི་བོད་ཀྱི་ཆོས་ལུགས་སྤྱིའི་ཐ་སྙད་ལ་མི་སེམས་པར། ཉི་མ་དང་ཟླ་བ་སོགས་ལ་ལྷ་རུ་འཁྲུལ་ཏེ་དམར་མཆོད་བྱེད་མཁན་གྱི་བརྡོལ་བོན་དང་། ལྷ་དབང་ཕྱུག་ཆེན་པོའི་རྗེས་སུ་འབྲངས་པའི་ཁྱབ་བོན་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཡོངས་རྫོགས་ལྡན་པའི་གཡུང་དྲུང་བོན་གྱི་ཐ་སྙད་ཡིན་ལུགས་སོགས་བཤད་དེ། མི་ཚེ་རྫོགས་བ་མ་གཏོགས་དོན་ལ་གནས་པའི་འགྲེལ་བཤད་རྒྱག་མཁན་གཅིག་རྐྱང་བྱུང་བར་མི་འདུག་མོད། སྤྱིར་མི་སུམ་ཅུ་ལ་སེམས་པ་སུམ་ཅུ་དང་། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཡོད་ཅེས་དཔེར་ལྟར། དེ་ཤོད་དང་འདི་མ་བཤད་ཅེས་པའི་ས་མཚམས་མེད་སྟབས། གང་ཟག་སོ་སོའི་ཞལ་གྱི་མཆུ་སྒྲོས་བར་ནས་དབུགས་དམ་ལྷོད་ཇི་ཙམ་གཏོང་མིན་དང་། མཆུ་གཉིས་དང་ལྕེ་རྩེ་ཇི་ཙམ་གཡོ་མིན་ལ་རང་དབང་ཡོད་པས་ན། གནད་ལ་མ་ཁེལ་པའི་བཤད་ཚུལ་འདི་དག་བྱུང་བ་ཡིན་པར་སོམ་ཉི་ཅི་ཡོད།

    དེའི་ཕྱིར་བོན་པོ་ཞེས་ཐ་སྙད་འདི་ནི། དེང་སང་འུ་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་ཆོས་ལུགས་ཞེས་པའི་ཐ་སྙད་འདི་དང་ཅི་མཚུངས་ཡིན། དཔེར་ན། དེང་སང་ཆོས་ལུགས་ཞེས་པའི་ཐ་སྙད་འདིའི་ཁྱབ་ཁོངས་སུ། ཁ་ཆེ་དང་། ཡེ་ཤུ། ཧིན་འདུ། ནང་པ་བཅས་ཚུད་ཡོད་པ་བཞིན་དུ། དེ་སྔོན་བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སམ་བཞི་བཅུའི་མས་ནས་མགོ་བཟུང་སྟེ། གནམ་གྱི་ཁྲི་སྲོང་བཙན་ཡན་ཆད་ཀྱི་ཆོས་ལུགས་སྤྱིའི་ཐ་སྙད་ཅིག་ཡིན་པར་གྲུབ་སྟེ། དཔེར་ན་ཤར་ནུབ་གཉིས་སུ་རྩོམ་རིག་ཅེས་པ་འདི་ཡང་། སྔར་རིག་གནས་སྤྱི་ཁོག་ཙམ་ལ་གོ་བ་མ་གཏོགས། ད་ཆར་བཀོལ་བྱེད་བཞིན་པའི་རྩོམ་རིག་དོན་ལ་མི་འཇུག་པ་དང། དེ་བཞིན་སྒྱུ་རྩལ་ཞེས་པའི་ཐ་སྙད་འདི་ཡང་སྒྱུ་རྩལ་སྟོན་བྱེད་ཀྱི་ཐབས་ལམ་ལ་མ་གཏོགས་སྒྱུ་རྩལ་གྱི་དོན་ལ་འཇུག་པ་མིན། དེ་ནས་ཕྱིས་སུ་དུས་རབས་བཅུ་བཞི་པ་དང་བཅོ་བརྒྱད་པའི་ནང་ནས་མགོ་བཟུང་སྟེ། རྩོམ་རིག་ཅེས་པའི་ཐ་སྙད་འདིའི་འཇུག་ཡུལ་འཕོ་འགྱུར་ཕྱིན་ནས་ད་ཆར་རྩོམ་རིག་གི་དོན་ལ་འཇུག་པ་དང་། སྒྱུ་རྩལ་ཞེས་པ་ཡང་རྗེས་སུ་སྒྱུ་རྩལ་གྱི་དོན་ལ་འཇུག་པ་བཞིན་དུ། བོན་པོ་ཞེས་པའི་ཐ་སྙད་འདི་ཡང་། གཡུང་དྲུང་བོན་ཙམ་གྱི་ཐ་སྙད་ཉིད་ལ་འགྱུར་བ་ཡིན་པས། བཙན་པོ་སྲོང་བཙན་དང་། མངའ་བདག་ཁྲི་སྲོང་། ཁྲི་རལ་པ་རྣམས་ཀྱིས་དེ་སྔོན་མེས་པོའི་ཆོས་ལུགས་ཅི་ཐུབ་བསྣུབས་ནས། རྒྱ་གར་གྱི་ཆོས་ལུགས་གསར་པ་ཤཱཀྱ་རིང་ལུགས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བོད་ལ་ནང་འདྲེན་བྱས་ཏེ་དར་འཕེལ་བཏང་བ་དང་། སྔར་བོན་པོ་ཞེས་པའི་བརྡ་ཆད་འདིའི་ཁྱབ་ཁོངས་སུ་གནས་པའི་ཆོས་ལུགས་ཡོངས་རྫོགས་བསྣུབས་ཏེ། མཐར་གཤེན་རབ་མེས་བོ་ཆེའི་རིང་ལུགས་ཙམ་གྱི་མ་གཏོགས་ཐམས་ཅད་རྩད་ནས་ཕམ་པར་བྱས་པ་དང་། མ་ཟད་གཤེན་རབ་མེ་བོ་ཆེའི་རིང་ལུགས་འཛིན་པའི་གཡུང་དྲུང་ཅེས་པ་འདི་ཉིད་མ་བསྣུབས་དགོས་དོན་དང་། ཆོས་ལུགས་གཞན་རྣམས་བསྣུབས་དགོས་པ་སོགས་ནི། རྩ་བའི་གྲུབ་མཐའ་དང་གཞུང་ལུགས་གཏིང་ཟབ་མོ་ཡོད་པའི་ཆོས་ལུགས་དེ་ལ། ཅུང་ཟད་ཀྱིས་གཅེས་སྤྲས་བྱས་ཁུལ་བགྱིས་ཏེ་མ་བསྣུབས་པ་དང་། གཞུང་ལུགས་མེད་པའི་ལུགས་སྲོལ་ཙམ་ལ་ཞེན་ནས་སྡོད་མཁན་དེ་དག་རྩ་མེད་དུ་བཟོས་པ་ཡིན་པར་སྣང།

    དེས་ན་བོན་པོ་ཞེས་པའི་ཐ་སྙད་འདིའི་ཁྱབ་ཁོངས་སུ་གཏོགས་པའི་ཆོས་ལུགས་ཕལ་མོ་ཆེ་ནུབ་ཚར་དུས། བོན་ཞེས་པའི་ཐ་སྙད་འདིའི་དབང་ཆ་ཡོངས་རྫོགས་གཡུང་དྲུང་བོན་ལ་རག་པ་དང་། མ་ཟད་རྗེས་སུ་གཡུང་དྲུང་བོན་གྱིས་དེ་སྔོན་གཞུང་ལུགས་དང་གྲུབ་མཐའ་མེད་མཁན་ཆོས་ལུགས་ཡོངས་རྫོགས་ཐ་སྙད་འདིའི་ཁྱབ་ཁོངས་སུ་ཕུད་ནས། ཡ་ཐོག་གི་སྐབས་སུ་བརྡོལ་བོན་གྱི་ཆོས་ལུགས་མེད་ལུགས་དང་། ཁྱབ་བོན་གྱི་ཆོས་ལུགས་མེད་ལུགས་སོགས་བཤད་དེ། ཐ་སྙད་འདིའི་དབང་ཆ་བདག་བཟུང་དང་། ཆོས་ལུགས་ཙམ་གྱི་སྐད་དོད་བོན་པོ་ཞེས་པའི་ཐ་སྙད་འདིའི་སྐྱོན་དང་། ཉེས་པའི་ཆ་སོགས་ཇི་ཡོད་རྣམས་གཙང་སེལ་བྱེད་ཀྱིན་ཡོད།

    དེ་ནས་བོན་པོའི་རྗེས་འབྲངས་ཕྱི་རབས་པ་རྣམས་ཀྱི་སྣང་ངོར་ཡ་ཐོག་གི་སྐབས་སུ་ཆོས་ལུགས་ཞེས་པའི་སྐད་དོད་ལ། བོན་པོ་ཡིན་པར་མ་གོ་ནས་བརྡོལ་བོན་དང་། ཁྱབ་བོན་གཉིས་ཀ་བོན་པོའི་གྲལ་ནང་མཐར་བསྐྲད་བཏང་བ་དང་། དེ་ནི་ཁོང་ཚོའི་བསམ་པར་སྟོན་པ་གཤེན་རབ་ལས་ཆད་པའི་བོན་པོའི་བརྒྱུད་པ་མཐའ་དག་བརྡོལ་བོན་དང་། ཁྱབ་བོན་གཉིས་ཀྱིས་དམའ་འབེབས་པར་བསམས་ཏེ། སྲོང་བཙན་ཡན་ཆད་ཀྱི་སྐབས་སུའང་གཡུང་དྲུང་བོན་ཞེས་པ་མ་གཏོགས། གཞན་བརྡོལ་བོན་དང་ཁྱབ་བོན་སོགས་མེད་ཅེས་བཤད་པ་ཡིན། དེའི་ཕྱིར་བོན་པོ་ཞེས་པའི་ཐ་སྙད་འདི་ནི་བོད་གདོད་མོའི་ཆོས་ལུགས་སྤྱི་ལ་ཁྱབ་པའི་བརྡ་ཆད་ཡིན་ཡང་། ད་ཆར་གཤེན་རབ་མེས་བོ་ཆེའི་རྗེས་སུ་འབྲངས་པའི་གཡུང་དྲུང་བོན་ཙམ་གྱི་ཐ་སྙད་ཁོ་ན་ལ་འགྱུར་བར་སྣང་ཞིང། དེ་ནི་དུས་ཚོད་འཕེལ་འགྲིབ་ཀྱི་དབང་གིས་སྤྱི་སྒྲ་བྱེ་བྲག་ལ་འཇུག་པའི་ཐ་སྙད་ཀྱི་གཤིས་སུ་གྲུབ་པར་སེམས་སོ།

    འདི་དང་ཅི་མཚུངས་སུ་ཡིན་པའི་དུས་ཚོད་འཕེལ་འགྲིབ་དབང་གིས་ཐ་སྙད་ལ་འགྱུར་ལྡོག་འགྲོ་བ་ཤིན་ཏུ་ནས་མང་སྟེ། ད་ཆར་ཆབ་སྲིད་ཀྱི་དབང་ཆ་སྒེར་འཛིན་པ་རྣམས་ལ། བོད་པས་དམར་ཕྱོགས་ཞེས་པའི་མིང་འབོད་ཅེས་ཡོད་པ་བཞིན་ནོ། འོན་ཀྱང་དབང་ཆ་སྒེར་འཛིན་ཡིན་ཚད་ལ་དམར་ཕྱོགས་ཡིན་མི་དགོས་ཏེ། སྔར་ཨེ་ཊ་ལིའི་འགོ་འཛིན་པ་མ་སི་ལིང་ཉིད་ཀྱི་ཆབ་སྲིད་ལམ་ལུགས་དེ་ཕག་ཤིན་རྫིན་གྱི་རིང་ལུགས་ཡིན་པ་མ་ཟད། དབང་ཆ་སྒེར་འཛིན་དང་། རྡུག་རྩུབ་ཀྱི་ལམ་ལུགས་འདི་ལྟ་བུ་དེ་སྔོན་སའི་གོ་ལར་བྱུང་མྱོང་མེད་པ་དང་། འཇར་མུ་ནེའི་མགོ་འཛིན་པ་ཧི་ཊི་ལའི་ཆབ་སྲིད་ཀྱི་ལམ་ལུགས་ནག་རྫི་ཡིན་པ་དང་། དེའི་དབང་ཆ་ཇི་ལྟར་ཡིན་མིན་ཇེའུ་ཤེའི་མི་རིགས་ཀྱི་མནར་གཅོད་ལ་བལྟ་ཆོག་པ་དང་། འཇར་པན་གནམ་འོག་གོང་མའི་ཆབ་སྲིད་ཀྱི་ལམ་ལུགས་ཅི་འདྲ་ཡོད་མེད། འཇར་པན་གྱི་དམག་མི་དང་། འགོ་བྱེད་རྣམས་ཀྱིས་ནོར་འཁྲུལ་ཤོར་ཚེ་རང་ཤི་བརྒྱབ་དགོས་པ་སོགས་ལ་བལྟས་ན་ཤེས་ནུས་པ་དང་། ཨུ་རུ་སུའི་འགོ་འཛིན་པ་ལི་ཉིད་ཀྱི་ཆབ་སྲིད་ལམ་ལུགས་དེ་དམར་ཕྱོགས་ཡིན་པ་དང་། དེའི་བྱ་སྤྱོད་དང་མནར་གཅོད་ཇི་ལྟར་ཡོད་མེད། ད་ལྟ་འུ་ཚོས་ཤེས་བཞིན་པ་ཡིན་པར་མ་ཟད། འདི་དག་གི་ཆབ་སྲིད་ལམ་ལུགས་དེ་དབང་ཆ་སྒེར་འཛིན་ཡིན་པར་མཚུངས་ཀྱང་། ད་དུང་ངོ་བོ་དང་བྱེད་ལས་མང་པོའི་ས་ནས་ཁྱད་པར་ཆེ་ཞིང་། ད་ཆར་དེ་རྣམས་ནུབ་སྟེ་དབང་ཆ་སྒེར་འཛིན་པའི་ཐ་སྙད་འདི་ཉིད་དམར་ཕྱོགས་རང་ལ་འཇགས་པ་བཞིན་དུ། དུས་ཚོད་འཕེལ་འགྲིབ་ཀྱི་དབང་གིས་མིང་དང་ཐ་སྙད་བརྡ་ཆད་སོགས་ལ་འགྱུར་ལྡོག་འགྲོ་བ་ཧ་ཅང་མང་ལ། དེ་བཞིན་འབྱུང་འགྱུར་ཆོས་ལུགས་ཕལ་མོ་ཆེ་ནུབ་ནས། ཆོས་ལུགས་ཞེས་པའི་ཐ་སྙད་འདི་ཡང་ཡེ་ཤུ་དང་། ཁ་ཆེ་གང་རུང་གི་མིང་ལ་འགྱུར་བར་སོམ་ཉི་མི་དགོས་པ་དང། མ་ཟད་བོད་བརྒྱུད་ནང་དོན་གྱི་གྲུབ་མཐའ་ས་སྐྱ། བཀའ་བརྒྱུད། ཇོ་ནང་བཅས་རིམ་གྱིས་ནུབ་སྟེ། བོད་བརྒྱུད་ནང་དོན་ཞེས་པའི་ཐ་སྙད་འདི་ཡང་། ཅུང་ཕྱི་ཙམ་དུ་ལྷག་ཁུལ་བྱེད་པའི་ཆོས་བརྒྱུད་བྱེ་བྲག་རྙིང་མ་དང་། དགེ་ལུགས་གང་རུང་གི་མིང་ལ་འགྱུར་བར་བཤད་དུ་ཅི་དགོས།
    འདབ་པ་ཚེ་དབང་མགོན་པོས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རིག་པའི་ཆུ་གཏེར་དང་། འབུམ་རམས་པ་གཉིས་ལ་ཁྱད་པར་གང་ཡོད་དམ། ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese