ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཧྲན་ཏུང་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་གིས་པའོ་ཤི་ལེ་ལ་བསྐྱར་དུ་ཁྲིམས་བཤེར་བྱ་རྒྱུ་ཡིན་འདུག
ཁ་སང་ཕྱི་དྲོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་ལ་ཧྲན་ཏུང་ཞིང་ཆེན་ཁྲིམས་ཁང་ཨང་ ༢༢ པའི་ནང༌། ཁྲུང་ཆེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་པའོ་ཤི་ལེ་ལ་ཁྲིམས་བཤེར་བྱས་རྗེས་མཇུག་འབྲས་ཡོངས་ཁྱབ་གསལ་བསྒྲགས་བྱེད་རྒྱུ་ཡིན་འདུག
གནས་ཚུལ་གཞན་ཞིག་ནི། ཧོང་ཀོང་ལན་ཧྭ་ཞོགས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབུས་ཆབ་སྲིད་སྡེ་ཚན་གྱི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་ལ་ཞིབ་བཤེར་བྱེད་པའི་དམིགས་བསལ་ཚོགས་ཆུང་ཞིག་ཟུར་འཛུགས་བྱས་ཟིན་ཡོད་སྐོར་བཀོད་འདུག་ཀྱང༌། པེ་ཅིན་གྱི་ཁྲིམས་རྩོད་པ་ཤེ་ཅཱ་ཤའི་ཡིས། ཞི་ཅིན་ཕིན་གྱིས་ཀྲུའུ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་མིན་གསལ་བོ་མེད་ཀྱང༌། གལ་སྲིད་ཞིབ་བཤེར་བྱ་རྒྱུ་ཡིན་ནའང་ད་ལྟ་ལག་བསྟར་བྱེད་པའི་དུས་སྐབས་མིན་པ། རྒྱ་གཞུང་གིས་བཅའ་ཁྲིམས་ཀྱི་ཐོག་ནས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་དགོས་པ་ལས། ལས་འགུལ་གྱི་རྣམ་པའི་ཐོག་ནས་རྒོལ་རྡུང་བཏང་ན་མི་འགྲིག་ཚུལ་བརྗོད་འདུག
གསར་འགོད་པ། པདྨ་མཚོ།
རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་ཁྲོང་ཆེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་སྐུ་ཞབས་པོ་ཤཱེས་ལེ་ལ་རིང་མིན་ཁྲིམས་རྭ་བརྒྱུད་ནག་ཉེས་གཙང་དག་འབྱུང་རྒྱུ་ཡིན་པ་མ་ཟད། ཁོང་སླར་ཡང་ལས་གནས་ལ་ཞུགས་རྒྱུ་དང་། འབྱུང་འགྱུར་གྱི་རྒྱ་ནག་གི་ཏང་སྲིད་གནམ་གསུམ་གྱི་བདག་པོར་བཞེངས་རྩིས་ཡོད་པ་རེད། གནས་ཚུལ་འདི་འདྲ་འབྱུང་རྒྱུ་ཡིད་ཆེས་དཀའ་བ་འདྲ་ཞིག་རེད་དེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱ་ཁབ་ཀྱི་གསང་བའི་ལས་མི་ཞིབ་འཇུག་ཚོགས་པས་ཏང་མི་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་དེས་ཁ་གྲགས་པ་ཞིག་ཡིན་པ་རེད།