མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་རྩིས་ཁང་གི་འགན་འཛིན་དང་དྲུང་ཆེ་འབྲེལ་མཐུད་པ་གསུམ་ཁྲིམས་གཏུག་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་པ་ནི་པ་ཏི་སྤོས་བཟོ་སྡེ་ཚན་གྱི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་ཀྱིས་ངྷ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གིས་ཁོང་ལ་མིང་ཤས་བཟོས་ཚུལ་བརྗོད་དེ། སྨན་རྩིས་འགན་འཛིན་དང་དྲུང་ཆེ། འབྲེལ་མཐུད་པ་གསུམ་ཁྲིམས་གཏུག་བྱས་མཐར། བྱང་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་གིས་ཁོང་གསུམ་གྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་མེད་པ་བཟོས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ བའི་ཚེས་ ༢༢ ཉིན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་པ་ནི་པ་ཏི་སྤོས་བཟོ་སྡེ་ཚན་གྱི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་ཀྱིས། རྒྱ་གར་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ། ངྷ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས། དམིགས་བསལ་ལས་རིགས་འབྲེལ་མཐུད་པ་བསྟན་འཛིན་རྡོ་རྗེ་ལགས་གསུམ་ཁྲིམས་གཏུག་བྱས་ཡོད་ཅིང་། དེའི་སྐོར་ལ་འདི་གའི་གསར་འགོད་པས་བཅར་འདྲི་བརྒྱུད་རྒྱུས་ལོན་བྱས་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ པའི་ཚེས་ ༢༦ ཉིན་དབུས་སྨན་རྩིས་ཁང་སྤྱི་ཁྱབ་ཡིག་ཚང་ནས། ས་གནས་སྤོས་བཟོ་སྡེ་ཚན་ནས་རྩིས་ཁྲ་གཙང་མ་བྱུང་ཡོད་མེད་ཀྱི་གནད་དོན་ཞིག་གི་ཐོག  ལྡེ་ར་རྡུན་སྤོས་བཟོ་སྡེ་ཚན་གྱི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་དང་གསོག་གཉེར་བ་གཉིས་ལ་ཧིན་སྒོར་ ༢༠༠༠༠ ཀྱི་ཉེས་ཆད་དང་། གནས་རིམ་གཅིག་མར་ཕབ་སྟེ་མ་འོངས་པའི་ལོ་ལྔའི་རིང་གནས་རིམ་འཕར་མི་ཆོག་པའི་ཐག་གཅོད་དང་། རྩིས་པར་ཧིན་སྒོར་ ༡༠༠༠༠ བཅས་ཀྱི་ཉེས་ཆད་བཅད་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་ས་གནས་སྤོས་བཟོ་སྡེ་ཚན་གྱི་འགན་འཛིན་རྟ་མགྲིན་ཚེ་རིང་ལགས་ཀྱིས། བྱང་ཕྱོགས་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་དུ། ངྷ་ས་དབུས་སྨན་རྩིས་ཁང་གིས་ཁོང་ལ། ངན་པ་ལག་སྦྲེལ་གྱིས་གཞུང་གནོད་སྒེར་ཕན་རྩིས་ཁྲ་སྦས་སྐུང་རྫུན་བཟོ་གྲ་མ་སྒྲིག་པ་བྱས་པ་སོགས་ཀྱི་ཉེས་འཛུགས་བྱས་ཏེ་མིང་ཤས་བཟོས་ཡོད་ཚུལ་ཁྲིམས་གཏུག་བྱས་ཡོད་འདུག

ས་གནས་ཁྲིམས་ཞིབ་ཁང་གིས་གོང་གསལ་གྱོད་ཡ་ཞུ་སྦྱོར་བ་རྟ་མགྲིན་ཚེ་རིང་ལགས་ཀྱི་གྱོད་གཞི་དེར་ངོས་ལེན་གནང་སྟེ། གྱོད་ཡ་རྩོད་ལན་པ་ངྷ་ས་དབུས་སྨན་རྩིས་ཁང་གི་འགན་འཛིན་དང་དྲུང་ཆེ། དམིགས་བསལ་ལས་རིགས་འབྲེལ་མཐུད་པ་གསུམ་ལ་བརྡ་ཐོ་སྔ་ཕྱིར་ཐེངས་ ༤ ཙམ་བཏང་སྟེ་ས་གནས་ཁྲིམས་ཞིབ་ཁང་དུ་འབོད་འགུག་བྱས་ཀྱང་། གྱོད་ཡ་རྩོད་ལན་པ་གསུམ་གྱི་སྐུ་ཚབ་ཏུ་འབྲེལ་མཐུད་པ་མ་གཏོགས་འགན་འཛིན་དང་དྲུང་ཆེ་གཉིས་ངོ་བཅར་ཞུས་མེད་པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཉམས་ལེན་བརྩི་བཀུར་མ་བྱས་པ་སོགས་ལ་བརྟེན། ཟླ་འདིའི་ཚེས་ ༡༥ ཉིན། ས་གནས་ཁྲིམས་ཞིབ་ཁང་གིས་ཁོང་གསུམ་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་མེད་པའི་ཐག་གཅོད་བཀའ་ཁྱབ་བཏང་ཡོད་འདུག

ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དེའི་ནང་བཀོད་པ་ལྟར་ན། གྱོད་ཡ་ཞུ་སྦྱོར་བ་རྟ་མགྲིན་ཚེ་རིང་ནས་ ༢༠༡༣ ཟླ་ ༥ ཚེས་ ༢༢ ཉིན་ཁྲིམས་གཏུག་བྱས་པའི་ཁ་མཆུ་ཨང་གསུམ་པ། ༢༠༡༣ གྱོད་གཞི་ངན་པ་ལག་སྦྲེལ་གྱི་གཞུང་གནོད་སྒེར་ཕན་རྩིས་ཁྲ་སྦས་སྐུང་གྲ་མ་སྒྲིག་པ་བྱེད་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢ པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༧  པ་དང་ ༡༣ ། ༦༧ བཅས་ཀྱི་ཆ་རྐྱེན་འོག་ཁྲིམས་ཞིབ་བྱ་རྒྱུར་ངོས་ལེན་བྱས་ཏེ། ད་ལོའི་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་བརྡ་ཐོ་དང་པོ་བཏང་སྟེ་ཁ་གཏད་གྱོད་ཡ་རྩོད་ལན་པ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་དང་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས། དམིགས་བསལ་ལས་རིགས་འབྲེལ་མཐུད་པ་བསྟན་འཛིན་རྡོ་རྗེ་ལགས་གསུམ་ཕྱི་ཟླ་ ༦ ཚེས་ ༢༣ ཕྱི་དྲོའི་ཆུ་ཚོད་ ༦ པ་ནང་ཚུད། ས་གནས་ཁྲིམས་ཞིབ་ཁང་དུ་ཞུ་ལན་ཡིག་ཐོག་འབུལ་ཆེད་ངོ་བཅར་དགོས་ཚུལ་བཀོད་ཡོད་ཀྱང་། རྩོད་ལན་པ་གསུམ་ནས་བརྡ་ཐོ་ངོ་མ་རྩིས་ལེན་བྱས་ཡོད་ཀྱང་བརྡ་ཐོ་ངོ་བཤུས་ལ་དོ་བདག་ནས་བརྡ་འབྱོར་མིང་རྟཊ་མ་བཀོད་པར། ཟུར་དུ་བྱུང་འཛིན་ཞིག་ཁྲིམས་དྲུང་ལས་ཁུངས་སུ་ཕུལ་བ་དང་། དུས་བཀག་ནང་ངོ་བཅར་མ་ཞུས་པར་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བརྡ་ཐོ་དང་པོའི་དུས་བཀག་གི་ཉིན་མཐའ་མར་བསྟན་འཛིན་རྡོ་རྗེ་རྩོད་ལན་པ་གསུམ་གྱི་འཐུས་མིའི་ངོ་བོར་བཅར་བྱས་ཏེ། སྨན་རྩིས་ཁང་གི་སྤྱི་ཁྱབ་དབུ་འཛིན་གྱི་ཁོ་ནའི་ས་རྟགས་འཁོད་པའི་སྙན་ཞུ་ཞིག་ཕུལ་བ་ཙམ་ལས་གྱོད་ཡ་རྩོད་ལེན་པ་གསུམ་སོ་སོ་ནས་གྱོད་ཡ་མོས་མཐུན་ཆོད་ཡིག་ལ་མིང་རྟགས་བཀོད་མེད་པ་དང་ཞུ་ལན་སོགས་ཀྱི་དགོས་མཁོའི་ཡིག་ཆ་ཁག་ཀྱང་སྤྲད་ཡོད་མི་འདུག 

རྩོད་ལེན་པ་གསུམ་གྱིས་ཁ་མཆུ་གཏུག་ཡུལ་ཚོཊ་སྒེར་གང་ཡིན་ཁ་གསལ་དགོས་ལུཊ་བརྗོད་པ་ལྟར། གྱོད་ཡ་ཞུ་སྦྱོར་བས་ཞུ་རྩ་གསེད་བཀྲོལ་ཁ་གསལ་བཟོས་རྗེས་ས་གནས་ཁྲིམས་ཞིབ་ཁང་གིས་ཟླ་ ༧ ཚེས་ ༣ ཉིན་བརྡ་ཐོ་ཐེངས་གཉིས་པ་བཏང་སྟེ། བརྡ་ཐོ་འབྱོར་ནས་ཉིན་ ༢༠ ནང་ཚུད་ས་གནས་ཁྲིམས་ཞིབ་ཁང་དུ་ངོ་བཅར་གྱི་ཞུ་ལན་ཡིག་ཆ་ཁག་འབུལ་རྒྱུའི་གོ་སྐབས་སྤྲད་ཡོད་པ་དང་། ཟླ་ ༧ ཚེས་ ༢༥ ཉིན་བསྟན་འཛིན་རྡོ་རྗེ་གོང་མཚུངས་ལྟར་བཅར་ཡང་རྩོད་ལེན་པ་གསུམ་ནས་གྱོད་ཡ་མོས་མཐུན་ཆོད་ཡིག་དང་ལག་བསྟར་དམ་ཡིག་བཟོས་མེད་པ་དང་། ཟླ་ ༨ ཚེས་ ༣ ཉིན་བརྡ་ཐོ་ཐེངས་གསུམ་པ་བཏང་སྟེ། ཟླ་ ༨ ཚེས་ ༢༧ སྔ་དྲོའི་ཆུ་ཚོད་ ༡༡ ནང་ཚུད་ཞུ་ལན་ཡིག་ཆ་ཁག་འཐུས་གཙང་འབུལ་ཆེད་ངོ་བཅར་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱུང་ཚེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ ནང་གསེས་ ༢ པ་དང་། སྤྱི་མང་གཏུག་བཤེར་གྱི་དོན་ཚན་ ༢༨ ནང་གསེས་༼ཁ༽ པའི་འབྲུ་དོན་འབྲེལ་བ་ཆགས་རྒྱུ་ཡིན་ཚུལ་བརྗོད་ཀྱང་། བསྟན་འཛིན་རྡོ་རྗེ་དུས་བཀག་ཉིན་མཐའ་མར་ངོ་བཅར་བྱས་ཀྱང་། རྩོད་ལན་པ་གསུམ་གྱིས་གྱོད་ཡ་མོས་མཐུན་ཆོད་ཡིག་ལ་མིང་རྟགས་དང་། ལག་བསྟར་དམ་ཡིག ཞུ་ལན་བཅས་གང་ཡང་སྒྲུབ་མེད་པའི་ཐོག ཁྲིམས་ཡིག་གི་ཆ་རྐྱེན་མ་ཚང་བའི་སྙན་ཞུ་ཞིག་ཕུལ་ཡོད་ཀྱང་། ས་གནས་ཁྲིམས་ཁང་གིས་སྙན་ཞུ་དེ་ཕྱིར་སློག་བྱས་ཏེ། ཉིན་དེའི་དགོང་དྲོའི་ཆུ་ཚོད་ ༦།༠༠ པའི་བར་གོ་སྐབས་སྤྲད་དེ། བརྡ་ཐོ་གསུམ་པའི་ནང་གསལ་ལག་བསྟར་དགོས་ལུགས་བརྗོད་ཀྱང་དེ་ལྟར་བྱུང་ཡོད་མི་འདུག  

ཟླ་ ༩ ཚེས་ ༥ དང་ ༧ ། ༩ བཅས་སུ་བརྡ་ཐོ་ཐེངས་བཞི་པ་སྟར་ཆཊ་སུ་བཏང་སྟེ། ཕྱི་ཟླ་ ༡༠ ཚེས་ ༨ སྔ་དྲོའི་ཆུ་ཚོད་ ༡༡ ནང་ཚུད། རྩོད་ལན་པ་ཉིད་དམ། ཁྲིམས་རྩོད་པ། ཁྲིམས་ལུཊ་ལྟར་གྱི་འཐུས་མི་བཅས་གང་རུང་ངོ་བཅར་ཞུ་དགོས་ཚུལ་བརྗོད་དེ། བརྡ་ཐོ་མཐའ་མ་དེར་བརྩི་བཀུར་ཉམས་ལེན་མ་བྱས་ཚེ་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༨ འབྲུ་དོན་ལག་བསྟར་རྒྱུ་ཡིན་ཚུལ་བརྗོད་ཀྱང་། རྩོད་ལན་པ་གསུམ་གྱིས་བརྡ་ཐོ་རྩིས་ལེན་མ་བྱས་པ་དང་། བརྡ་ཐོའི་ནང་གསལ་གྱི་གཏན་འབེབས་དུས་ཚོད་ཉིན་ངོ་བཅར་མ་བྱས་སྟབས། ས་གནས་ཁྲིམས་ཞིབ་ཁང་གིས་གྱོད་ཡ་རྩོད་ལན་པ་གསུམ་གྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་འཕྲོད་ཡོད་འདུག

མཐའ་མའི་བཀའ་ཁྱབ་ནང་བཀོད་དོན། “ གྱོད་ཡ་རྩོད་ལན་པ་གསུམ་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༨ ནང་གསེས་༼ཀ༽པའི་ནང་གསལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢༽ པའི་དགོངས་དོན་བོད་ཀྱི་ཡུལ་མི་ཚང་མས་སྒྲུབ་དགོས་པའི་ལས་འགན་མ་སྒྲུབ་པ་ཕྱོགས་འགལ་བྱས་པ་དང་། ཁྲིམས་ཡིག་འདིའི་དོན་ཚན་བཅུ་གསུམ་པའི་ནང་གསེས་༼ཀ༽པའི་ནང་གསལ་གྱོད་ཡ་མོས་མཐུན་ཆོད་ཡིག་དང་ལག་བསྟར་དམ་ཡིག་མ་བཟོས་པ་རྩ་འགལ་སོང་བར་བརྟེན། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༨ ནང་གསེས༼ཁ༽ པའི་ནང་གསལ་ཆ་རྐྱེན་འོག་ཁ་གཏད་གྱོད་ཡ་རྩོད་ལན་པ་དང་པོ་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་དབུ་འཛིན་ཚེ་རིང་བཀྲ་ཤིས་དང་། གྱོད་ཡ་རྩོད་ལན་པ་གཉིས་པ་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས། གྱོད་ཡ་རྩོད་ལན་པ་གསུམ་པ་བོད་ཀྱི་སྨན་རྩིས་ཁང་གི་དམིགས་བསལ་ལས་རིགས་འབྲེལ་མཐུད་པ་བསྟན་འཛིན་རྡོ་རྗེ་བཅས་ནས་བོད་ཀྱི་ཡུལ་མིའི་ལས་འགན་མ་བསྒྲུབས་པ་དེར་སྔར་བཤགས་ཕྱིས་འདོམས་མ་བྱས་པར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་མེད་པའི་ཐག་གཅོད་བྱས་པ་ཡིན་ན། དེ་དོན་འབྲེལ་ཡོད་ནས་ཕྱག་བཞེས་ལག་བསྟར་གནང་དགོས་རྒྱུ་བཅས་ཀྱི་བཀའ་ཁྱབ་ཏུ” ཞེས་བཀོད་འདུག 

བཀའ་ཁྱབ་ཡིག་ཆའི་ངོས་བཤུས་དེ་གྱོད་ཡ་རྩོད་ལན་པ་དང་ཞུ་སྦྱོར་བ། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལྷན་ཁང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། སྤྱི་འཐུས་ལྷན་ཁང་། བཀའ་ཤག ངྷ་རམ་ས་ལ་དང་ལྡེ་ར་རྡུན་ས་གནས་འོས་བསྡུ་ལས་ཁང་དང་ས་གནས་མགོ་འཛིན། ས་གནས་འཐུས་མིའི་ཚོགས་འདུ་སོགས་ལ་ཕུལ་ཡོད་འདུག



གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 10

  1. གངས་སྲས། says:
    ལོ་ 12 སྔོན།

    གནད་དོན་འདི་ནི། ཞི་མིས་ཤ་ལ་མཆོངས་པ་དང་། ཤས་ཞི་མིར་མཆོངས་པ། བརྗོད་མི་ཤེས་ཞིག་འདུག སྦྱིན་བདག་གིས་རྐུ་མར་འཇིགས་སྐུལ་བྱེད་ཀྱི་ཡོད་དམ། རྐུ་མས་སྦྱིན་བདག་ལ་འཇིགས་སྐུལ་བྱེད་ཀྱི་ཡོད། ཤེས་མ་སོང་།

    Reply
  2. ལི་ཐང་ཆུ་ཐུག says:
    ལོ་ 12 སྔོན།

    གསར་འགོད་པ་དོ་གོ་ལགས་ཐུགས་རྗེ་ཆེ་གསར་འགོད་པ་རྒན་པས་གསར་འགྱུར་འབྲི་སྟངས་ལ་དམིག་བསལ་ཁྱད་ཆོས་འདུག་། བོད་ཀྱི་དུས་བབ་ཚང་གིས་གསར་འགྱུར་ལྗིད་ཁོག་ཅན་མང་པོ་སྤེལ་སོང་མང་གཙོའི་ལུང་པའི་གསར་འགྱུར་བརྒྱུད་ལམ་ཞིག་གི་ལས་འགུལ་ཕྲག་ཏུ་བཞེས་གནང་འདགུ་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  3. ལུང་རྟོགས། says:
    ལོ་ 12 སྔོན།

    རང་ཁྲིམས་རང་གིས་མི་བརྩི་བ་འདི་ཐབས་སྐྱོ་པོ་རེད། སྔོན་མ་ཡང་འདི་འདྲའི་གནས་ཚུལ་བྱུང་མྱོང་ཡོད་པ་རེད། འདིས་སྟན་དོན་ནི་བཙན་བྱོལ་བོད་མི་ཚོས་ཁ་ནས་དམངས་གཙོ་དམངས་གཙོ་ཞེས་བཤད་པ་ལས། དམངས་གཙོའི་གོ་རྟོག་གང་ཡང་མེད་པ་དེ་རེད།

    Reply
  4. ཀརྨ་བསྟན་འཛིན། says:
    ལོ་ 12 སྔོན།

    དངོས་གནས་དགོད་བྲོ་བ་ཞིག་རེད། རྟ་མགྲིན་ཚེ་རིང་གིས་སྨན་རྩིས་ཁང་གི་འགིན་འཛིན་ཁྲིམས་གཏུག་བྱས་ཏེ། སྨན་རྩིས་ཁང་ལ་ཉེས་ཆད་ཕོག་མིན་གསལ་ཁ་མ་བྱུང་སྔོན་ལ། ཁྲིམས་ཞིབ་ཁང་གི་ཉེས་པར་ཐོགས་ཏེ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་འདུག ཧ་ཧ་ཧ་ཧ་་་་་་་་་་་་། གྱོད་དོན་གཅིག་དེ་གྱོད་དོན་གཉིས་ཆགས་སོང་བ་རེད་ལ། ད་དུང་གྱོད་དོན་གསུམ་པ་ཞིག་ཀྱང་ཕྱི་ལ་འཐོན་གྲབས་འདུག རྟ་མགྲིན་ཚེ་རིང་དང་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀ་སྨན་རྩིས་ཁང་གི་གྱོད་ཡ་ཆགས་སོང་བ་རེད། ད་གྱོད་བཤད་མཁན་སུ་བྱེད་དགོས་པ་རེད་་་་་་་་་ཧ་ཧ་་ཧ་་་་་

    Reply
  5. གཡག says:
    ལོ་ 12 སྔོན།

    ས་གནས་ཁྲིམས་དཔོན་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ད་ལྟའི་སྨན་རྩིས་ཁང་གི་འགན་འཛིན་ཟེར་བ་དེ་མི་ངན་རང་འདོད་མཁན་ཞིག་ཡིན་པ་སྔར་ནས་ཧ་གོ་ཡོད།
    ཁ་ནས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཟེར་ནས་གུས་གུས་བྱས་པ་ཡང་སྐྱག་རྫུན་རེད། མི་ངན་དེས་རང་གཞུང་གི་ཡིག་ཆ་དང་བཀའ་རྒྱ་སྣང་ཆུང་བཏང་འདུག
    དྲང་མོ་དྲང་བཞག་གིས་ཞིབ་བཤེར་ནན་ཏན་སྒོས་ཁྲིམས་ཆད་ནན་མོ་གཏོང་དགོས།

    Reply
  6. སྦྲ་ནག says:
    ལོ་ 12 སྔོན།

    དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འཛིན་སྐྱོང་བཀའ་ཤག་སོགས་ནས་གང་ཡོང་གིས་ཞིབ་བཤེར་ནན་པོ་གནང་དགོས་པ་མ་གཏོགས་མི་འདི་ཚོ་རྒྱ་ཡན་དུ་བཏང་ན་མུ་མཐུད་འདི་འདྲ་བ་མང་དུ་འགོྲོ་རྒྱུ་ཉག་ཅིག་རེད། སྤྱི་ཚོགས་ཀྱིས་གནོན་ཤུགས་གང་ཐུབ་སྤྲོད་དགོས་ངེས་རེད། དབུས་བོད་མིའི་སྒྲིག་འཛུགས་ལ་བཙོན་ཁང་ནི་མེད་པས་བཅད་ཁྲ་རེ་གཏོང་བ་ཙམ་ལས་རྒྱ་ཆེན་པོ་གང་ཡང་གནང་ཐུབ་ཀྱི་མ་རེད།

    Reply
  7. ཐུབ་བསྟན། says:
    ལོ་ 12 སྔོན།

    ཁ་ནས་༧སྐྱབས་མགོན་རིན་པོ་ཆེ་ཟེར་ནས་ཐལ་མོ་སྦྱར། ལག་ནས་ལས་ཀ་བྱེད་སྐབས་༧གོང་ས་མཆོག་གིས་བཙུགས་པའི་དབུས་བོད་མིའི་སྒྲིག་འཛུག་གི་ཁྲིམས་ཞིབ་ཁང་ཡང་མི་རྩི་བར་མ་ཟད། ཁྱད་གསོད་དང་སྣང་ཆུང་གཏོང་མཁན་འདི་རིགས་ནི་དངོས་གནས་སྙིང་རྗེ་དགོས་པ་རེད། སྨན་རྩིས་ཁང་གི་སྤྱི་ཁྱབ་དབུ་འཛིན་ཚེ་རིང་བཀྲ་ཤིས་ཟེར་བ་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་ཟེར་བ་དང་། དམིགས་བསལ་ལས་རིགས་འབྲེལ་མཐུད་པ་བསྟན་འཛིན་རྡོ་རྗེ་ཟེར་བ་གསུམ་གྱིས་ཁེ་བཟང་ཁོ་ན་ལས་ཁྲིམས་མི་རྩི་ལབ་བཞིན་པ་རེད། སྨན་རྩིས་ཁང་ཟེར་བ་དེའི་དབུ་འཛིན་དང་། དེ་ཙམ་མ་རེད། བོད་གཞུང་དང་དབུས་བོད་མའི་སྒྲིག་འཛུག་ཁྱབ་ཁོངས་ནས་ཁེ་བཟང་དགོས་མཁན། བོད་གཞུང་གི་ཁྲིམས་སྒྲིག་རྩི་མི་འདོད་པའི་མི་སྣང་སྐྱིད་མང་པོ་ཡོད་པ་རེད། འདིའི་རིགས་མང་ཚོགས་ཀྱིས་ཤེས་དགོས་པ་རེད།

    Reply
  8. རྣམ་རྒྱལ་རྡོ་རྗེ། says:
    ལོ་ 12 སྔོན།

    གད་མོ་འཆོར་བ་ཞིག་ལ་གནས་ཚུལ་གཅིག་གིས་གནས་ཚུལ་གཉིས་བསྔོགས་འདུག ལྡེ་ར་རྡུན་སྤོས་བཟོ་སྡེ་ཚན་གྱིས་(རྩིས་ཁྲ་སྦས་སྐུང་རྫུན་བཟོ)བྱས་འདུག་ཟེར། ཚིག་བེད་སྤྱོད་གཏོང་སྟངས་ཙམ་རེད་མ་གཏོགས། བོད་ཀྱི་དུས་བབ་ཚང་གིས་ཀློག་ཟ་རུལ་སུངས་ཨང་ལྔ་པ་སྔོག་འདོན་བྱས་འདུག མུ་མཐུད་དུ་གནས་ཚུལ་འདི་བྱུང་ལུགས་བྱུང་སྟངས་དང་། སྔ་ཕྱི་རྒྱབ་འདུན་ཚང་མ་སྔོག་རོགས།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ཁྲིམས་སྒྲིག་རྩིས་མེད་གཏོང་བ་ནི་དམངས་གཙོའི་ཁེ་དབང་ཡིན་ནམ།
    བྱུང་རིམ་གསལ་བོ་བཀོད་འདུག ད་དུང་གྱོད་ཡ་གསུམ་པོ་ལ་ཡང་བཅར་འདྲི་ཞིག་གནང་རོགས།

    Reply
  10. བཀྲ་ཤིས་ཕུན་ཚོགས། says:
    ལོ་ 12 སྔོན།

    ས་གནས་ཁྲིམས་དཔོན་ལ་བློ་ཁོག་དང་ཡོན་ཏན་གཉིས་འཛོམས་རེད། ངྷ་རམ་ས་ལའི་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གྲགས་འགུལ་གཅིག་ཀྱང་མི་འདུག ས་གནས་ནས་མང་གཙོའི་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ལག་བསྟར་བྱེད་ཀྱི་འདུག
    ཁྲིམས་དཔོན་ཚེ་རིང་ནོར་བུ་ལགས་ངོ་སྤྲོད་རོབ་ཙམ།
    རྒྱ་གར་བྱང་ཕྱོགས་བོད་མིའི་ས་གནས་ཀྱི་ཁྲིམས་ཞིབ་པ་ནོར་པ་ཚེ་རིང་ནོར་བུ་ལགས་འཕོས་པའི་ཚབ་ཏུ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ པའི་ཚེས་ ༡༣ ནས་བསྟན་འཛིན་ལྷུན་གྲུབ་ལགས་ཁྲིམས་ཞིབ་པ་གསར་པར་བསྐོ་བཞག་གནང་ཡོད་ཅིང༌། བསྟན་འཛིན་ལྷུན་གྲུབ་ལགས་ནི། འཛིན་རིམ་༡༢ བར་རྡ་སྟེང་བོད་ཁྱིམ་སློབ་གྲར་སློབ་སྦྱོང་གནང་ཡོད་པ་དང༌། ༢༠༠༤ ལོར་རྒྱ་གར་གྱི་ཇི་ལྦ་ཇི་གཙུག་ལག་སློབ་གྲ་ནས་LLB སློབ་གཉེར་མཐར་སོན་པའི་རྗེས། རྒྱལ་ས་ལྡི་ལིར་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་སློབ་གཉེར་ཁང་དུ་ལོ་གཉིས་ རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ལུགས་སྐོར་སློབ་ སྦྱོང་གནང་སྟེ། ཕྱག་འཁྱེར་ཐོབ་ཡོད་པ་རེད། ད་དུང་ལྡི་ལིར་བཅའ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ མུ་ཁྱེ་སྐུ་མདུན་ནས་ཟླ་བ་དྲུག་རིང་ཁྲིམས་རྩོད་པའི་ཉམས་མྱོང་གསག་པ་དང་ཆབས་ ཅིག་ཁྲིམས་རྩོད་པའི་ལག་འཁྱེར་ཐོབ་ཡོད་ཅིང༌། ཁོང་གིས་༢༠༠༦ ལོའི་ཕྱི་ཟླ་༨ པའི་ཚེས་༡༨ ནས་༢༠༡༡ ལོའི་ཕྱི་ཟླ་༩ ཚེས་༡༢ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་གནས་འདྲ་མིན་ཐོག་ཕྱག་ལས་གནང་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese