དེ་རིང་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་ཤེས་ཡོན་ལྷན་ཚོགས་ཐེངས་གཉིས་པ་དབུ་འཛུགས་གནང་བའི་ཐོག ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བསྡོམས་དང་ད་ལྟའི་ལས་དོན་གྱི་གནས་སྟངས་སོགས་ངོ་སྤྲོད་གནང་སོང་།
དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་གཉིས་པ། གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་དབུ་འཛུགས་གནང་སོང་ཡོད་པ་དང་། ཚོགས་འདུའི་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་འགྲུབ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་བཅས་དང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་སློབ་གྲྭ་ཁག་གི་སློབ་སྤྱི། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་ལས་བྱེད་བཅས་འཛོམས་འདུག
ཐེངས་འདིའི་ཚོགས་འདུ་དེ་ཚེས་ ༣༠ ནས་ ༣༡ བཅས་ཉིན་གཉིས་རིང་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་གྲོས་གཞི་གཙོ་བོ་ཁག་ ༧ ཡོད་པ་དག་ནི། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བོད་མི་རང་ལ་འཚམ་པའི་སྔོན་འགྲོའི་ཤེས་ཡོན་ལམ་སྲོལ་གསར་གཏོད་གནང་ཕྱོགས་དང༌། བཙན་བྱོལ་བོད་མིའི་སློབ་གྲྭ་དང་སློབ་འཛིན་སྡེ་ཚན་ཡོངས་ལ་ཁྱབ་པའི་རྩ་འཛིན་ལག་དེབ་བཟོ་སྒྲིག་གི་ལས་རིམ་མགོ་འཛུགས་གནང་ཕྱོགས། དགེ་རྒན་གྱི་ཤེས་ཚད་དང་ལས་དོན་ནུས་ཚད་གོང་མཐོར་གཏོང་སླད་ལོ་ལྔ་རེའི་མཚམས་སུ་དགེ་རྒན་གྱི་ལས་སྒོར་བསྐྱར་ཞུགས་ཆོག་པའི་ལག་ཁྱེར་སྤྲོད་ལེན་གྱི་ལས་རིམ་གོ་སྒྲིག་དང་ལག་བསྟར་བྱེད་ཐབས་སྐོར། གཞི་རིམ་གོང་མའི་འཛིན་རིམ་ ༡༠ དང་ ༡༢ ཐོན་རྗེས་སུའང་འདོད་བབ་ད་བསྟུན་ཏེ་ལས་རིགས་སློབ་སྦྱོང་གི་གོ་སྐབས་སྤྲོད་ཕྱོགས་སྐོར། དགེ་རྒན་གྱི་ཤེས་ནུས་དང་ཀུན་སྤྱོད་ཀྱི་ཚད་གཞི་ལ་བཏང་འཛིན་བྱེད་པའི་ཆ་རྐྱེན་གསར་གཏོད་གནང་ཕྱོགས། གཞི་རིམ་སློབ་གྲྭ་ཁག་ལ་ཤེས་ཡོན་རྟོག་ཞིབ་ཀྱིས་ལེགས་སྤེལ་ཉེས་འགོག་གི་སྙན་ཐོ་འདོན་སྤེལ་དང་། ལེགས་ཉེས་དབྱེ་འབྱེད་ཀྱིས་བྱ་དགའ་ཆད་གཅོད་གནང་ཕྱོགས། སློབ་གྲྭ་ཁག་གི་རྒྱུགས་སྤྲོད་ལམ་སྲོལ་གསར་གཏོད་གནང་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་དང་། ཉིན་གཉིས་པར་ཚོགས་གཙོའི་བཀའ་འཁྲོལ་འོག ཚོགས་མི་ཚོས་གྲོས་ཆོད་གསར་བ་བཏོན་ཏེ་བགྲོ་གླེང་གོ་བསྡུར་གནང་རྒྱུ་ཡིན་འདུག
ཚོགས་འདུ་དབུ་འཛུགས་ཐོག་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གསང་བཤད་གནང་པར། ཤེས་ཡོན་ལྷན་ཚོགས་དེ་བཙན་བྱོལ་བོད་མིའི་མ་འོངས་སོན་རྩའི་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཧ་ཅང་གལ་ཆེན་ཡིན་པ་དང་། དེའི་ཐོག་ཞིབ་འཇུག་དང་གསར་གཏོད་གང་འདྲ་བྱེད་མིན་ཐོག་མཁས་དབང་དང་ཤེས་ཡོན་མི་སྣ་ཤ་སྟག་མཉམ་འཛོམས་གནང་སྟེ། འདས་པའི་ལོ་གཅིག་རིང་ཤེས་རིག་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་གནང་བ་དང་། ལས་དོན་མང་པོ་ཞིག་ཕྱག་ལེན་ཁེལ་ཡོད་པ་ལྟར། ད་ལྟའི་བར་ཤེས་ཡོན་ལྷན་ཚོགས་དེ་ཤེས་རིག་ལས་ཁུངས་ལ་ལམ་སྟོན་གནང་ཡོད་ཀྱང་། ལྷན་ཚོགས་ཀྱི་ངོས་ནས་གྲོས་གཞི་གྲོས་ཆོད་དང་ལམ་སྟོན་གནང་སྐབས། འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཁག་གི་ཐད་ནས་དགེ་རྒན་གྱི་གསོལ་ཕོགས་དང་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གི་གྲངས་ཚད་གཏན་འབེབས། ཚོགས་ཐུན་གྱི་གྲངས་ཚད་ཚོད་འཛིན་བྱེད་སྟངས་སོགས་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལྷན་ཚོགས་ཀྱི་གཏན་འབེབས་གྲོས་ཆོད་བཅས་ཡོང་སྐབས། སྐབས་རེར་གནད་དོན་ཁག་གི་ཤེས་ཡོན་ལྷན་ཚོགས་ཤེས་རིག་ལས་ཁུངས་གཉིས་ཀས་གོ་སྒྲིག་བྱེད་ཐབས་མེད་པ་དང་། ཁག་ཅིག་ནང་ཁུལ་ནས་ལག་ལེན་མ་ཁེལ་བའི་གནས་སྟངས་ཆུང་ཚགས་དེ་འདྲ་ཡོང་གི་ཡོད་སྟབས། མ་འོངས་པར་གནད་དོན་དེའི་རིགས་སྟབས་བདེ་བོ་བཟོ་བར་དགོངས་པ་བཞེས་རྒྱུ་དང་མུ་མཐུད་ལས་དོན་མཇུག་སྐྱོང་ཡོང་ཐབས་ལ་འབད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་སོགས་བརྗོད་བྱུང་།
མཇུག་ཏུ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། “ སྔར་ལོ་ཚོགས་འདུ་དང་པོ་ཚོགས་པའི་སྐབས་ལ་གྲོས་གཞི་དོན་ཚན་བདུན་གྱི་ཐོག་ཕྱག་ལེན་གནང་རྒྱུའི་ལམ་སྟོན་དང་གྲོས་ཆོད་ཡོད་པ་དེར་ཤེས་རིག་ལྷན་ཚོགས་ལས་ཁུངས་ནས་རེ་ཟུང་མ་གཏོགས་གང་ལ་གང་འཚམ་ཕྱག་བསྟར་གནང་ཐུབ་པ་བྱུང་འདུག དེའི་ཐོག་ལ་ལག་ལེན་བསྟར་ཐུབ་དང་མ་ཐུབ་ལམ་སེང་མི་ཐུབ་ཀྱང་། མ་འོངས་པར་ལག་ལེན་བསྟར་ཐུབ་རྒྱུའི་རེ་བ་ཡོད་མེད་མང་ཆེ་བ་འཛིན་སྐྱོང་གིས་གཟིགས་དགོས་པའི་རིགས་ཆགས་ཡོད་པ་རེད། སྤྱིར་བཏང་ཚོགས་འདུ་དེ་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གིས་འགན་གནང་གི་ཡོད་པ་རེད། དེ་གཉིས་ཀྱི་འགན་གཙོ་བོ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་སྐབས་སློབ་ཚན་སྒྲིག་ཕྱོགས། སློབ་སྟོན་ཐབས་ལམ། དགེ་རྒན་གྱི་གནས་ཚད་ཡར་རྒྱས་གཏོང་ཕྱོགས་དེའི་རིགས་གཙོ་བོ་ཆགས་ཀྱི་ཡོད་པ་རེད། དེའི་ནང་ནས་སློབ་སྟོན་གྱི་ནང་དོན་རྩ་འཛིན་ཡིག་ཆ་དེ་དག་གང་འཚམས་གཏན་འབེབས་གནང་གྲུབ་པ་རེད། ད་རེབ་ཀྱི་གྲོས་གཞིའི་ནང་ལྷན་ཚོགས་ཀྱི་སྙན་ཐོའི་སྐོར་ལ་གྲོས་མོལ་གནང་བ་དེར་སྤྱི་ཁྱབ་འགན་འཛིན་དང་དྲུང་ཆེ། དྲུང་འཕར་གྱིས་སྙན་སྒྲོན་གནང་བ་ཙམ་དུ་མ་ཟད། ལྷན་ཚོགས་དང་པོའི་སྐབས་ཀྱི་ལམ་སྟོན་འོག་བཙུགས་བཞག་པའི་ཚོགས་ཆུང་མང་ཆེ་བའི་སྙན་ཐོའི་ནང་ཡོད་བསྡད་པ་ཞིག་རེད། གྲོས་གཞི་གསར་བ་མེད་དུས་དེ་ཚོ་ཚང་མའི་ཐོག་ལ་བཀའ་བསྡུར་གནང་སྟེ། ལག་བསྟར་གནང་ཕྱོགས་ལ་སྐུ་ངལ་ག་རེ་འཕྲད་ཀྱི་འདུག སྙན་ཐོ་དེ་དག་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ལེན་གནང་ཐུབ་མིན་དང་། སྣོན་འཕྲི་དགོས་མིན་གོ་བསྡུར་ཞིབ་ལྷུག་གནང་བ་ཡིན་ན་མ་ཚར་བ་མི་འདུག ”ཅེས་གསུངས་བྱུང་།
ཐེངས་འདིར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་དོན་ཚན་ ༧ ཅན་གྱི་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་ལས་དོན་གནས་སྟངས་སྐོར་ཞིག་སྙན་སྒྲོན་ཞུས་པའི་ནང་། དོན་ཚན་དང་པོ་བསླབ་གཞིའི་རྩ་འཛིན་སྐོར་ལ། ༢༠༡༠ ཟླ་ ༧ པར་བཀའ་ཤག་སྐབས་བཅུ་གསུམ་པས་གཏན་ལ་ཕབ་པའི་གཞི་རིམ་སློབ་གྲྭའི་བསླབ་གཞི་རྩ་འཛིན་གྱི་རྒྱུན་མཐུད་དེ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་ཚན་ཡོངས་རྫོགས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གསར་དུ་གཏན་ལ་འབེབས་པའི་ལས་འཆར་ལ། ཤེས་རིག་ལས་ཁུངས་བརྒྱུད་རོགས་དངུལ་ཐབས་འཚོལ་གྱིས་ ༢༠༡༠ ནས་ ༢༠༡༤ བར་ལོ་བཞིའི་རིང་གཞི་རིམ་གོང་མ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་འཆར་ལག་བསྟར་ཞུས་ཏེ། ༢༠༡༣ ཟླ་ ༥ པ་བར་འཛིན་རིམ་དགུ་པ་དང་བཅུ་བའི་བསླབ་གཞིའི་རགས་ཟིན་གཏན་འབེབས་གྲུབ་ཅིང་། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་པའི་བསླབ་གཞིའི་རྩ་འཛིན་གྱི་རགས་ཟིན་གྲུབ་ཟིན་པས་ཚོགས་ཆུང་གི་ཚོགས་འདུ་རིམ་པ་བརྒྱུད་མཐའ་མའི་གཏན་འབེབས་ཀྱི་ལས་རིམ་འགྲོ་མུས་ཡིན་པས། འཆར་གཞི་ལོ་ ༢༠༡༤ ཟླ་ ༣ པའི་སྔོན་ལ་ཤེས་རིག་ལས་ཁུངས་བརྒྱུད་བཀའ་ཤག་ལ་གཞུང་འབྲེལ་གཏན་འབེབས་སླད་འབུལ་ལམ་ཞུ་འཆར་ཡིན། ཞེས་བཀོད་འདུག
དོན་ཚན་གཉིས་པ་བོད་ཡིག་སློབ་དེབ་སྐོར་ལ། ༢༠༡༠ ཟླ་ ༧ པར་བཀའ་ཤག་གིས་གཏན་ལ་ཕབ་ཟིན་པའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན། སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་སློབ་དེབ་ཁག་ལ་བསྐྱར་ཞིབ་བྱ་མགོ་བརྩམས་ཏེ། སྔ་ལོ་ནས་བཟུང་འཛིན་རིམ་ ༦། ༧། ༨ བཅས་ཀྱི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་ཀྱིས་གསར་དུ་དཔར་འགྲེམས་ཞུས་ཤིང་། དེ་བཞིན་སྔོན་འགྲོ་ནས་འཛིན་རིམ་ལྔ་བ་བར་གྱི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་འགྲོ་མུས་ཡིན་པས། རྩིས་ལོ་རྗེས་མའི་ནང་མཇུག་སྐྱོང་གིས་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱེད་པའི་ལས་འཆར་འགྲོ་མུས་ཡིན། གཞི་རིམ་གོང་མ་འཛིན་རིམ་དགུ་བ་ནས་བཅུ་གཉིོས་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་ལེགས་གྲུབ་ཟིན་པས། འདི་ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ལ་གཏན་འབེབས་ཆེད་འབུལ་རྒྱུ།
དོན་ཚན་གསུམ་པ་ཚན་རིག་སློབ་དེབ་སྐོར་ལ། ཤེས་ཡོན་སྲིད་བྱུས་དགོངས་དོན་འོག་གཏན་ལ་ཕབ་པའི་བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་བཞིན། ༢༠༡༡ ལོར་འཛིན་རིམ་དགུ་བའི་ཚན་རིག་སློབ་དེབ་བོད་སྒྱུར་དང་། འདི་ལོ་འཛིན་རིམ་བཅུ་བའི་ཚན་རིག་སློབ་དེབ་བོད་སྒྱུར་ལེགས་གྲུབ་བྱུང་སྟེ། གཞི་རིམ་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུས་པ་དང་འབྲེལ། གཞི་རིམ་སློབ་ཚན་བོད་སྒྱུར་གྱི་ལས་འཆར་ནང་། ཐོག་མར་འཛིན་རིམ་བཅུ་བ་བར་གྱི་སློབ་ཚན་ཡོངས་རྫོགས་བོད་སྒྱུར་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད།
དོན་ཚན་བཞི་པ་སྤྱི་ཚོགས་ཚན་རིག་སྐོར་ལ། བསླབ་གཞི་རྩ་འཛིན་གྱི་དགོངས་དོན་བཞིན་ ༢༠༡༡ ལོར་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བོད་སྒྱུར་རྩོམ་སྒྲིག་ཞུས་ཟིན་པ་དང་། འདི་ལོར་འཛིན་རིམ་བདུན་པ་དང་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བོད་སྒྱུར་རྩོམ་སྒྲིག་ལེགས་གྲུབ་བྱུང་ཡོིད། གོང་གསལ་སློབ་དེབ་རྣམས་དེབ་གྲངས་ ༡༠༠༠ རེ་དཔར་སྐྲུན་གྱིས་འབྲེལ་ཡོད་གཞི་རིམ་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུས་ཡོད།
དོན་ཚན་ལྔ་པ་ཨང་རྩིས་སློབ་དེབ་སྐོར་ལ། ༢༠༡༢ ནས་བཟུང་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཀྱི་ལས་འཆར་མགོ་འཛུགས་ཞུས་ཤིང་། འདི་ལོར་འཛིན་རིམ་གསུམ་པ་དང་བཞི་བའི་སློབ་དེབ་རགས་ཟིན་གཏན་འབེབས་ཐུབ་པ་བྱུང་སྟེ། གངས་སྐྱིད་དཔེ་སྟོེན་སློབ་གྲྭའི་ནང་འཛིན་རིམ་གསུམ་པའི་ཨང་རྩིས་སློབ་དེབ་ཟླ་དྲུག་རིང་ཚོད་ལྟའི་ཆེད་བཀོལ་སྤྱོད་བྱེད་མགོ་བཙུགས་ཡོད། འཛིན་རིམ་ལྔ་བའི་སློབ་དེབ་རྗེས་ལོར་གཏན་འབེབས་བྱས་རྗེས། ༢༠༡༥ ལོའི་སློབ་དུས་གསར་བ་ནས་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱ་འཆར་ཡིན།
གསར་འགོད་པ། དོན་གོ
སྤྱིར་ཡོངས་ཀྱི་ཐད་ནས་གུས་རང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན།
ཁོང་གིས་སྣེ་ཁྲིད་པའི་ཤེས་ཡོན་སྲིད་ཇུས་ཏེ་ཕུགས་རྒྱང་རིང་པོ་ནས་འབྲས་བུ་སྨོན་ཡོང་བར་ཐེ་ཚོམ་མེད། ཡིན་ནའང་། ཁོང་གིས་ལོ་མང་རིང་འཛིན་སྐྱོང་བྱས་པའི་ཝྭ་ར་ནི་སི་བོད་ཀྱི་གཙུགས་ལག་ཁང་ནས་སློབ་མཐར་ཕྱིན་པ་རྣམས་ལ་རྟོགས་ཞིབ་བྱེད་སྐབས་ཆ་མ་ཚང་བ་མང་པོ་འདུག།
དགེན་བཀྲ་ལོ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
༡) ཨང་རྩིས་ནི། འཛིན་གྲྭ ༡-༥ བ་བར་སྔ་ས་ནས་ལག་བསྟར་བྱེད་བཞིན་པ་དེ་དག་དང། ༢༠༠༨ ལོ་ནས་འཛིན་གྲྭ ༨ པ་བར་པར་འགྲེམ་ཞུས་པ་དག་ཤེས་ཡོན་སྲིད་ཇིས་ཀྱི་དགོངས་དོན་དང་མ་མཐུན་པ་རེད་དམ།
༢) སློབ་དེབ་དེ་དག་འཕྲུལ་དེབ་ཏུ་ཡོད་དམ། མེད་ན་སྒེར་བས་མངགས་ཉོ་བྱེད་ཐབས་ཡོད་དམ།
དོན་གྲུབ་བཀྲ་ཤིས་ཀྱི་གསུང་བཤད་དེ་དག་གནད་འདུས་ཆ་ཚང་བ་ཞིག་རེད། ཕྱག་ལས་ཧ་ལས་པའི་ཡག་པོ་གནང་འདུག ཐུགས་རྗེ་ཆེ།
ཧཧཧཧཧ སྐུ་ངོ་སྟོབས་རྒྱལ་ལགས་ཡར་བཞེངས་ནས་གཏམ་བཤད་གནང་གི་འདུག ཁ་རྩང་ཤེས་ཡོན་སྲིད་་བྱུས་ལག་ལེན་བསྟར་ཕྱོགས་ཐད་བོད་ཕྱི་ནང་གཉིས་སུ་ཡོ་འཁྱམས་རྒྱག་སྐབས། བོད་ཀྱི་དུས་བབ་དྲ་ངོས་སུ་དེ་འབྲེལ་གྱི་རྩོམ་ཡིག་མང་དག་ཅིག་བསླེབས་པ་རེད། སྐབས་དེར་སྐུ་ངོ་སྟོབས་རྒྱས་མཆོག་ནས་ཤེས་རིག་ལས་ཁུངས་ནས་སྲིད་སྐྱོང་མཆོག་ལ་ཁ་པར་བཏང་སྟེ། ”སྐྱོན་བརྗོད་ཁ་ཤས་ཐོན་འདུག་སྟེ། གནད་འགག་ཆེ་བ་རང་མི་འདུག སྲིད་སྐྱོང་ཐུགས་བློ་བདེ་བོ་གནང་རོགས། ལན་ཡོད་ན་ཕུལ་ཆོག་”ཅེས་གསུངས་འདུག བྱས་ཙང། དེ་རིང་ཡང་ལན་བསྐྱལ་ཞོར་གནས་ཚུལ་ཞིག་ཨེ་རེག་ལྟ་གི་ཕེབས་པ་མིན་འགྲོ།།