མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་སྲིད་བྱུས་བཟུང་རིང་རང་ཕྱོགས་ཀྱི་འཐུས་ཤོར།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

༄༅།། དེང་འཛམ་གླིང་ཤར་ནུབ་ཀྱི་འབྲེལ་བ་ཉིན་རེ་བཞིན་ཇེ་ཆེར་འགྲོ་ཡི་ཡོད་པས། རྒྱ་ནག་མི་མང་དང་གཞིས་ལུས་བོད་མི་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རྒྱབ་སྐྱོར་ཅི་ཙམ་ཐོབ་པ་དེའི་ཚོད་ཀྱིས་གྲུབ་འབྲས་ཀྱང་སྔར་ལས་མང་བ་འབྱུང་ངེས་པ་ནི་བཤད་མི་དགོས་ཀྱང་། སྐབས་བབ་བརྗོད་དོན་ནི་གྲུབ་འབྲས་བགྲང་རྒྱུ་དེ་མིན། ཉེ་སྔོན་ཚོགས་མ་ཐག་པའི་གྲོས་ཚོགས་ཀྱི་གྲོས་གཞི་དང་འབྲེལ་ཏེ་ཚོགས་གཙོ་སྦྲེལ་བོ་དང་སྲིད་སྐྱོང་བཅས་༸གོང་ས་སྐྱབས་མགོན་ཆེན་པོར་མཇལ་བཅར་སྐབས། ”དབུ་མའི་ལམ་ནས་བདེན་མཐའ་མ་གསལ་བར་ངོས་ཀྱི་མི་ཚེས་འདང་ངེས་ཤིག་ཡོང་གི་རེད་”ཅེས་བཀའ་ཕེབས་འདུག་པ་དེ་བོད་ཀྱི་ལེགས་བྱང་གི་རྩི་མ་འགོས་པའམ་བོད་མི་ཕྱེད་ཀ་དག་གིས་ཡ་མཚན་དུ་མི་འཛིན་ཡང་། འདི་འདྲའི་རྗེས་འཛིན་བརྩེ་ཆེན་ཤེས་རབ་ཀྱི་ཞགས་པས་བོད་མི་རིགས་ཀྱི་བདེན་དོན་ཐུགས་ལ་བརྣག་པའི་བཀའ་དྲིན་ནི་རང་ཅག་གིས་སྐྱེ་བ་སྟོང་དུའང་བསབ་ཐབས་ཡེ་ནས་མེད་པས། དབུ་མ་པར་ཁས་འཆེ་བ་ང་དང་ང་ལྟ་བུ་དག་གིས་ནི་”རང་སྐྱོང་གནམ་ནས་འབབ་རྒྱུར་”སྒུག་པའི་ཉོབ་གཤིས་དེ་ཅུང་ཙམ་བསྒྱུར་ཨེ་ཐུབ་ཀྱིས། གཞུང་དམངས་ཀྱིས་ད་བར་སྲིད་བྱུས་འདི་བཟུང་རིང་གི་འཐུས་ཤོར་རྣམས་ངོས་བཟུང་སྟེ། སླད་མར་ནོར་འཛོལ་འདི་རིགས་བསྐྱར་དུ་མ་འབྱུང་བའི་སྒོ་ནས་དབུ་མའི་ལམ་གྱི་འཐབ་རྩོད་དངོས་གནས་ཤིག་ཨེ་འཁྱོངས་བྱ་རྒྱུ་དུས་ལ་བབས་འདུག་སྙམ་པས་བརྗོད་དོན་ངོ་མར་ཞུགས་ན།

༸གོང་ས་སྐྱབས་མགོན་ཆེན་པོའི་ཕུགས་རྒྱང་རིང་པོའི་གཉིས་སྨན་དགོངས་གཞི་རླབས་པོ་ཆེ་འདི་ནི་བཙན་བྱོལ་དུ་མ་འབྱོར་སྔོན་ནས་ཕྱག་བསྟར་གནང་ཡོད་ལ། དོན་ཚན་བཅུ་བདུན་གཞི་རྩར་བཟུང་བའི་མེས་འཚིགས་མེར་གཏུག་གི་ལོ་ངོ་བདུན་ཙམ་ནི་དེའི་དཔེ་མཚོན་གསལ་ཤོས་དེ་རེད། ཡིན་ནའང་། སྐབས་དེར༸གོང་ས་ཆེན་པོའི་འཛམ་གླིང་སྤྱིའི་གནས་ཚུལ་ལ་གཞིགས་པའི་བསྒྱུར་བཅོས་རྣམས་ལམ་ལྷུང་མ་བྱུང་པ། གཞུང་སའི་སྐུ་དྲག་མང་ཆེ་བས་རང་གི་གཞིས་ཀ་གྲ་རྒྱས་ཐབས་ལས་བོད་མི་རིགས་སྤྱིའི་བདེ་དོན་ལ་ཐུགས་འཁུར་མ་བཞེས་པ། བཙན་དུ་བྱོལ་རྒྱུར་གྲ་སྒྲིག་ཚགས་ཚུད་བྱེད་མ་ཐུབ་པར་གློ་བུར་ཕེབས་དགོས་བྱུང་པ། བཙན་བྱོལ་དུ་འབྱོར་མ་ཐག་བོད་མི་ཚོས་ཞེ་འཁོན་ནོན་ཐུབ་ཀྱི་མེད་པ། བཙན་བྱོལ་ནང་གནས་ཅི་ལྟར་འཆའ་མིན། དུས་ཡུན་ཅི་ཙམ་གནས་དགོས་མིན། ཕྱིར་ཕ་ཡུལ་དུ་ལོག་ཐུབ་མིན་བཅས་ཀྱི་གནས་སྟངས་འོག་༸གོང་ས་མཆོག་གི་གཉིས་སྨན་དགོངས་གཞི་མུ་མཐུད་ཕྱག་བསྟར་གནང་རྒྱུར་སྐུ་དྲག་དཔོན་རིགས་མི་མང་སུས་ཀྱང་གསོལ་འདེབས་ཞུ་རྒྱུ་དྲན་ཡུལ་དུའང་འཁོར་མི་འདུག་ཀྱང་། བཙན་བྱོལ་ལོ་དང་པོ་དེ་ག་རང་ལ་༸གོང་ས་ཆེན་པོས་ ”རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་” ཞེས་ཐབས་མཁས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ལམ་སྟོན་སྩལ་ཞིང་། སྐུ་དྲག་དང་མི་མང་ཕལ་བའི་བློ་སྒོ་དང་བསྟུན་ནས། རྒྱལ་སྤྱིའི་ཆབ་སྲིད་ནང་བོད་མིའི་མངོན་འདོད་གསལ་འདོན་བྱ་རྒྱུར་”རང་སྐྱོང་”དང་”རང་བཙན་”ཞེས་པའི་ཚིག་གང་ཞིག་བེད་སྤྱོད་གནང་རྒྱུར་སྐུ་ངལ་ལྷག་ཏུ་འཕྲད་འདུག་པ། ཕྱིས་སུ་༸གོང་ས་ཆེན་པོ་རང་གི་ཞལ་ནས་ ”རང་བཙན་ཟེར་བའི་ཚིག་འདི་ལབ་ན་རྒྱ་མིའི་སྣང་བར་མི་འགྲོ་ཞིང་། ལམ་སེང་རང་སྐྱོང་ཟེར་བའི་ཚིག་འདི་བཏོན་ན་བོད་མིའི་རྣ་ལ་མི་འགྲོ་བ་བཅས་ཀྱིས། བདེ་སྐྱིད་བྱུང་ན་འགྲིག་ཅེས་བཤད་པ་ཡིན་ཞེས་”ཕེབས། གནས་ཚུལ་འདིས་ནི་གང་ཉིད་ཀྱིས་དབུ་ཁྲིད་པའི་གཞུང་ས་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་འབྱོར་ཡོད་ནའང་། དོན་ཚན་བཅུ་བདུན་བཞག་རྗེས་བོད་ནང་རྒྱ་བོད་གཉིས་སྨན་གྱི་ལམ་བུ་ཞིག་ཐབས་འཚོལ་འབད་འབུངས་ལྷོད་མེད་གནང་པ་དེ་བཞིན། བཙན་བྱོལ་ནང་དུའང་དགོངས་གཞི་དེ་ག་རང་ཐུགས་ཉར་གནང་འདུག་པ་ལས། གཞན་ཐུགས་རྒྱུད་དུ་སྐབས་དེའི་རྒྱལ་སྤྱིའི་འགྱུར་འགྲོས་དང་བོད་མིའི་དངོས་ཡོད་གནས་ཚུལ་གྱི་རྒྱུ་དང་མི་མཐུན་པའི་འབྲས་( རང་བཙན་ལྟ་བུ )བུ་ཞིག་འབྱུང་ངེས་པ་དང་། རྩོད་སྒྲུབ་བྱས་ན་རྔོ་ཐོགས་པར་དགོངས་མེད་པ་ནི་རྗེན་པར་གསལ་ཞིང་། མ་འོངས་སྔོན་དཔྱད་ཀྱིས་གཉིས་སྨན་ཐབས་ལམ་དེ་ཡང་གང་གི་སྐྱོབ་ཡུལ་བོད་མི་ཚོའི་བློ་སྒོ་དང་བསྟུན་ནས་གསར་གཏོད་དང་བསྟུན་མཁས་ཡ་མ་བྲལ་པར་གནང་འདུག་པ་ནི། བཙན་བྱོལ་བོད་མི་ཆེ་ཕྲ་ཚང་མས་གསལ་རྟོགས་དགོས་ངེས་ཀྱི་དོན་གྱི་སྙིང་པོ་དེ་རེད།

ཚུལ་འདི་ལས་བརྩམས་ཏེ་གང་གི་མཁས་མཛངས་ལྡན་པའི་དབུ་མའི་ལམ་གྱི་དགོངས་གཞིར་བོད་ཕྱི་ནང་གི་ཤེས་ལྡན་སེར་སྐྱ་མཆོག་དམན་ཚང་མས་རྒྱབ་སྐྱོར་ཚད་མཐོ་བྱས་ཏེ་ད་བར་མི་ལོ་ཧྲིལ་བོ་ ༤༠ འགོར་གྲབས་ཡོད་ལ། རྒྱབ་སྐྱོར་ཐོབ་པའི་གྲངས་འབོར་གྱི་ཆ་ནས་བཤད་ན་དམངས་གཙོའི་ཡུལ་ལུང་གཞན་དུ་མེད་པའི་ཁྱད་ཆོས་ཀྱང་གང་མང་འཛོམས་ཡོད། སྤྱིར་བཏང་དམངས་གཙོ་ཤུགས་ཆེར་དར་ཡུལ་གནས་ཚང་རྒྱ་གར་དང་ནུབ་ཕྱོགས་ཨ་རི་ལྟ་བུར་མཚོན་ན། འོས་ཤོག་གི་འགྲན་རྩོད་ནི་དམངས་ལ་དབང་བ་འདྲ་ཡང་། གང་འདོད་ཅི་འདོད་ལྟར་བླུགས་ཆོག་པའི་འོས་ཤོག་ཕལ་མོ་ཆེ་ནི་སྐབས་འཚོལ་པ་དང་དཔལ་འབྱོར་གྱི་བྲན་དུ་འཕེན་བཞིན་པ་ནི་ཀུན་གྱིས་མཐོང་གསལ་འདི་ཡིན་མོད། བཙན་བྱོལ་བོད་མི་ཚོས་དམངས་གཙོའི་ལམ་ནས་སྲིད་བྱུས་འདིར་རྒྱབ་སྐྱོར་བྱེད་སྐབས་གནོན་ཤུགས་དང་བསླུ་བྲིད་གང་ཡང་མེད་པར་རང་དབང་གིས་འདོད་མོས་བྱས་པ་དེ། དེང་དམངས་གཙོ་ཞེས་ཀུན་གྱིས་ངོ་མཚར་དུ་འཛིན་པ་འདིའི་བྱུང་རབས་ནང་ཁྱད་དུ་འཕགས་ཡོད་པ་ཧ་ཅང་གསལ་བོ་རེད། ལྷག་ཏུ་བསམ་ཚུལ་གང་བརྗོད་ལ་ཚད་བཀག་མེད་པའི་ང་ཚོའི་གྲོས་ཚོགས་ནང་ཡང་ནས་བསྐྱར་དུ་མང་མོས་དང་སྤྱི་མོས་ཀྱིས་སྲིད་བྱུས་འདི་ཉིད་གཞུང་འབྲེལ་གཏན་འབེབས་གནང་ཡོད་པ་འདིར། ཕྱི་གླིང་པའི་མཁས་པ་དང་ཆབ་སྲིད་པ་མང་པོས་ཡིད་སྨོན་བླ་ལྷག་ཏུ་བྱས་ཡོད། སྲིད་བྱུས་འདི་ཉིད་ཀྱི་སྔོན་འགྲོའི་རླབས་ཆེན་གྱི་དགོངས་གཞི་དང་། དེ་བོད་མི་མང་གི་བསོད་ནམས་ཀྱི་ཡོལ་གོར་ཤོང་སྟེ་ཡང་དག་པའི་དམངས་གཙོའི་ལམ་ནས་གཏན་འབེབས་གྲུབ་ཟིན་ནའང་། སྲིད་བྱུས་འདི་བཟུང་བའི་བརྒྱུད་རིམ་ཁྲོད་རང་ཕྱོགས་ལ་འཐུས་ཤོར་མ་བྱུང་བའང་མིན་ལ། ལྷག་ཏུ་དེང་སྐབས་འཐུས་ཤོར་གྱི་སྒོ་ཅི་ཡོད་ཐེར་འདོན་གྱིས་སྲིད་བྱུས་འདིར་སྔར་ལྷག་ཉམས་ལེན་ཞུ་དགོས་པ་ནི་གནད་ཀྱི་དོན་པོ་ཡིན་སྟབས། རང་ཕྱོགས་ལ་ནོར་འཁྲུལ་བྱུང་རིགས་ལྟ་ཀློག་བཤད་བདེའི་ཆེད་དུ་ཚན་ཁག་རེ་འགར་བགར་ནས་བཤད་ན།

དང་པོ། རང་གཞུང་ནས་དབུ་མའི་ལམ་གྱི་ནང་དོན་ཆ་ཚང་གཏན་འབེབས་གནང་རྒྱུར་རྒྱུན་རིང་འགོར། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ་ལོ་ ༡༣ ཕྱིན་རྗེས་དེའི་སྲིད་བྱུས་ཀྱི་རིགས་པའི་གཞུང་ལུགས་༼ ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་སི་ཏྲ་སི་སྦག་གི་གསུང་བཤད། ༽བསྟན་ཡང་དེར་གོ་བ་ལེན་ཕྱོགས་གསལ་བོ་དང་གཅིག་གྱུར་ཞིག་མ་བྱུང་།

གཉིས་པ། རང་རེའི་མཐོ་རིམ་ལས་སྣེ་ཚོའི་ཁྲོད་དུ་དབུ་མའི་ལམ་གྱི་སྙིང་དོན་རྒྱལ་ཕྲན་མཉམ་འབྲེལ། བོད་ཀྱི་འདོད་མོས་ལྟར་གྱི་རང་སྐྱོང། མཐུན་ཕྱོགས་མནའ་འབྲེལ་རྒྱལ་ཁབ། རང་སྲིད་རང་སྐྱོང་བཅས་གོ་བ་སྣ་ཚོགས་ཆགས།

གསུམ་པ།  ༡༩༩༡ །༩༢ གསུམ་དུས་གསུང་འཕྲིན་དང་ཨ་རིའི་ཡེལ་གཙུག་ལག་སློབ་གཉེར་ཁང་བཅས་སུ་སི་ཏྲ་སི་སྦག་གི་གསུང་བཤད་རང་བཞིན་ནུས་མེད་ཕྱིན་པ་གསལ་བསྒྲགས་གནང་ཡང་། དེར་མི་མང་ལྟ་ཞོག་གནད་ཡོད་མི་སྣ་ཚོས་ཀྱང་དོ་སྣང་མ་བྱུང་བ་དང་དགོངས་དོན་མ་རྟོགས་པ་ཅི་རིགས་ཀྱིས་གོ་བ་སྣ་ཚོགས་པ་དེ་མུ་མཐུད་གནས།

བཞི་པ། ༡༩༨༧། ༡༢། ༡༧ ཉིན་བཙན་བྱོལ་བོད་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་མགོ་གཙོ་ཡན་མན་ཕུ་ལ་སྤྲད་པའི་ལན་འདེབས་ཚིག་ཐོ་ཞིག་གི་ནང་ ”ང་ཚོས་བོད་ཆོལ་ཁ་གསུམ་ནང་ཁུལ་ཁ་བྲལ་མ་ཡིན་པར་ཆིག་སྒྲིལ་ཐོག་རང་གི་འགན་དབང་རང་གིས་བྱེད་པའི་མཐུན་ཕྱོགས་མནའ་འབྲེལ་རྒྱལ་ཁབ་མིང་དོན་མཚུངས་པ་ཞིག་དགོངས་པ་བཞེས་དགོས་ ”ཞེས་བཀོད་འདུག་པ་འདིས་འཛིན་སྐྱོང་དང་མི་མང་གཉིས་ཀར་གོ་བ་སྣ་ཚོགས་ཡོད་པ་དེ་བས་ཀྱང་བདེན་དཔང་བྱས་འདུག

ལྔ་པ། ༡༩༧༩ ལོའི་མཇུག་ནས་རྒྱ་ནག་དང་འབྲེལ་བ་གསར་དུ་མཐུད་པ་དེ་ ༡༩༩༣ བར་གནས་ཐུབ་ཡོད་ནའང་། བརྒྱུད་རིམ་དེའི་ནང་བརྒྱུད་ལམ་མང་པོ་དང་གྲོས་གཞི་སྣ་ཚོགས་བྱུང་པ། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་བོད་དོན་ལྟ་ཚུལ་དང་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ཕན་ཚུན་བར་ཇི་བཞིན་སྐྱེལ་ཐུབ་མིན་བཅས་ཀྱི་དཀའ་ངལ་བྱུང་བ་མ་ཟད། འབྲེལ་མཐུད་དུམ་བུ་དེའི་ཕར་སྤྲོད་ཚུར་ལེན་གྱི་ཡིག་འཇོག་དང་། བཀའ་མོལ་ཅི་གནང་གི་སྒྲ་བཤུས་ཏེ་ལོ་རྒྱུས་ཀྱི་དཔང་རྟགས་རང་བཞིན་གྱི་ཡིག་ཚགས་ཉར་མེད་པས།  ཕྱིས་ ༢༠༠༢ ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་འབྲེལ་མོལ་གྱི་སྲིད་བྱུས་གཏན་འབེབས་གནང་བ་དེ། ལོ་རྒྱུས་དང་དངོས་ཡོད་གཉིས་ཀར་འགན་འཁུར་ནས་གཏན་འབེབས་གནང་བ་མིན་ནམ་སྙམ་པ་རྣམ་དཔྱོད་ཅན་ཚོས་དཔྱད་པར་འཚལ། གཞན་དུ་སྐབས་དེར་པཎ་ཆེན་བཅུ་པའི་དགོངས་རྫོགས་མཆོད་སྤྲིན་དུ་ ༡༩༨༩། ༢། ༧། ཉིན་ནང་བསྟན་ཆོས་ཚོགས་ཀྱིས་མགྲོན་འབོད་བྱས་ཏེ་ཟླ་དེའི་ཚེས་ ༡༥ ཉིན་དགོངས་རྫོགས་མཆོད་འབུལ་ལ་ཆིབས་བསྒྱུར་གནང་རོགས་ཞུས་འདུག་པར་ཆིབས་བསྒྱུར་གནང་མ་ཐུབ་པའི་ཐད། ༸གོང་ས་ཆེན་པོས་དང་པོར་ཕེབས་འདུན་གནང་བ་དང་རྒྱ་ནག་གཞུང་གིས་མགྲོན་བརྡ་འབྱོར་བ་གཉིས་ཀ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཡིན་པར་ངེད་ནས་ངོས་འཛིན་བྱེད་ཀྱི་ཡོད།

དྲུག་པ། ༡༩༩༤ ལོའི་གསུམ་དུས་གསུང་འཕྲིན་ནང་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པའི་རྒྱུ་མཚན་ལ་བོད་མི་ཚོས་རྒྱབ་སྐྱོར་བྱས་པར་དགའ་བསུ་དང་སྦྲགས། ད་བར་ལོ་བཅུ་བཞིའི་རིང་དེར་གྲོས་མོལ་དོན་དང་ལྡན་པའི་གྲུབ་འབྲས་མ་བྱུང་ཞེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བར། དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོན་པར་གོ་བ་བླངས་ནས་བཙན་བྱོལ་གྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ལས་འགུལ་བོད་བསྐྱོད་ཞི་བའི་གོམ་བགྲོད་1ཅིག་མགོ་འཛུགས་བྱས་པ་དེར་སེར་སྐྱ་རྒན་གཞོན་ཁྱོན་ ༥༠༨ ལྷག་ཙམ་བྱུང་། ལས་འགུལ་དེ་སྤེལ་དོན་ནང་”གཞིས་བྱེས་བོད་མི་རྣམས་འདི་མུར་སྡོད་ཐབས་འབད་བྲལ་གྱི་འཛམ་གླིང་སྤྱི་དང་། བྱེ་བྲག་རྒྱ་དཀར་ནག་གི་མི་མང་ནས་བོད་མིའི་རང་བཙན་སླར་གསོའི་བདེན་རྒྱབ་འབོད་སྐུལ་ཡོང་སླད་ལས་འགུལ་སྣ་ཚོགས་སྤེལ་འཆར་ཁོངས་ནས་དང་ཐོག་ལྡི་ལི་ནས་ལྷ་ས་བར་ཞི་བའི་གོམ་བགྲོད་བྱ་རྒྱུ་གཏན་འཁེལ་ཟིན་ཡང་” 2སོགས་འཁོད་འདུག༼ གོ་བརྡ་མི་འཕྲོད་པ་ཡོད་ཀྱང་ཇི་བཞིན་བཀོད་པ་ལས་བཅོས་མེད། ༽

བདུན་པ། དབུས་གཙང་ཆོལ་ཁའི་ཚོགས་འདུའི་ཐོག་མགོ་བསླངས་པའི་ཞི་བའི་གོམ་བགྲོད་འདིར་ཚོགས་ཐོག་དེ་ག་རང་ནས་”རང་སྲོག་འདོར་ནུས་ཀྱི་དང་བླངས་མི་གྲངས་ ༡༧༠ བྱུང་” 3བ་སོགས་ཀྱིས་མགོ་འཛུགས་སྐབས་སྐད་གྲགས་ཆགས་པ་མ་ཟད། རྒྱ་ཕྱོགས་ནས་ཀྱང་ལམ་དུ་མི་འགྲོ་ཆེད་ལས་དོན་སྣ་ཚོགས་བརྩམས་ཚུལ་གསལ། ༸གོང་ས་མཆོག་གིས་སྔ་ཕྱིར་ཀྲེབ་འཁོར་དང་ཡིག་ཐོག་ནས་ཁོང་ཉིད་བོད་ཀྱི་དབུ་ཁྲིད་ཡིན་པའི་འགན་བབ་ལྟར་ལམ་སྟོན་གནང་སྟེ་མཐའ་མའི་ཐག་གཅོད་ཞི་བའི་གོམ་བགྲོད་པ་ཚོར་གནང་། གོམ་བགྲོད་པ་ཚོས་གྲོས་བསྡུར་བྱས་མཐར་གོམ་བགྲོད་འགྱུར་བ་བཏང་སྟེ་ངྷ་ས་ནས་ལྡི་ལིར་བསྐྱོད་རྒྱུ་དང་དུས་ཚོད་སྨིན་མཚམས་ལས་འགུལ་སྤེལ་རྒྱུའི་དམ་བཅའ་བརྟན་པོ་བཞག  ༩༥ ལོའི་གསུམ་དུས་ཉིན་མགོ་བཙུགས་ཏེ་༸གོང་ས་མཆོག་གངས་སྐྱིད་བར་དུ་༼ཞབས་ཐང་༽གོམ་བགྲོད་དུ་ཕེབས་པ་དང་། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཤཱན་ཏ་ཀུ་མར་མཆོག་ནས་བོད་རང་བཙན་གྱི་གཏམ་བཤད་སྙིང་སྟོབས་གྱེན་དུ་འཕྱོ་བ་གནང་བ་བཅས། སྐབས་དེའི་བཙན་བྱོལ་མི་མང་རྩ་དོན་ཐད་རྦ་རླབས་འཕྱུར་བ་ལྟར་གྱི་ཚོར་ཤུགས་དང་འགན་ལེན་བྱས་པ། དེར་རྒྱལ་སྤྱི་དང་རྒྱ་ནག་གིས་དོ་སྣང་དམིགས་བསལ་བྱུང་བ་བཅས་ཕྱོགས་གང་ནས་བལྟས་ཀྱང་བོད་དོན་དྲིལ་བསྒྲགས་ཀྱི་ངོས་ནས་བཤད་ན་ད་བར་བཙན་བྱོལ་ནང་ལས་འགུལ་འདི་འདྲ་རླབས་ཆེ་བ་ཞིག་བྱུང་མི་འདུག འོན་ཀྱང་སྐབས་དེར་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་ཕྱིན་མེད་ཀྱང་། གཞུང་འབྲེལ་མིན་པའི་ཚོགས་པས་སྣེ་ཁྲིད་དེ་མི་མང་དང་བླངས་ངང་ཐོན་པའི་ལས་འགུལ་དེ་ནི་” བོད་ཀྱི་བདག་པོ་བོད་མིར་རྩིས་སྤྲོད་ཡོང་སླད་4 ”ཡིན་སྟབས། སྐབས་དེའི་མི་མང་གི་ལས་འགུལ་རླབས་ཆེན་པོ་དེ་དབུ་མའི་ལམ་གྱི་དགོངས་དོན་དང་མཐུན་མེད་པ་མ་ཟད། མི་ཚང་མ་ཚོར་བས་མེ་འབར་བ་ཡིན་ཙང་སྔ་གཞུག་གི་གནད་དོན་ལ་དབྱེ་ཞིབ་གནང་མི་འདུག

བརྒྱད་པ། ༡༩༩༥ ། ༩༦  ལོའི་གསུམ་དུས་གསུང་འཕྲིན་ནང་འབྱུང་འགྱུར་ལངས་ཕྱོགས་ཅི་དགེ་མང་མོས་ཐག་གཅོད་འོས་བསྡུ་དགོས་རྒྱུ་ཕེབས་པ་བཞིན། འོས་བསྡུ་མ་དགོས་པར་མི་མང་བརྒྱ་ཆ་ ༦༤ བརྒལ་བས་༸གོང་ས་མཆོག་གིས་ཐག་གཅོད་གནང་སྐྱོང་ཡོང་བར་ནན་སྐུལ་ཞུས་པ་ལྟར།  ༩༧ ལོར་གྲོས་ཚོགས་ནང་སྤྱི་མོས་གཏན་འབེབས་གནང་ཐུབ་པ་བྱུང་ཡང་། མང་མོས་ཐག་གཅོད་འོས་བསྡུ་དགོས་རྒྱུ་ཕེབས་དོན་སྐབས་དེའི་དཀྲུགས་ཤིང་རྒྱག་མཁན་ཚོའི་བྱེད་བབ་ལ་བརྟེན་ནས་མ་གཏོགས། ༸གོང་ས་མཆོག་རང་གི་ཐུགས་འདུན་ལ་གཞིགས་ན་དེ་ལྟར་བཀའ་གནང་དོན་མེད་པ་གཤམ་འོག་ནས་གསལ་རྟོགས་མ་ཐུབ་པས་མི་མང་ནང་དབུ་མའི་ལམ་དུ་འགྲོ་དང་མི་འགྲོའི་གླེང་ཕྱོགས་རྒྱ་ཁྱབ་དུ་བསྐྲུན་པ་དེས་གཞི་རྩའི་ཆ་ནས་སྲིད་བྱུས་རང་ལ་བཅངས་པའི་ཡིད་ཆེས་ཀྱི་སྣང་བརྙན་མོག་པོར་བྱས་ཡོད།

དགུ་པ། ༡༩༩༧ ནས་ ༢༠༠༡ བར་གྱི་འཛིན་སྐྱོང་གི་ཆབ་སྲིད་བསྒྲགས་གཏམ་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པའི་སྡིངས་ཆ་སོགས་སུ་སྤེལ་བའི་སྐབས་དེའི་ཡིག་ཆ་རྣམས་སུ་རང་བཙན་རྩོད་ཀྱི་མེད་པའི་ཆབ་སྲིད་ཚིག་འགྲོས་རྩལ་དུ་ཐོན་པ་ཞིག་མེད་ཁར། སྐབས་དེ་དུས་ཀྱི་གཞུང་གིས་འཛིན་པའི་ལངས་ཕྱོགས་དང་མི་མཐུན་པའི་གཏམ་བཤད་བསྒྲགས་གཏམ་སྤེལ་བ་སོགས་ནི་བློ་ལྡན་དག་གིས་གཟིགས་ན་ཤེས་ནུས་པས་འདིར་ཡིག་ཚོགས་ལ་འཇིགས་ནས་རེ་རེ་བཞིན་མ་དྲངས། མདོ་དོན། ༡༩༧༤ ནས ༢༠༠༡ བར་ཅུང་སྤོམ་ཚིག་དང་བཅས་ཏེ་སྡོམ་ཚིག་ལྟ་བུར་ཞུས་ཆོག་པ་ཞིག་ནི། ༸གོང་ས་མཆོག་གི་དགོངས་གཞི་མ་རྟོགས་པ་དང་། ཇི་ལྟར་རྟོགས་ཀྱང་ཚུལ་བཞིན་སྒྲུབ་བརྩོན་གནང་མི་འདུག་ཅེས་བཤད་ན། དབུ་མའི་ལམ་གྱི་འཕྲིན་ལས་ཆེས་ཆེར་རྒྱས་དུས་ཀྱི་རྒྱགས་གཏམ་ཙམ་དུ་ཟད་ཅེས་མཐོང་ཆུང་བྱེད་སྲིད་མོད་ཞིབ་ཏུ་བསམས་ན་བློ་ལ་འབབ་རྒྱུ་ཞིག་ཡོད་ཅིང་། ཕྱིས་སུ་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་འབྲེལ་མོལ་བསྐྱར་མཐུད་སྐབས་རྒྱ་ནག་གི་དབུ་ཁྲིད་ཚོས་སྔ་མོར་བྱུང་བའི་འབྲེལ་མོལ་སྐབས་ཀྱི་ཚིག་ཐོའི་ནང་དོན་བཤད་སྐབས། ཧང་སངས་དགོས་པའི་གནས་ཚུལ་ཡོད་པ་དེས་བདེན་དཔང་བྱེད་ཐུབ་སྙམ།

བཅུ་པ། ༢༠༠༢ ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་གཞུང་གི་བྱེད་སྒོ་རྣམ་གསུམ་རྩལ་འདོན་བྱས་ཡོད་ནའང་། གཞུང་འབྲེལ་གྱིས་ཆེད་མངགས་དེའི་གོ་རྟོགས་སྤེལ་རྒྱུར་ལས་བྱེད་གང་མང་གསོ་སྐྱོང་གིས་གཞིས་ཆགས་ཁག་ལ་དུས་ནས་དུས་སུ་གོ་བརྡ་གསལ་བོ་ཞིག་སྤྲོད་ཐུབ་རེ་ཆེ་མོད། ཕྱི་དྲིལ་དབུ་མའི་ལམ་གྱི་ལས་བྱེད་གནས་བབ་ད་བར་ཡར་རྒྱས་ཕྱིན་མེད་ལ། ༢༠༠༥།༧།༡༧ ཉིན་བཀའ་ཤག་སྐབས་བཅུ་གསུམ་པས་གཞུང་ཞབས་གསོལ་ཚིགས་ཁང་གི་ཡང་སྟེང་དུ་གཞུང་ཞབས་ཚོའི་དབུ་མའི་ལམ་གྱི་གནས་ཚད་ཡར་རྒྱས་གཏོང་དགོས་པར་ནན་བརྗོད་གནང་ཡོད་པ་མ་ཟད། སྐབས་དེར་བཀའ་ཁྲི་མཆོག་གིས་” དོན་དམ་དུ་དབུ་མའི་ལམ་གྱི་ངོ་སྤྲོད་དང་གསལ་བཤད་ལོ་ ༢༦ གོང་ནས་བྱེད་ཐུབ་པ་ཞིག་དང་། བོད་མི་མང་ཚོགས་ནས་དབུ་མའི་ལམ་གྱི་གནས་ཚུལ་རགས་པ་ཙམ་ར་འཕྲོད་པ་བཟོ་དགོས་པའི་གནས་སྟངས་རེད། ཡིན་ནའང་དེ་བཟོ་ཐུབ་མེད་ཅེས་༼ སྐབས་ ༡༢ པའི་བཀའ་ཁྲི་གནང་སྐབས་གསུང་བཤད་དང་ལམ་སྟོན་གལ་ཆེ་ཕྱོགས་བསྡུས། VoL2 ཞེས་པའི་ཤོག་ངོས་ ༤༠༦ གསལ། ༽ ཕེབས་འདུག

བཅུ་གཅིག ༢༠༠༨ ལོར་༸གོང་ས་མཆོག་གི་སྐུ་ཚབ་ཀྱིས་དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་ནང་དོན་ཞིབ་ཚགས་རྒྱ་ནག་གཞུང་ལ་སྤྲད་པར། རང་ཕྱོགས་ཀྱི་དཀྲུགས་ཤིང་གི་ཆེད་དུ་མི་ལུས་བླངས་པ་ལྟ་བུ་རེ་གཉིས་ཀྱིས་ཆེད་དུ་”གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་”ཞེས་དཀྲོག་གཏམ་སྣ་ཚོགས་བཟོས་ཏེ་རྒྱ་ནག་གི་ངོས་ལེན་བྱེད་འདོད་མེད་པའི་ལན་འདེབས་བྱེད་རྒྱུར་མཐུན་འགྱུར་བྱས་པ། འཕོས་མ་ཐག་པའི་གཞོན་ནུའི་སྐབས་གཉིས་ཀྱི་མགོ་གཙོ་གཉིས་ཕྱོགས་གྱེས་ཀྱིས། རྩ་དོན་དང་འབྲེལ་མེད་ཀྱི་ལས་དོན་ཆོ་མེད་སྣ་ཚོགས་ཀྱིས་སྤྱི་ཚོགས་བག་མི་ཕེབས་པར་བཟོས་པ། གཞན་ཡང་སྟོང་ལོ་གསར་པའི་ནང་བཀའ་ཟུར་ལྷན་ཚོགས་ཀྱི་ཚོགས་འདུ་དེས་ཀྱང་སྤྱི་ཚོགས་ནང་སྐད་ཆ་བཟོས་པ་དང་ཚགས་ཤོག་སོགས་སུ་དང་བླངས་ཀྱིས་བཅའ་འདྲི་སྤྲད་པ། གྲོས་ཚོགས་འཐུས་མི་རེ་ཟུང་གིས་༸གོང་ས་མཆོག་དང་བཀའ་ཤག་གི་དབུ་མའི་ལམ་ཞེས་བཤད་པ་སོགས་ནི་མདོ་དོན་སྙིང་བོར་དབུ་མའི་ལམ་གྱི་སྲིད་བྱུས་ལ་དོན་འབྲས་འབྱུང་རྒྱུར་འགོག་རྐྱེན་དུ་སོང་ཡོད།

བཅུ་གཉིས་པ། གོང་དུ་བརྗོད་ཟིན་པ་ལྟར་བཙན་བྱོལ་བོད་མིའི་སྙིང་སྟོབས་དང་སེམས་ཤུགས། བློས་གཏོང་རྣམས ༡༩༥༩ ལོའི་སྐབས་ལྟར་དགུ་བཅུ་གོ་གྲངས་བར་གནས་ཡོད་ནའང་། དེའི་རྗེས་གཞི་རིམ་བཙན་བྱོལ་བོད་མི་ཚོས་མཐོ་རིམ་དཔོན་རིགས་རེ་འགའ་ལྟར་ནང་མི་ཚང་མ་ཕྱི་རྒྱལ་དུ་འགྲོ་རྒྱུར་འབད་བརྩོན་བྱས་པ་མ་ཟད། བཀའ་ཤག་ནས་ཆེད་མངགས་”བོད་མི་ཆིག་སྟོང་གཞིས་བསྐྱོད་”ཟེར་བ་ལྟ་བུའི་ལས་འགུལ་བརྩམས་ཏེ། གཞིས་ཆགས་རྣམས་ཁ་འཐོར་ཡ་བྲལ་དུ་བཏང་སྟེ་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་དེང་སང་ཕྱི་རྒྱལ་དུ་བསྐྱོད་ཕྱིར་བོད་མིའི་སྐྱེ་བ་བླངས་པ་འདྲ་བའི་གནས་སྟངས་ཡི་མུག་པ་འདི་བྱུང་ཞིང་། དེའི་ཉེར་ལེན་གྱིས་བོད་མིའི་སྲིད་འབྱོར་རིག་གསུམ་གང་དུའང་ལྟ་ས་རྟེན་ཡུལ་བྲལ་བ་ཞིག་ཆགས་འགྲོ་ཡི་ཡོད་པ་མ་ཟད། བོད་མིའི་ངོ་རྟགས་རིགས་རུས་དང་བཅས་པ་ཉམས་བཞིན་པ་ལག་པ་དང་ཁར་བཞག་ན་༸གོང་ས་ཆེན་པོ་དང་གཞིས་ལུས་མི་མང་ལ་ངོ་ནོངས་དགོས་པ་ཞིག་ཡིན་ཡང་བཤད་ནས་ཅི་ཕན།

བཅུ་གསུམ་པ། ༸གོང་ས་རྒྱལ་མཆོག་ཐམས་ཅད་མཁྱེན་པ་ཆེན་པོས། དྲུག་ཅུ་རེ་གྲངས་ནས་རྒྱ་རིགས་དང་འབྲེལ་མཐུད་དགོས་གནད་ཕེབས་པ་ད་དུང་ཡང་མཚམས་བཞག་མྱོང་མེད་ཀྱང་། བཀའ་སྤྱི་གཉིས་ཀྱིས་མཚོན་པའི་དབུ་འོག་འགན་ཡོད་ཚོས་”འཚེ་མེད་ཞི་བ་གྲོས་མོལ་གྱིས་དཀའ་ངལ་སེལ་བའི་”དགོངས་གཞི་ལེགས་འགྲུབ་བྱ་རྒྱུར་དེ་ཙམ་ཞབས་འདེགས་ཁུར་དུ་བླངས་མི་འདུག་ཅིང། ལྷག་པར་བོད་ནས་གསར་དུ་འབྱོར་བའི་རིགས་ལ་ཡང་དག་པའི་སྲིད་བྱུས་ཤིག་འཛིན་མ་ཐུབ་པ་དེས། རྒྱ་རིགས་འབྲེལ་མཐུད་དུས་ལྟར་དོན་འཁྱོལ་མ་སོང་པ་མ་ཟད། གཞུང་ཞབས་ཀྱི་སྤུས་ཚད་དང་སློབ་གྲྭ་ཁག་གི་ཤེས་ཡོན། དྲང་པོའི་ལམ་ནས་རང་ཁ་རང་གསོ་བྱེད་ཕྱོགས། གཞིས་དང་བྱེས་ཀྱི་གཞི་རིམ་བོད་མི་ཚོས་སོ་སོའི་གནས་སྟངས་རྒྱུས་ལོན་ཡག་པོ་མ་ཐུབ་པ་བཅས་ཀྱི་འཐུས་ཤོར་ལས་བོད་མི་མི་ཉུང་བར་རང་བཞིན་གྱིས་རྩ་དོན་ལ་དོ་སྣང་བརླག་པ་དང་བྱེད་མི་འདོད་པ་ཆགས་པ། དེ་བཞིན་རང་གི་གཞུང་དང་སྒྲིག་འཛུགས་ལ་ཡིད་ཆེས་དང་ཤ་ཞེན། བརྩེ་བ་སླེབས་མ་ཐུབ་པ་བཅས་ནི་མ་འོངས་བོད་ཀྱི་མདུན་ལམ་སྟེང་གེགས་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད།

བཅུ་བཞི་པ། གསུམ་བཅུའི་དུས་དྲན་ལས་འགུལ་གྱིས་མཚོན་གཞུང་འབྲེལ་ལས་འགུལ་གང་སར་མཛད་སྒོར་གཟབ་འཆོར་སྤྲས་པ་ཙམ་ལས་ད་བར་གཞུང་མང་མཉམ་འབྲེལ་གྱིས་གཞི་རྒྱ་ཆེ་བའི་དབུ་མའི་ལམ་གྱི་ལས་འགུལ་གཅིག་ཀྱང་སྤེལ་ཐུབ་མེད། མི་མང་གི་སྐད་འབོད་ཁྲོམ་བསྐོར་བྱེད་ཕྱོགས་ལ་གཞུང་གི་སྲིད་བྱུས་དང་མཐུན་པའི་གཅིག་གྱུར་མཚོན་རྟགས་ཡོད་པའི་བཀོད་ཁྱབ་ནན་པོ་མ་གནང་བས། བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་འགུལ་སྤེལ་སྟངས་ར་མ་ལུག་དངོས་གནས་དེ་ཆགས་ཤིང་། དེ་ལ་བརྟེན་ནས་གཞི་རིམ་མི་མང་གི་ཆབ་སྲིད་ལས་འགུལ་སྤེལ་སྐབས་ཀྱི་ཁུར་ལེན་སྟངས་ལ་ཚོད་དཔག་གིས་ཁ་གཏད་ནས་དེར་བསྟུན་གྱི་ཡ་ལན་བྱེད་པ་གསལ་བོ་རེད། ༸གོང་ས་ཆེན་པོས་ཀྱང་ ” བོད་མིའི་གཤིས་ཀ་རང་ལ་ཚུར་གཉའ་ལ་མ་བབས་པར་ཡམ་ཡོམ་ངང་འཁྱོལ་ཐུབ་བྱེད་པ་དང་། རང་གི་གཉའ་ལ་བབས་དུས་མེས་འཚིགས་པ་ནང་བཞིན་བྱེད་ཀྱི་འདུག ” ཅེས་སྤྱི་སྡོམ་མཛད་པ་ནི་ཅི་འདྲའི་དོན་ལ་གནས་པ་ཞིག་ཡིན་ཨང་།

བཅོ་ལྔ་པ། ༸གོང་ས་ཆེན་པོས་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་འགན་དབང་ཆ་ཚང་རྩིས་སྤྲོད་གནང་རྗེས། ཆབ་སྲིད་ཐད་གལ་གནད་ཆེ་བའི་རང་སྲེག་སོགས་ལ་བཅར་འདྲི་གནང་སྐབས་ཀྱང་”ངོས་རང་ཤི་བ་ནང་བཞིན་འདུག་གི་ཡིན་”ཅེས་བཀའ་ཕེབས་ཏེ་ཐུགས་རེ་ཡོད་ཚད་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་གཏད་ཡོད་ཀྱང་། ཉེ་བའི་ལོ་གཅིག་གཉིས་ནང་ལ་དྭགས། ཨི་ཌ་ལི། ས་ལུ་གྷར་སོགས་སུ་ཐུགས་ཕམ་ཚད་མེད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ནན་བརྗོད་གནང་པ་ནི་འཛིན་སྐྱོང་ནས་ལས་འགན་སྒྲུབ་ནུས་ཡོད་པ་རྣམས་ཏག་ཏག་མ་སྒྲུབ་པས་ཡིན་སྟབས། ད་བར་རྒྱ་ཕྱོགས་ནས་ཀྱང་ཡ་ལན་རྣམ་འགྱུར་སྤུ་རྩེ་ཙམ་ཡང་མ་བསྟན་པར། བོད་མིའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་རང་སྲེག་ལས་འགུལ་འདི་འདྲའི་ཛ་དྲག་གི་སྐབས་སུའང་། འབྲེལ་མོལ་གནང་རྒྱུ་ལྟ་ཞོག ངྷ་རམ་སཱ་ལར་བོད་མིའི་རང་དབང་རྩོད་པའི་སྒྲིག་འཛུགས་ཤིག་ཡོད་མེད་ཀྱང་ཤེས་ཀྱི་ཨེ་ཡོད་བསམས་བསམས་ཤིག་འདུག་པ་འདི་ནི། ༸རྒྱལ་བའི་དགོངས་པ་དང་དམ་པའི་རྗེས་སུ་མ་འབྲངས་པ། དབུ་མའི་ལམ་ལ་ཧུར་ཐག་འབད་ཐག་དང་། ལྷག་བསམ་རྣམ་དག་ཐབས་ཤེས་ཡོད་དགུ་རྩལ་དཀྲུགས་མ་བྱས་པས་ཡིན་པ་ས་རིས་ཐང་གསལ་རེད།

བཅུ་དྲུག་པ། བཀའ་ཤག་གསར་པའི་འབྲེལ་མོལ་ཐད་དེ་ཙམ་རྣམ་འགྱུར་གསལ་སྟོན་གནང་མ་ཐུབ་པ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨམ་སྐད་སྡེ་ཚན་གྱི་གསར་འགོད་པ་ཞིག་གིས་བཅར་འདྲི་ཞུ་སྐབས། ”སྐུ་ཚབ་བསྐོ་བཞག་བྱེད་དགོས་མིན་ལྟ་ཡི་ཡིན་”སོགས་བཀའ་ཤག་གི་མགོ་པས་གསུངས་ཡོད། དེ་བཞིན་བར་སྐབས་སྐབས་འཚོལ་པ་མི་ཉུང་པས་དབུ་མའི་ལམ་ཐད་བཤད་ཡམས་སྤེལ་པར༸གོང་ས་ཆེན་པོས་མི་མང་ལ་ལམ་སྟོན་ནན་བརྗོད་གནང་དགོས་ཐུག་པ་གོང་གསལ་ལྟར་དང་། ཐའེ་ཝན་བོད་རང་བཙན་རྒྱབ་སྐྱོར་པར་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་མཇལ་འཕྲད་ཞུས་པ་སོགས་ནི་འགན་བབ་དང་མི་མཐུན་ལ། དབུ་མའི་ལམ་རྒྱུན་སྐྱོང་གནང་རྒྱུར་དམ་བཅས་ཏེ་འོས་ཤོག་ཐོབ་པའི་མི་མང་གི་ཐུགས་རེ་ལའང་གཏན་ནས་མཐུན་ཐབས་མེད།   འབྲེལ་མོལ་ཡོང་ཐབས་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཉག་གཅིག་ལ་བརྟེན་ནས་༸གོང་ས་མཆོག་གི་སྐུ་ཚབ་མཉམ་གནང་དགོས་སྟབས་གྲ་སྒྲིག་ཨང་གསར་གྱིས་ཁ་གསལ་པོས་རྒྱ་ནག་གཞུང་ལ་རེ་འདུན་ཞུ་དགོས་ཀྱང་དེ་ལྟར་གནང་མེད་པ་ཡིག་ཆ་ཁག་ཏུ་གསལ་བོ་རེད། ༢༠༡༣ ལོའི་འཁྲུངས་སྐར་གཏམ་བཤད་ནས་ཚིག་གསར་པ་ཞིག་སྟེ་”དང་པོར་ནུས་ཤུགས་ཕྱོགས་སྒྲིལ། བར་དུ་ལས་འགུལ་སྤེལ་རྒྱུ། མཐའ་མའི་འབབ་ས་འབྲེལ་མོལ་ཟེར་བ”་ཞིག་བཟོས་གནང་སྟེ་འབྲེལ་མོལ་གྱི་ཆོད་སེམས་བསྟན་ཡང་དེས་མི་རྣམས་མགུ་མི་སྲིད། བཀའ་ཤག་གིས་འབྲེལ་མོལ་དང་སྐུ་ཚབ་ལ་ལྟ་སྟངས་སྐོར་སྐུ་ཞབས་ཀྲུའུ་ཝེ་ཆོན་གྱིས་”སྤྱིར་སྐུ་ཞབས་རྒྱ་རི་བློ་གྲོས་དང་ངེད་གཉིས་ཀྱི་ལྟ་བ་གཅིག་མཐུན་མིན་མོད། འོན་ཀྱང་ངས་ཁོ་ལ་བརྩི་བཀུར་ཆེན་པོ་བྱེད་ཀྱིན་ཡོད། ཁོ་ནི་དོན་དངོས་སུ་བློ་བཟང་སེང་གེ་སོགས་ཀྱིས་གྲོས་མོལ་གོ་གནས་ནས་མཐར་བསྐྲད་པ་རེད།”ཅེས་བཤད་ཡོད། སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་དྲུག་སྟེང་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་བཀའ་ཤག་གི་གསལ་བསྒྲགས་ཁག་དང་ཐག་གཅོད་རིགས་ལ་བཀའ་ཤག་ལྷན་རྒྱས་གྲོས་བསྡུར་ལྷུག་པོ་གནང་དགོས་པ་རྒྱ་ཁྱབ་ཀྱིས་བཀའ་གནང་ཡོད།

བཅུ་བདུན་པ། བོད་ཀྱི་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་གནས་དགོས་ཤིང་། སྒྲིག་འཛུགས་ཀྱི་རྟེན་ཡུལ་གཙོ་བོ་གཞིས་ལུས་བོད་མི་ཚོས་ལ་ཚུར་རྒྱབ་ལ་བཅངས་པའི་ཡིད་ཆེས་ཁོ་ནར་ཐུག་ཡོད། འོན་ཀྱང་། འདི་ནས་ད་དུང་མུ་མཐུད་”བོད་མི་ལྔ་སྟོང་ཨ་རིར་གཞིས་བསྐྱོད་”ཟེར་བར་ཨུ་ཚུགས་བསྐྱོན་ཏེ་ཁ་འཐོར་ཡ་འཐོར་བཏང་བ་ཡིན་ན། ད་ལྟའི་བཙན་བྱོལ་བོད་མི་ཚོའི་སྤུས་ཚད་ལ་བལྟས་ན་འཇིགས་སུ་རུང་པའི་ཁོར་ཡུག་གི་དབང་བསྒྱུར་ཁ་གཏད་ནས་བོད་ཀྱི་ངོ་བོ་འཛིན་པའི་ནུས་སྟོབས་མེད་པ་ཧ་ཅང་གསལ་བོ་ཡིན་ཁར། ཉེ་བའི་ལོ་གཅིག་གཉིས་ནས་སྣེ་ལེན་ཁང་ནས་མགོ་བཙུགས་ཏེ་ཆོས་སྡེ་ཁག་གི་གྲྭ་རྒྱུན། སློབ་གྲྭ་ཁག་གི་སློབ་མ་བཅས་བོད་ནས་ཡོང་མཁན་མེད་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་ཡོད། ཛ་དྲག་གི་སྐབས་མགོ་ཁྲིད་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་རྣམས་རང་ལ་འོས་ཤོག་ཐོབ་ཆེད་དུ་གནང་པ་དང་། ཡང་ན་གཞིས་ལུས་བོད་མི་གཙོས་བོད་མི་ཚོའི་འཐབ་རྩོད་སྙིང་སྟོབས་གསོན་པོར་འཛིན་མི་ཐུབ་པའི་གནས་བབ་ཅིག་ཏུ་གྱུར་མཚམས། ཉིན་དེ་ནས་བཙན་བྱོལ་སྒྲིག་འཛུགས་འཐོར་ཟིན་པར་ངོས་འཛིན་བྱས་ཆོག་པས། ལྟོ་གོས་ཀྱི་དཀའ་ངལ་གཙོ་བོར་འཛིན་པའི་ཅོལ་ཆུང་རིང་ལུགས་པ་དང་། མི་རིགས་ཀྱི་ཁྱད་ནོར་ངོས་མི་ཟིན་ཞིང་། གང་ཅིར་བཟོད་བསྲན་སྙིང་རུས་བྲལ་པའི་འཐབ་རྩོད་པ་རྫུན་མ་ཞིག་མི་བྱེད་རྒྱུར་དབུ་ཁྲིད་ཚོས་ངེས་པར་དུ་མི་རབས་གསར་པར་འགན་འཁུར་དགོས་པ་རེད་ལ། གནད་དོན་འདིར་ཕྱག་ལས་ཁ་ཚ་དགོས་གཏུག་མ་གནང་དུས་ད་ལྟ་ཉེན་ཁ་ཆེན་པོའི་མགོ་བཙུགས་ཟིན་པ་མཐོང་གསལ་རེད།

བཅོ་བརྒྱད་པ། འཐུས་ཤོར་འདི་དག་ཐམས་ཅད་ལས་ཀྱང་ཚབས་ཆེ་བ་ཞིག་ནི། བོད་མི་རེ་ཟུང་གིས་དམངས་གཙོའི་འགྲོ་ལུགས་དང་མི་མཐུན་ཁར། རྒྱུ་མཚན་ཡང་དག་གི་སྒྲུབ་བྱེད་ཀྱིས་ཕོངས་བཞིན། བོད་ཀྱི་ལེགས་བྱང་གིས་བསྐྱེད་པའི་བཟང་པོའི་གོམས་གཤིས་དང་གཏན་འགལ་དུ་གྱུར་བའི་ངང་༸གོང་ས་ཆེན་པོར་མཚན་སྨོད་ཟུར་ཟ་བྱེད་པ་འདི་རེད། ༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་ཡང་དག་པའི་ལམ་སྟོན་དང་དགོངས་གཞིར་རྒྱུ་མཚན་ལྟར་སྣང་གི་ལོག་འགྲེལ་གྱིས་སྤྱི་ཚོགས་བག་མ་ཕེབས་པར་བཟོ་པ། ཡང་ན་གང་གི་དགོངས་གཞི་དང་ལམ་སྟོན་ཡང་དག་དང་ཚད་ལྡན་མ་རེད་མདོག་མདོག་བྱེད་པ་བོད་མི་རེ་ཟུང་གི་བྱེད་བབ་འདི་ནི་ཆོལ་གསུམ་ཆིག་སྒྲིལ་གྱི་རྨང་གཞི་སླར་ཡང་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་ཁོ་ནར་ཟད་ཅིང་། ༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་ལམ་སྟོན་ཁག་དང་བྲལ་བའི་བོད་མིའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱ་རྒྱུ་ལས་རང་ཉིད་སྤྱི་ཚོགས་དེ་དང་དམིགས་ཡུལ་དེ་ལྟར་འཛིན་པ་དག་དང་འབྲེལ་མཚམས་གཅོད་ངེས་པ་བོད་མི་བརྒྱ་ཆ་དགུ་བཅུ་གོ་གྲངས་ལ་དམ་བཅའ་བརྟན་པོ་ཡོད་པ་བཞིན། མི་རེ་ཟུང་གི་ལོག་སྤྱོད་འོག་དུས་ནམ་ཡང་ཚུད་མི་ཉན་པ་ནི་གནད་ཀྱི་དོན་པོ་དང་མི་རེ་ཟུང་དེས་ནམ་ཡང་བོད་ལ་བདེ་སྐྱིད་ཅིག་བསྐྲུན་མི་ཐུབ་པའང་ཤེས་དགོས་པའི་གནད་དུ་མཐོང་།

མཇུག་ཏུ་ལོ་ངོ་བཞི་བཅུར་ཉེ་བའི་འཐུས་ཤོར་རྣམས་འདི་ལྟར་ཡི་གེར་བཀོད་མཚམས། ངེད་ལ་སེམས་ཁྲལ་ཕྲན་བུ་བྱུང་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་བྱུང་རབས་ལ་རྒྱུས་མངའ་མེད་མཁན་ཚོར་གོ་ལོག་འདྲ་ཨེ་འབྱུང་བསམས་པ་དེ་རེད། ཡིན་ནའང་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་འདི་དག་ཅི་ཙམ་རིན་ཐང་གཞལ་མེད་ཡིན་པ་དང་གང་གི་གདུལ་བྱ་བོད་གཞིས་བྱེས་མི་མང་གི་གནས་བབ་གང་དུ་འགྱུར་མིན་ལ་བསམ་གཞིགས་ཀྱིས་གཉིད་ཀྱང་བོར་བའི་སྤྲང་འཁྱམས་པ་ཆོས་ལུགས་ཀྱི་ཕྱོགས་རིས་དང་ལུང་ཚན་གྱི་ཆགས་སྡང་མ་འཇོན་པས་ངྷ་སའི་ཆེ་རྒུའི་མི་གྲལ་ནས་བུད་པ་རེབ་གོང་པ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་ལས་ཞོར་དང་འུག་སྐད་མུན་པར་འདྲེས་པའི་སྐལ་བར་འཐམས་ཏེ་མཇུག་གྲུབ་པ་བགྱིས་ཁུལ་བྱས་པའི་ཚུལ་འདིའི་ཚིག་དོན་གཉིས་ཆར་འཛོལ་བ་ཅི་འཚལ་མཁྱེན་སྤྱན་ཡངས་པ་དག་གིས་ཐེར་དུ་འདོན་པར་ཞུ་ཞུ།། །།

༢༠༡༣། ༡༡། ༡༥། དགུང་མོར།། མངྒ་ལམ། །

འབྲེལ་ཡོད་གསར་འགྱུར།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

སྐར་མ ༢༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

སྐར་མ ༥༦ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

༢༠༢༥/༠༥/༠༨
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧

མཆན། 9

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    ལུང་ཁུངས་བང་རིམ་བསྒྲིགས་པ་ཡག་པོ་འདུག བསམ་ཚུལ་དེ་ཚོ་བསམ་རེད། དཔྱད་མཆན་ནང་སྲོག་གི་འཇིགས་སྐུལ་བྱེད་མཁན་ཚོའི་ཁ་ལ་དྲག་བསྔགས་མཐུ་ཡིས་སྒྲུབ་པའི་གཏོར་མ་རྒྱོབ།

    Reply
  2. གནས་ཚང་། says:
    ལོ་ 11 སྔོན།

    ཨོ་སི་ཁྲི་ལི་ཡའི་བོད་རིགས་སྤུན་ཟླའི་ཚོགས་པའི་ཚོགས་གཙོ་སྐུ་ངོ་དཔལ་འབྱོར་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་ལེན་ནང་བསྟར་ཀྱིན་པའི་ཁོང་གི་རྗེས་སུ་འབྲངས་རན་མེད་དམ། ཡང་ན། དར་དམར་ཚོགས་པ་ཞིག་འཛུགས་རན་ཡོད་པ་འདྲ། གང་ལྟར་གཞུང་ཡོག་མ་རེད། མང་གཙོ་དགོས་ཀྱི་མ་རེད། རང་དབང་རྩོད་ཀྱི་མ་རེད། པེ་ཤག་ཁོ་ན་སུས་ཀྱང་རྩོད་ཆོག་གི་རེད། བོད་ནང་ཕན་ཐོགས་རེ་འགའ་ཡོད་ནའང་མི་ཡག་གམ།

    Reply
  3. ཨ says:
    ལོ་ 11 སྔོན།

    དཔྱད་རྩོམ་འདིའི་ཁ་བྱང་གཅིག་པོར་ལྟོས་དང་། འདི་ཅི་ཞིག་གི་རིང་ལ་ཕྱི་མིག་ཡིན་པ་ཤེས་འོང་། དབུ་མའི་ལམ་གྱི་སྲིད་ཇུས་འདི་ཅི་ཙམ་རྒྱལ་སྤྱིའི་སྒང་ལ་གལ་ཆེན་ཡིན་པ་བཞིན་དུ། འདི་དང་འབྲེལ་བའི་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་ཡང་ཐོག་མར་འུ་ཚོས་བླང་ཐུབ་དགོས་པར་འདོད།

    Reply
  4. སྐུ་ངོ། says:
    ལོ་ 11 སྔོན།

    ཤར་ཕྱོགས་ཁུག་རྟས་གནད་འགག་གཉིས་བྲིས་མི་འདུག

    ༡ སྲིད་སྐྱོང་གཙོས་བཀའ་བློན་རེ་འགས་དབུ་མའི་ལམ་ཡག་པོ་ཞིག་མགོ་འཚོས་ཀྱི་མེད།།

    ༢ གངས་ཅན་སྐྱིད་གཤོངས་ཀྱི་སྒྲིག་འཛུགས་ནང་ལས་ཀ་བྱེད་བཞིན་པའི་གཞུང་ཞབས་མང་ཆེ་བ་ནི་གླ་ཆ་ལེན་མཁན་རྐྱང་རྐྱང་དང། བོད་ཀྱི་རྩ་དོན་དང་མདུན་ལམ་ཤེས་མཁན་གྱི་སེམས་འཁུར་ཅན་དང། དོ་སྣང་ཅན་དཀོན་སེ་ཡོད་པ་མ་ཟད། རྩ་དོན་བཤད་ན་ཆབ་སྲིད་ཧ་གོ་མེད་ཟེར་མཁན་མང་པོ་ཡོད་སྟབས། འཐུས་ཤོར་ལ་བཏང་ངོ་མ་དེ་ནས་བཏང་ཡོད་པ་རེད། མ་གཞི་ནས་གཞིས་ཆགས་སུ་སྐྱེ་བའི་བུ་བུ་མོ་ཚོའི་འཚོ་རྟེན་ཆེད་ལས་ཀ་བྱེད་ས་ཡིན་ན་དེ་ལྟར་གསལ་བོ་བཟོས་ན་ཡག་གི་རེད། དེ་མིན་མི་གད་མོ་ཤོར་གི་རེད།།

    Reply
  5. ཆོས་བཟང་། says:
    ལོ་ 11 སྔོན།

    རྣམ་དཔྱོད་ཅན་གྱི་ཤར་ཁུག་ལགས། ངས་བལྟས་ནས་ད་ནི་ཁྱོད་ཀྱི་ཁ་བཙུམ་རན་ཡིན་ས་རེད། ངོ་མ་ཡིན། ལྷག་ཏུ་ད་ནས་ཁྱོད་ཀྱིས་སྐུ་ངོ་སྲིད་སྐྱོང་ལ་ཅང་མ་ཞུ་མ་གཏོགས། རྒྱུ་མཚན་ཡོད་མེད་ལ་མི་ལྟ་མཁན་གྱི་མི་ཀླད་མེད་གླེན་པ་ལུག་འདྲ་བ་འགའ་རེས་སྐུ་ངོ་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེད་མཁན་བྱུང་ན་ཁོང་ཚོ་མི་འདུག་ངེས་ཅན་ཡིན། ཁོང་ཚོས་བསད་བཞག་གི་ཡིན་ཟེར་བཞིན་པ་ཁྱོད་ཀྱིས་ཤེས་སོང་ངམ། ཐུགས་ལ་ཟུངས།

    Reply
  6. བྱ་གཞུང་དཔལ་རྡོར། says:
    ལོ་ 11 སྔོན།

    སྤྱི་ཚོགས་ཤིག་ལེགས་ཕྱོགས་སུ་འགྱུར་བ་འགྲོ་དགོས་ན། གཞི་རིམ་གྱི་གནད་དོན་གཅིག་ཡོད་རེད། དེ་སྤྱི་ཚོགས་འདི་གོ་བ་ཡོད་པ་ཞིག་བཟོ་དགོས་སྙམ། དེ་མིན་ཅི་ཙམ་གསུངས་ཡང་གོ་རྒྱུ་མེད་པར་གྱུར་ན་ཕན་ཐོགས་མེད་པ་རེད། གོ་རྒྱུ་མེད་མཁན་ཚོས་རྐུབ་ལྕགས་སྲུང་བསྡད་ན་དེ་བས་ཀྱང་ནོར་འཁྲུལ་ཆེན་པོ་རེད། ངའི་ངོ་ཤེས་ལས་བྱེད་ཅིག་གིས་འདི་འདྲ་ཞིག་གསུངས་མྱོང་། ང་དམག་མི་ཞིག་བྱེད་འདོད་ཡོད་ཀྱང་དམག་དཔོན་ཚོས་ང་བེད་སྤྱོད་ཡག་པོ་ཞིག་ཀྱང་གཏོང་ཤེས་ཀྱི་མི་འདུག་ཟེར། དེའི་བསྟན་དོན་ནི་སྒང་གི་དཔོན་པོ་ཚོས་འོག་གི་ལས་བྱེད་ཚོའི་འཇོན་ཐང་དང་ནུས་པ་ལ་དཔག་པའི་གོ་སྐབས་དང་ལས་ཀ་སྤྲོད་ཐུབ་ཀྱི་མེད་པ་དེ་རེད།

    Reply
  7. ལྷ་སྲས། says:
    ལོ་ 11 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། དངོས་གནས་རིན་ཐང་འདུག ཁྱེད་ལ་ག་དུས་ཡིན་ནའང་རིན་ཐང་ལྡན་པར་སྨོན། ༸གོང་ས་མཆོག་དགོངས་གཞི་དང་རང་ཚུགས་མཁས་མཛངས་འཕྲུལ་གསུམ་འདི་ནམ་ཡང་རྒྱན་དུ་ལེན་རོགས།

    Reply
  8. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    གུས་པ་འདིར་གསལ་བཤད་ཕྲན་བུ་ཙམ་ཡོད། དེ་ནི་མི་དོ་སྣང་ཅན་མང་པོ་ཞིག་གིས་ཕལ་ཆེར་མིག་གིས་ཟིན་ཡོད་ངེས་རེད། ངས་བྲིས་པ་འདིའི་ནང་གི་་་་༼ མང་གཙོ་་༽ལ་ ༼དམངས་གཙོ་༽ཞེས་བྲིས་འདུག་དགོངས་སྲིད་པ་རེད། ངའི་རིང་ལུགས་༼ མང་གཙོ་༽ལྟར་འབྲི་བ་འདི་ཡིན། འོན་ཀྱང། བོད་ཀྱི་དུས་བབ་ཀྱི་རིང་ལུགས་༼ དམངས་གཙོ་༽འདི་ཡིན་སྟབས། འདིར་བཀོད་པའི་རྩོམ་ཡིག་དག་གིས་མཚོན་མང་ནས་དམངས་ལ་བཅོས་བཞིན་ཡོད་ཅེས་གསུངས་སོང་ན། གུས་པས་ཀྱང་དེ་ལྟར་མི་འཇོག་བྱ་ཐབས་བྲལ།།

    Reply
  9. བློ་འཕེལ། says:
    ལོ་ 11 སྔོན།

    ཡག་པོ་བྲིས་འདུག དགའ་བསུ་ཡོད། ཁྱོད་ལྟ་བུ་ལ་རང་དབང་ལྡན་པའི་ཆབ་སྲིད་ཀྱི་གླེང་སྟེགས་ཤིག་རག་ན་བསམ།
    ད་དུང་བཟང་པོའི་ཡོན་ཏན་དང་ངན་པའི་སྐྱོན་ཆ་བརྗོད་དེ་རྩོམ་ཡིག་སྤེལ་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese