གནས་ཚུལ་འབྱོར་བ་ལྟར་ན། ཁམས་ནགས་ཤོད་འབྲི་རུ་རྫོང་ལྟར་མོས་དགོན་པའི་དགེ་འདུན་པ་གསུམ་དགོན་པའི་གུང་སེང་དང་བསྟུན་ཏེ་ལྷ་སར་ཕྱིན་སྐབས། ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་ཆགས་ཡོད་པ་དང་། ད་ལྟའི་ཆར་ལྟར་མོས་དགོན་དང་ཉེ་སྐོར་གྲོང་སྡེ་ཁ་ཤས་དམག་གིས་བསྐོར་བ་དང་དགོན་ནང་གྲྭ་བ་མེད་པར་སྒོ་བརྒྱབ་ཡོད་འདུག
གཞན། ནགས་ཤོད་འབྲི་རུ་རྫོང་རབ་བརྟན་དགོན་པ་དང་འབྲོང་སྣ་དགོན་པ་སོགས་ཀྱང་རྒྱ་དམག་གིས་སྐོར་ཡོད་པ་དང་། སྡེ་དགེ་དཔལ་ཡུལ་དང་སེར་ཤུལ། གསེར་རྟ་ནང་བསྟན་སློབ་གླིང་བཅས་སུ་སློབ་གཉེར་ལ་སྐྱོད་མྱོང་བའི་རབ་བརྟན་དགོན་པའི་དགེ་འདུན་པ་ ༨ རྫོང་སྲིད་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་ཁམས་ནགས་ཤོད་འབྲི་རུར༼ཞི་མཐུན་གྱི་འབྲི་རུ༽ཞེས་པའི་སློབ་གསོའི་ལས་འགུལ་ཞིག་སྤེལ་མགོ་བཙུགས་ཡོད་ཅིང་། ཟླ་སྔོན་མར་ལྗོངས་དང་ས་གནས་རྫོང་སོགས་ནས་ལས་དོན་རུ་ཁག་གི་ལས་བྱེད་སྔར་ལས་མང་དུ་བཏང་ཡོད་འདུག
རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་ནི་ཆབ་སྲིད་ཐོག་བདེ་འཇགས་མེད་པའི་ས་ཁུལ་ཞིག་ཡིན་ཞིང་། གནས་ཚུལ་འདི་དག་ཞི་འཇགས་སུ་གཏོང་མ་ཐུབ་ཚེ་རང་སྐྱོང་ལྗོངས་འོག་གི་ས་གནས་གཞན་དག་ལའང་ཤུགས་རྐྱེན་ཐེབས་སྲིད་སྟབས་འབྲི་རུའི་མི་མང་ལ་བསམ་བློའི་སློབ་གསོ་སྤེལ་དགོས་སྐོར་བརྗོད་དེ་ཉིན་མཚན་མེད་པར་དགོན་གྲོང་གཉིས་ཀར་ཚོགས་འདུ་དང་། ས་གནས་གཞན་དུ་སློབ་གཉེར་ལ་ཕྱིན་ཡོད་པའི་གྲྭ་བཙུན་རྣམས་ཕྱིར་འབོད་འགུག་དང་། སྔོན་མ་རྒྱ་གར་ལ་སོང་རིགས་དང་མཚོ་སྔོན་དང་སི་ཁྲོན་སོགས་སུ་ཕྱིན་མྱོང་མཁན་དག་ལ་ལོགས་སུ་སློབ་གསོ་སྤེལ་གྱིན་ཡོད་འདུག
ནགས་ཤོད་འབྲི་རུ་ལྟར་མོས་དགོན་པའི་གྲྭ་བ་ཚོ་ལོ་ལྟར་དགུན་ཁའི་གུང་སེང་དང་བསྟུན་ཏེ་ཟླ་གཅིག་རིང་སོ་སོའི་ཁྱིམ་དུ་གཏོང་བའི་ཆོས་ཕྱོགས་ཀྱི་ལམ་ལུགས་ཤིག་ཡོད་ཅིང་། ད་ལོར་ཡང་གྲྭ་བ་རྣམས་རང་ཁྱིམ་དུ་ལོག་བཞིན་པའི་སྐབས་སུ་སྲིད་གཞུང་གི་ལས་དོན་མི་སྣ་འབྱོར་ཏེ་དགོན་ནང་སྐུ་གཉེར་སོགས་གྲྭ་བ་རེ་ཟུང་ཡོད་པ་ཚོར། དགེ་འདུན་པ་གཞན་རྣམས་ཕྱིར་འབོད་འགུག་བྱེད་དགོས་པ་དང་། རང་ལོ་ ༡༧ མ་ཟིན་པ་རྣམས་དགོན་ནང་སྡོད་མི་ཆོག་པ། དགོན་པའི་གྲྭ་ཤག་ཁག་གི་ལྡེ་མིག་སྤྲོད་དགོས་ཚུལ་སོགས་བརྗོད་པ་ངོས་ལེན་མ་བྱས་སྟབས། དགོན་པ་དམག་མིས་བསྐོར་ཏེ་གྲྭ་ཤག་ཁག་གི་སྒོ་ལྕགས་གཏོར་ནས་ནང་དུ་འཛུལ་ཏེ་གློག་ཀླད་སོགས་ཅ་དངོས་རིགས་བཙན་འཁྱེར་བྱས་ཡོད་པ་དང་། ངོ་གདོང་རས་ནག་པོས་གཡོག་པའི་དྲག་ཆས་དམག་མི་མང་པོ་གྲོང་སྡེ་ཁག་གི་ཁྱིམ་ཚང་སོ་སོར་འཛུལ་ཏེ་སྔོག་བཤེར་ཀྱིས་རླུང་འཕྲིན་ཉན་བྱེད་དང་ལག་ཐོགས་ཁ་པར། འདྲ་པར་དང་གྲི་རྙིང་པ་སོགས་ཅ་དངོས་མང་པོ་བཙན་འཁྱེར་བྱས་ཡོད་འདུག