ཟླ་བ་ཚེ་རིང་།
གསལ་ཁ་མེད་པའི་འཛིན་བཟུང་།
འཛིན་བཟུང་ངམ་བཀག་ཉར། ཁྱིམ་སྐྱིལ་ལྟ་རྟོགཞིབ་གཤེར། གནས་ཚུལ་ཐོན་རིམ་བཞིན་ཀྲུག་ཡོང་ཁང་གི་དོན་རྐྱེན་སྐོར་ལ་གསར་ལམ་ཁག་གིས་མིང་ཚིག་བེད་སྤྱོད་བྱེད་སྟངས་མི་འདྲ་བ་ལྟར། ཁོའི་ནག་ཉེས་ཁག་ཀྱང་རིམ་བཞིན་ལྐོག་ཟ་རུལ་སུངས་ནས་སྲིད་འགྱུར་དུས་ཟིང་། ལྐོག་གསོད་ཉེས་ཅན་ནས་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་ལྐོག་གསོད་འཆར་འགོད་སོགས་རྒྱ་ཇེ་ཆེ་དང་ཚབས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཞིབ་བཤེར་སྙན་ཐོ་བཀླགས་རྗེས། ‘‘ཀྲུག་ཡོང་ཁང་དོན་རྐྱེན་ནི། ད་བར་རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཚབས་ཆེའི་གྱོད་དོན་”ཞིག་ཡིན་སྐོར་དབུས་ཆབ་སྲིད་ཅུའི་རྒྱུན་ལས་ཟུར་པ་ཞིག་གིས་བཤད་ཡོད། “རྒྱ་ནག་དབུས་ཆབ་སྲིད་ཅུའི་རྒྱུན་ལས་ལས་ཐོག་བདུན་པོས་འོས་བསྡུ་བརྒྱུད་ཀྲུག་ཡོང་ཁང་ལ་ཞིབ་བཤེར་བྱ་གཏན་འཁེལ་རྗེས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་དགོང་དྲོར་ཀྲུང་དབྱང་གཞུང་ལས་ཁང་གི་འགན་འཛིན་ལི་ཀྲན་ཧྲུ་ཀྲུང་ནན་ཧེ་རུ་ཡོད་པའི་ཀྲུག་ཡོང་ཁང་གི་སྡོད་སར་ཕྱིན་ཏེ་ཀྲུང་དབྱང་གི་ཐག་གཅོད་བརྒྱུད་བསྒྲགས་བྱས་ཤིང་། ཀྲུག་ཡོང་ཁང་བཟའ་མི་གཉིས་ཧུ་པེ་དང་པེ་ཅིན་ནས་དྲག་འདེམས་བྱས་པའི་སྐུ་སྲུང་དམག་མི་ལྔ་བརྒྱའི་ལྟ་སྲུང་འོག་བཞག་པ་མ་ཟད། ཁོའི་དྲུང་ཡིག་དང་སྐུ་སྲུང་དམག་དཔོན། རླངས་འཁོར་ཁ་ལོ་བ་གསུམ་འཛིན་བཟུང་བྱས་ཡོད་དང་། ཕྱི་ཚེས་ ༤ ཉིན་རྒྱ་ནག་དབུས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གི་དྲུང་ཆེ་ལྦང་ཆི་ཧྲན་གྱིས་ཀྲུག་ཡོང་ཁང་ལ་ཞིབ་བཤེར་བྱས་པའི་གྲུབ་དོན་སྙན་ཐོ་དབུས་ཆབ་སྲིད་ཅུའུ་ལ་སྤྲད་ཡོད་འདུག
ཕྱི་ཚེས་ ༥ ཉིན་ཡང་བསྐྱར་དུས་གཅིག་ལ་ཀྲུག་ཡོང་ཁང་གི་སྐྱེས་ཡུལ་ཅང་སུ་དང་པེ་ཅིན་གཉིས་ནས་ཁོའི་གཅེན་གཅུང་མིང་སྲིང་གསུམ་འཛིན་བཟུང་དང་། ཁྱིམ་བཤེར་སྐབས་རྒྱ་སྒོར་དུང་ཕྱུར་གཅིག་ལྷག་གི་དངུལ་དམར་དང་དངུལ་ཁང་འཛིན་ཡིག་ལག་སོན་བྱུང་ཡོད་འདུག” གསར་ལམ་ཁག་ནས་འདི་ལྟར་ཀྲུག་ཡོང་ཁང་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་དང་བརྒྱུད་རིམ་ཁ་གསལ་ངང་ཉིན་ལྟར་ཐོན་གྱིན་ཡོད་ནའང་། རྒྱ་ནག་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ད་སྔ་དེའི་སྐོར་ཡིན་མིན་གྱི་གསལ་ཁ་གང་ཡང་གཏོད་མེད། བཀག་སྐྱིལ་ནས་ཞིབ་བཤེར། དེ་ནས་ཁྲིམས་ཞིབ་སོགས་པོ་ཞི་ལེ་གཞིར་བཞག་ནས་བལྟས་ཚེ། ཟླ་ངོ་བཅོ་བརྒྱད་ནི་ཀྲུག་ཡོང་ཁང་གི་དོན་རྐྱེན་ཁ་གསལ་བཟོ་པར་མཚོན་ན་དུས་ཚོད་ཐུང་དྲགས་པའི་ཚོད་ཡིན། ཁོའི་ལྐོག་ཟ་རུལ་སུངས་ཀྱི་དཔལ་འབྱོར་ནག་ཉེས་ནས་ལྐོག་གསོད་དོན་རྐྱེན་དང་། དེ་ནས་སྲིད་འགྱུར་དུས་ཟིང་། རྒྱལ་ཁབ་ཀྱི་དབུ་ཁྲིད་ལྐོག་གསོད་འཆར་འགོད་སོགས་གང་ལ་བལྟས་ཀྱང་། པོ་ཞི་ལེ་ལས་ལྡབ་འགྱུར་གྱི་ནག་ཉེས་ཆེ་བ་མ་ཟད། ཏང་གི་སྐབས་བཅུ་བདུན་པའི་ཆབ་སྲིད་ཅུའི་དབུས་རྒྱུན་ལས་ཡིན་པ་དེས་ཀྱང་ཁོ་ལ་རང་འགར་ལག་པ་འཆང་ཆོག་ཆོག་དང་། འཆང་ནས་ལས་སླ་བོར་ཐག་བཅད་ཆོག་ཆོག་ཅིག་མེད།
འོན་ཀྱང་པེ་ཅིན་ནས་ “ཀྲུང་ནན་ཧེ་དང་འབྲེལ་ཐག་ཉེ་པའི་མི་” ཡིས་མཁོ་སྤྲོད་བྱས་པ་ལྟར། ཁ་སང་དེ་རིང་གསར་ལམ་ཁག་ན་ཁྱབ་བཞིན་པའི་ཁོའི་དོན་རྐྱེན་དང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཁོའི་ནག་ཉེས་སྐོར་གྱི་སྙན་ཐོ་བཏོན་ཟིན་པ་སོགས་ལ་གཞི་རྩ་གང་འཚམ་ཡོད་ཚེ། འབྱུང་འགྱུར་གྱི་བདུན་ཕྲག་གཉིས་གསུམ་ནང་རྒྱ་ནག་དབུས་ཆབ་སྲིད་ཅུ་དང་། ཡང་ན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གང་རུང་ནས་བརྡ་ལན་ཞིག་སྤྲོད་པར་ཡིད་ཆེས་བྱས་ཆོག འགད་རྫས། དུག་ཁབ། ད་དུང་པེ་ཅིན་ནས་གྲག་པའི་ “མེ་མདའ” ཀྲུག་ཡོང་ཁང་ནི་སྐབས་བདུན་པའི་རྒྱ་ནག་དབུས་ཆབ་སྲིད་ཅུའི་རྒྱུན་ལས་དང་། རྒྱ་ནག་དབུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཡིན། རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་བདེ་དང་། རྒྱལ་ཁབ་བདེ་འཇགས།ཁྲིམས་འཛིན་མ་ལག་ཡོངས་ཁོའི་དབང་འཛིན་འོག་ཡོད་། སྲིད་དང་ཁྲིམས་ཀྱི་ལྷན་ཁང་ཁག་གསུམ་ཁོའི་དབང་འོག་ན་ཡོད་པ་དེས། ཁོ་སྐབས་དེའི་ཆབ་སྲིད་ཅུའི་དབུས་རྒྱུན་ལས་གཞན་བརྒྱད་ལས་དབང་ཆ་ཆེ་བ་ཡོད་པ་མཚོན་ཐུབ། དེ་རིང་གི་ཁོའི་སྲིད་དོན་ཕམ་ཁ་འདི་མདོར་བསྡུས་ན་གཉིས་སྟེ། ལམ་འགྲོ་མ་རྒྱུག་པའི་“དོན་རྐྱེན་གཉིས་”དང་“འཆར་འགོད་གཉིས་”ལ་རག་ལས་ཡོད། དེ་ཡང་ཁ་གསལ་ན། “སྲིད་འགྱུར་དུས་ཟིང་”དང་“དབུ་ཁྲིད་ལྐོག་གསོད་” གཉིས་ཆགས་ཡོད།
ཏང་གི་ཚོགས་ཆེན་བཅུ་བདུན་པའི་སྟེང་ཞིས་ཅིན་ཕིན་སྐབས་བཅོ་བརྒྱད་པའི་ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་དང་། ལི་ཁེ་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལ་གཏན་འཁེལ་རྗེས། ཀྲུག་ཡོང་ཁང་དང་པོ་ཞི་ལེ་ཕྱོགས་ཁག་གིས་བརྒྱུད་རིམ་ལྡན་པའི་སྲིད་དབང་འཐབ་རྩོད་ཀྱི་འཆར་གཞི་དང་གྲ་སྒྲིག་བྱས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་སྐབས་པོ་ཞི་ལེ་དབུས་རྒྱུན་ནང་ཡོང་ཐབས་དང་། དེ་ནས་ཀྲིག་ཡོང་ཁང་ལྟར་རྒྱ་ནག་དབུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ལ་བསྐོ་ཐབས་བྱ་རྒྱུ། རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་བདེ་མ་ལག་དང་། རྒྱལ་ཁབ་བདེ་འཇགས་མ་ལག ཁྲིམས་འཛིན་མ་ལག་ཁག་གི་དབང་ཆ་བཟུང་རྗེས། པོ་ཞི་ལེ་ཡི་སྟངས་འཛིན་འོག་ཡོད་པའི་ཡུ་ནན་གྱི་དམག་སྒར་ཨང་ ༡༤ ་པ་དང་། སི་ཁྲོན་དུ་ཡོད་པའི་དམག་སྒར་ཨང་ ༡༣ པའི་སྟོབས་ཤུགས་སྤྱད་ནས་སྲིད་འགྱུར་དུས་ཟིང་བསླང་རྒྱུ་དང་། དུས་ཟིང་ནང་ལི་ཁེ་ཆང་གནས་དབྱུང་དང་ཞིས་ཅིན་ཕིན་ལྐོག་གསོད་བཏང་རྗེས། པོ་ཞི་ལེ་ཡིས་རིམ་བཞིན་སྲིད་བློན་ནས་སྲིད་འཛིན་སྟེ་ “རྒྱ་ནག་གི་ཕུ་ཅིན་”བྱ་རྒྱུ་དང་། ཀྲུག་ཡོང་ཁང་ཧུའུ་ཅིན་ཐའོ་དུས་སྐབས་ཀྱི་ཅང་ཙེ་མིན་ལྟར་ “གོང་མའི་གོང་མ་”བྱ་རྒྱུ་དེ་ཡིན།
འདས་ལོར་བྱུང་བའི་ལྦང་ལི་ཅུན་གྱི་དོན་རྐྱེན་དང་། དེར་མཐུད་པའི་པོ་ཞི་ལེ་ཡི་དོན་རྐྱེན་དེས་གཞི་རྒྱ་ཆེ་བའི་འཆར་གཞི་འདི་ལ་ལམ་འགྲོ་རྒྱུག་བཅུག་མེད། ལྦང་ལི་ཅུན་གྱིས་ཨ་རིའི་དོན་གཅོད་ཁང་ལ་སྤྲད་པའི་གསང་བའི་ཡིག་ཚགས་ནང་འདིའི་སྐོར་ཞིབ་གསལ་ཡོད་པར་བཤད་ལ། པོ་ཤི་ལེ་ཡི་བཟའ་ཟླ་ཀོ་ཁེ་ལེ་ལ་ཞིབ་བཤེར་སྐབས། ཁོ་མོས་རང་ཉིད་དུས་ཟིང་དེའི་ནང་པོ་ཞི་ལེ་དང་ཀྲུག་ཡོང་ཁང་གཉིས་བར་གྱི་གསང་བའི་བརྡ་ལན་སྤྲོད་མཁན་བྱས་ཚུལ་ངོས་ལེན་བྱས་ཡོད་པར་བཤད། འདས་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་མཚན་མོར། པེ་ཅིན་ནས་དམག་མི་དང་བདེ་འཇགས་ཉེན་རྟོག་མི་སྣའི་བར་“དམག་འཁྲུག་ཆུང་ཆུང་”ཞིག་ཤོར་ཡོད། སྐབས་དེར་དྲ་རྒྱའི་བརྒྱུད་ལམ་ཁག་ནས་ “པེ་ཅིན་མཁར་དུ་དམག་མི་སླེབས་སོང་”དང་། “པེ་ཅིན་ནས་གྲག་པའི་མེ་མདའ།” ཡང་ན། “པེ་ཅིན་དུ་དོན་དག་བྱུང་འདུག་”སོགས་ཀྱི་བརྗོད་ཚིག་འོག་དམག་མིའི་རླངས་འཁོར་ཕོན་ཆེན་པེ་ཅིན་གྲོང་ཁྱེར་ནང་འཛུལ་བཞིན་པ་དང་། དམག་མི་དང་ཉེན་རྟོག་པའི་བར་མེ་མདའ་རྒྱག་རེས་བྱེད་བཞིན་པའི་པར་རིགས་གང་མང་ཁྱབ་སྤེལ་བྱུང་ཡོད་ནའང་། རྒྱ་ནག་གཞུང་གིས་དེའི་སྐོར་དམ་དྲག་བྱས་ཏེ་གནས་ཚུལ་ཁྱབ་སྤེལ་བྱས་བཅུག་མེད།
ཕྱིས་སུ་འདི་ལ་ “གསུམ་གཅིག་དགུའི་དོན་རྐྱེན་” དུ་འབོད། ཉེ་ཆར་ “ཀྲུང་ནན་ཧེ་དང་འབྲེལ་ཐག་ཉེ་པའི་མི་” དེས་གསར་ལམ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དོན་རྐྱེན་དེ་ཀྲུག་ཡོང་ཁང་གིས་ཁོའི་ལག་འོག་གི་པེ་ཅིན་གྲོང་ཁྱེར་དང་དམིགས་བསལ་ཀྲུང་ནན་ཧེ་ཡི་སྐུ་སྲུང་ཉེན་རྟོག་རུ་དཔུང་དང་བདེ་འཇགས་རུ་དཔུང་སྤྱད་ནས་བསླངས་པའི་ “སྲིད་འགྱུར་དུས་ཟིང་” ཞིག་ཡིན་པ་དང་། སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཧུ་པེ་རུ་བཅའ་སྡོད་དམག་ཁུང་ཨང་ ༣༨ པའི་དམག་དཔུང་དྲངས་ཏེ་ “དུས་ཟིང་ཞོལ་འཇགས་” བཏང་བའི་ནང་ཁུལ་གྱི་ “དམག་འཁྲུག་” ཅིག་ཡིན་པར་བཤད། དོན་རྐྱེན་དེ་ཏག་ཏག་པོ་ཞི་ལེ་ལ་ཞིབ་བཤེར་བཀག་ཉར་བྱ་རྒྱུའི་ཐག་གཅོད་བྱུང་བའི་དུས་ཚོད་དང་འཁེལ་ཡོད། ‘‘པེ་ཏེ་ཧུ་གསང་བའི་ཚོགས་འདུའི་སྟེང་ཅང་ཙེ་མིན་གྱིས་ཐོག་དང་པོར་ཀྲུག་ཡོང་ཁང་ལ་ཞིབ་བཤེར་བྱས་ཆོག་པའི་ཁས་ལེན་བྱས་རྗེས་དང་། ཞིས་ཅིན་ཕིན་སྲིད་སྟེགས་སྟེང་དངོས་སུ་བསླེབས་པའི་སྔ་གཞུག་དེར། ཀྲུག་ཡོང་ཁང་གིས་ཉུང་མཐར་ཡང་ཐེངས་གཉིས་ཙམ་ལ་ཞིས་ཅིན་ཕིན་ལྐོག་གསོད་ཀྱི་འཆར་འགོད་བྱས་ཡོད། གཅིག་ནི་ཀྲུང་ནན་ཧེ་ཚོགས་ཁང་དུ་འགད་རྫས་བཞག་ནས་ལྐོག་གསོད་བྱ་རྒྱུ་དང་། གཞན་དེ་ཞིས་ཅིན་ཕིན་གྱིས་འཆར་ཅན་ལྟར་པེ་ཅིན་དམག་མིའི་སྨན་ཁང་ཨང་ ༣༠༡ ནང་ལུས་ཁམས་བརྟག་དཔྱད་སྐབས། དུག་ཁབ་བརྒྱབ་ནས་ལྐོག་གསོད་བྱ་རྒྱུ་དེ་རེད།
འཆར་གཞི་འདི་དངོས་སུ་ལག་བསྟར་དང་སྒྲུབ་མཁན་ཀྲུག་ཡོང་ཁང་གི་དྲུང་ཡིག་དང་སྐུ་སྲུང་དམག་དཔོན་གཉིས་རེད། ཁོ་གཉིས་ཕྱི་ཚེས་ ༡ ཉིན་དངོས་སུ་འཛིན་བཟུང་བྱས་རྗེས་འདིའི་སྐོར་ཁས་ལེན་བྱས་ཡོད་པ་རེད།’’ ཀྲུང་ནན་ཧེ་དང་འབྲེལ་ཐག་ཉེ་བའི་མི་དེས་གསར་ལམ་ཁག་ལ་འདི་ལྟར་བརྗོད་ཡོད། ད་ལོའི་ཕྱི་ཟླ་བརྒྱད་པའི་ཟླ་དཀྱིལ་ནས་དགུ་བའི་ཚེས་ཤར་བར་སྟེ། བདུན་ཕྲག་གཉིས་གསུམ་རིང་ཞིས་ཅིན་ཕིན་གློ་བུར་དུ་ཚང་མའི་མཐོང་ལམ་ནས་ཡལ་ཡོད། འདི་ད་བར་དུ་རྒྱ་ནག་གཞུང་གིས་གསང་བའི་ངོ་བོར་བཞག་ཡོད་ནའང་། སྐབས་དེར་བརྒྱུད་ལམ་ཁག་གིས་ཞིས་ཅིན་ཕིན་ལ་རྨས་སྐྱོན་དང་། ཡང་ན། ནད་མནར། འགྲིམ་འགྲུལ་དོན་རྐྱེན། ལྐོག་གསོད་དོན་རྐྱེན་སོགས་ལས་གང་རུང་ཞིག་བྱུང་ཡོད་པའི་ཚོད་དཔག་བྱས་ཡོད། བར་སྐབས་དེར་ཞིས་ཅིན་ཕིན་ཀྲུང་ནན་ཧེ་ནས་གནས་སྤོར་གྱིས་པེ་ཅིན་ཞི་ཧྲན་དམག་སྒར་གྱི་སྤྱི་ཁྱབ་བཀོད་འདོམས་ཁང་དུ་ “ཉེན་ཡོལ་” དུ་ཕྱིན་ཡོད་པ་དང་། བར་སྐབས་དེ་ནས་བཟུང་ཁོས་སྤྱི་བདེ་དང་བདེ་འཇགས་ལྷན་ཁང་གི་བཀོད་ཁྱབ་འོག་ཡོད་པའི་རང་གི་སྐུ་སྲུང་ཉེན་རྟོག་ཡོངས་བརྗེ་བསྒྱུར་གྱིས་དམག་ཁུལ་ཁག་ནས་དྲག་འདེམས་བྱས་པའི་དམག་མིའི་སྐུ་སྲུང་བ་བཞག་ཡོད་པར་བཤད།
ཀྲུག་ཡོང་ཁང་། བུའི་མིག་ལམ་གྱི་ཕ་རྒན་བྱོལ་སོང་།
ཁྲིན་ཏུར་དཔེ་ཁང་ཆུང་ཆུང་ཞིག་འཚོ་རྟེན་དུ་ཉར་བའི་ཀྲུག་ཧན་ནི་ཀྲུག་ཡོང་ཁང་དང་ཁོའི་བཟའ་ཟླ་སྔོན་མའི་བུ་ཆུང་བ་དེ་ཡིན། ཁོས་དེ་སྔ་འགྲིམ་འགྲུལ་དོན་རྐྱེན་ནང་རྐྱེན་འདས་སུ་སོང་བའི་ཨ་མའི་ ‘‘རྒྱབ་ལོགས་ཀྱི་ལག་དམར་’’ ནི་རང་གི་ཕ་རྒན་ཀྲུག་ཡོང་ཁང་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ལ། དོན་རྐྱེན་བྱུང་རྗེས་ནས་བཟུང་ཁོས་རང་གི་ཕ་རྒན་ཀྲུག་ཡོང་ཁང་དང་ཕ་བུའི་འབྲེལ་ཐག་བཅད་ཡོད། ཀྲུག་ཡོང་ཁང་གིས་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་འཁུར་སྐབས། ཁོའི་བཟའ་ཟླ་སྔོན་མ་གློ་བུར་བའི་འགྲིམ་འགྲུལ་དོན་རྐྱེན་ཞིག་ནང་རྐྱེན་འདས་སུ་སོང་ཡོད། སྐབས་དེར་དོན་རྐྱེན་དང་ཐད་ཀར་འབྲེལ་བ་ཡོད་པའི་མི་གཉིས་ལ་ལོ་བཅོ་དང་ཉི་ཤུའི་ཁྲིམས་ཐག་བཅད་ཡོད་ནའང་། ལོ་གསུམ་བཞིའི་རྗེས་གཉིས་ཀ་བཙོན་གྲོལ་ཐོབ་སྟེ་རྒྱ་ནག་རྡོ་སྣུམ་སྡེ་ཁག་ནང་ལས་ཀ་བྱས་ཡོད། གཅིག་གིས་རྡོ་སྣུམ་རླངས་འཁོར་རུ་ཁག་གི་མགོ་གཙོ་དང་། གཅིག་ཤོས་ཀྱིས་ཧྲན་ཏུང་རྡོ་སྣུམ་ཁེ་ལས་སྡེ་ཚན་ནང་འགན་འཛིན་འཁུར་ཡོད།
ད་ལོའི་ཕྱི་ཟླ་ ༧ པའི་ནང་ཁོ་གཉིས་ཡང་བསྐྱར་འཛིན་བཟུང་འདྲི་ཞིབ་བྱེད་སྐབས། གཉིས་ཀས་འགྲིམ་འགྲུལ་དོན་རྐྱེན་དེ་ཀྲུག་ཡོང་ཁང་སི་ཁྲོན་གྱི་དྲུང་ཆེ་ཡིན་སྐབས། ཁོའི་དྲུང་ཡིག་ཀོ་ཡོང་ཤང་གིས་བཀོད་བྱུས་འོག་བསྒྲུབས་པ་ཡིན་ཚུལ་ངོས་ལེན་བྱས་ཡོད། འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་ཅུང་མ་འགོར་བར། ཀྲུག་ཡོང་ཁང་གིས་ཅང་ཙེ་མིན་གྱི་བཟའ་ཟླའི་ཚ་མོ་སྟེ། རང་ལས་ལོ་ཉེར་བརྒྱད་ཀྱིས་ཆུང་བའི་ད་ལྟའི་བཟའ་ཟླ་ཅ་ཞོ་ཡེ་དང་གཉེན་སྒྲིག་བྱས་ཤིང་། ཀོ་ཡོང་ཤང་ཡང་ཀྲུག་ཡོང་ཁང་གི་དྲུང་ཡིག་ནས་སི་ཁྲོན་ཞིང་ཆེན་གྱི་དམར་ཕྱོགས་དྲུང་ཆེ་གཉིས་པར་གོ་གནས་སྤར་ཡོད། “ངས་ཕ་རྒན་བྱོལ་སོང་དེ་དང་འབྲེལ་ཐག་གཙང་བཅད་བྱས་ཚར་ཡོད། རང་གི་མི་ཚེ་ནང་ཁོ་ལ་ཁྱོན་ནས་ཐུག་འདོད་མེད།” འདི་ཀྲུག་ཡོང་ཁང་རང་གི་ཚ་བོར་ལྟ་བར་འགྲོ་སྐབས་ཀྲུག་ཧན་གྱིས་ཁོ་ཁྱིམ་དུ་ཡོང་བཅུག་མེད་ལ། འབྲེལ་ཡོད་ཀྱིས་ཁོ་ལ་སློབ་གསོ་གཏོང་སྐབས་བཤད་པའི་སྐད་ཆའི་དུམ་བུ་ཞིག་ཡིན། སྐབས་དེར་ཁོས་དངོས་སུ་རང་གི་ཕ་རྒན་ལ་ “བྱོལ་སོང་” ཞེས་པའི་མིང་ཚིག་འདི་བེད་སྤྱོད་བཏང་ཡོད། ད་དུང་ཁོས་ཀྲུང་ཡོང་ཁང་ལ་དབང་ཤུགས་ཆེ་བས་དྲང་བདེན་གྱི་ཁྲིམས་གཅོད་མི་ཐུབ་ཀྱང་། ཕ་བུའི་འབྲེལ་ཐག་བཅད་ནས་ཚ་བོར་ཐུག་མ་བཅུག་པ་དེ་ཁོ་ལ་ ‘‘ལས་འབྲས་ཀྱི་ཁྲིམས་ཆད་’’ ཅིག་ཡིན་ཚུལ་བཤད་ཡོད།
( མུ་འགོད། )
རྒན་ཟླ་བ་ཚེ་རིང་གི་རྩོམ་ཡིག་ནམ་རྒྱུན་ཀློག་གི་ཡོད། རྩོམ་པ་པོ་རྒན་རབས་ཚོའི་རྩོམ་ཡིག་ལ་དམིགས་བསལ་བྲོ་བ་ཆེན་པོ་དང་རྩོམ་ཡིག་གི་སྒྲོམ་གཞི་བསླངས་སྟངས་ལའང་ཁྱད་ཆོས་མི་འདྲ་བ་ཞིག་འདུག
ཀྲུག་ཡོང་ཁང་སོགས་ཀྱི་མཐའ་མའི་དམིགས་ཡུལ་དེ་བོད་ལ་དགོས་མཁོ་མེད་ཀྱང་། ཐོག་མའི་བྱ་བ་ལམ་དུ་མ་སོང་བ་འདི་བོད་ལ་བསོད་ནམས་དམན་པས་རེད།
ཐཻངས་འདིའི་རྒྱ་ནག་དབུས་གཞུང་གི་རྙོག་གླེང་འདི་བརྒྱུད་དེ་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིང་གི་ཆབ་སྲིད་དང་སྲིད་བྱུས་འཛིན་སྟངས་ཐོག་ཁྱད་པར་འགྲོ་སྲིད་དམ། ཀྲུག་ཡོང་ཁང་དེ་བོད་མི་ཚོར་ཉེས་རྡུང་མནར་གཅོད་གཏོང་མཁན་ཞིག་དང་སྤྲུལ་སྐུ་བདེན་འཛིན་བདེ་ལེགས་འཛྀན་བཟུང་དང་བློ་བཟང་དོན་གྲུབ་སྲོག་ཐོག་ལ་གཏོང་མཁན་བྱེད་གཏེ་དེ་ཡིན་རབས་འདུག་པ་དེ་དག་བདེན་པ་ཡིན་ནམ།
བཙན་བྱོལ་ནང་དུ་རྒྱ་ནག་གི་ཆབ་སྲིད་དང་མཐོ་རིམ་དཔོན་རིགས་བར་གྱི་འགལ་ཟླ་ལག་མཐིལ་དུ་ལེན་ཐུབ་མཁན་ཁྱེད་གཅིག་བུ་རེད་ཅེས་བརྗོད་ཀྱང་རྫུན་དུ་མི་འགྲོ་སྙམ། བཀའ་དྲིན་ཆེ་མྱི་སྐམ་པོ།
ངས་གནས་ཚུལ་འདིའི་སྐོར་ལ་སྔོན་མ་ནས་དོ་སྣང་བྱས་བསྡད་ཡིན། འོན་ཀྱང་ད་དུང་གསལ་བོ་ཞིག་ཆགས་ཐུབ་མ་སོང་། རབ་བྱུང་ན་རྩོམ་ཡིག་འདི་འདྲི་མཁན་དང་རྒྱ་ནག་གི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་གིས་གསལ་བཤད་ཅིག་གནང་རོགས། པའོ་ཞི་ལེ་དང་ཀྲུག་ཡོང་ཁང་ཅིང་ཙེ་མིན་སོགས་ཤོག་ཁག་ཅིག་ཡིན་པ་འདྲ། ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕིན། ཝུན་ཅ་པོ་སོགས་ཤོག་ཁག་ཅིག་ཡིན་པ་འདྲ། ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད། ཁྲིམས་འགལ་ཉེས་བསགས་ཕུད། ཆབ་སྲིད་ལྟ་གྲུབ་ཀྱི་ཐད་ནས་ཁོང་ཅག་གི་བར་དུ་ཁྱད་པར་གང་དག་ཡོད་པ་རེད། དེ་སྔོན་པའོ་ཞི་ལེ་ཡིས་རྒྱ་ནག་དམར་ཤོག་གི་རླབས་ཆེན་དབུ་ཁྲིད་མའོ་ཙི་ཏུང་གི་ལྟ་གྲུབ་ཁྱབ་སྤེལ་བྱས་པ་རེད་ཟེར་བ་ཞིག་གསར་འགྱུར་ནང་སླེབས་སོང་། དེའི་རྒྱུ་མཚན་དང་ཤུགས་རྐྱེན་སོགས་ག་རེ་ཡོད་པ་རེད། རྒྱ་ནག་གཞུང་གི་ཆབ་སྲིད་སྒྲོལ་གཞིའི་ཐོག་ཤོག་ཁག་འདི་གཉིས་ལ་མ་འདྲ་བ་ཆ་དང་གུ་ཡངས་ལུགས་ཁྱད་པར་གང་དག་ཡོད་པ་རེད། གོང་གསལ་མི་སྣ་དེ་དག་མ་ཡིན་པའི་རྒྱ་ནག་གི་དབུ་ཁྲིད་ཟུར་པ་ཁག་དང་། ད་ལྟའི་ཆབ་སྲིད་སྡེ་ཚན་ནང་གི་རྒྱུན་ལས་མི་སྣ་བདུན་གྱི་ལངས་ཕྱོགས་གང་འདྲ་ཡིན་པ་དང་ཤོག་ཁག་དེ་གཉིས་གང་དག་ལ་འབྲེལ་བ་དང་རྗེས་འབྲང་བྱེད་ཀྱི་ཡོད་དམ། ངའི་དྲི་བ་དང་དོགས་གནས་འདི་དག་ལ་གསལ་བཤད་ལན་འདེབས་གསལ་བོ་ཞིག་ཡོང་བ་ཞུ།།།
རྩོམ་ཡིག་འདི་མར་ཀློག་ཡོང་སྐབས་བྲོ་བ་ཆེན་པོ་འདུག མཇུག་ཏུ་མུ་འགོད་ཅེས་བྲིས་ཡོད་པ་དེ་མཐོང་སྟེ་ལྷག་ཏུ་དགའ་སོང་། རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ཚོའི་གསང་པའི་སྐོར་མང་ཙམ་སྤེལ་ཐུབ་ན་ང་དང་ང་འདྲ་བ་ཚོར་ཕན་ཐོགས་ཆེན་པོ་འདུག མ་གཞི་དེང་སྐབས་བོད་ཀྱི་དུས་བབ་ཀྱི་ཁ་ཕྱོགས་གཞི་རྒྱ་ཆེ་རུ་ཕྱིན་སོང་། བོད་སྐད་བོད་ཡིག་ལས་མི་ཤེས་མཁན་ཚོར་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་གལ་ཆེན་ཁག་ཕལ་ཆེར་ཆད་ལུས་མེད་པར་གསལ་བོར་ལྟ་ཀློག་ཐུབ་པ་ཆགས་སོང་། རྩོམ་སྒྲིག་པ་དང་གསར་འགོད་པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རྩོམ་ཡིག་བཟང་། རང་རེའི་ཁྲོད་རྩོམ་ཡིག་སྣ་ཚོགས་སྤེལ་མཁན་དགོས། ཚང་མ་ནས་བློ་སྐྱེད་དང་གོ་རྒྱ་སྐྱེད་རྒྱུ་ཡོད། ཀྲུག་ཡཱང་ཁང་ནི་རྒྱ་ནག་གི་དམར་ཤོག་དཔོན་རིགས་ཁྲོད་གཡོན་ཐལ་ཆེ་བའི་ཕྱོགས་ཁག་གི་དཔོན་རིགས་གྲས་རེད། མི་འདིས་སི་ཁྲོན་དམར་ཤོག་དྲུང་ཆེའི་སྐབས། མཁན་པོ་འཇིགས་མེད་ཕུན་ཚོགས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། དགེ་བཤེས་བསོད་ནམས་ཕུན་ཚོགས་བཅས་ལ་ནག་མེད་ཉེས་འགལ་བྱས་ཤིང་། བོད་རྩ་མེད་བཟོ་རྒྱུའི་འདུན་པ་ཡོད་པ་རེད། ད་དངོས་ནས་ལས་འབྲས་འཁོར་འདུག
དངོས་གནས་དྲང་གནས་དབྱེ་ཞིབ་རྩོམ་ཡིག་ཡག་པོ་བྲིས་གནང་འདུག ང་ཚོ་བོད་པའི་སྤྱི་ཚོགས་ནང་རྩོམ་ཡིག་འདི་འདྲ་བོ་དགོས་ཀྱི་འདུག ནམ་རྒྱུན་སོ་སོའི་ཚོར་བ་དང་སྒྲུང་རིང་པོ་ཤོད་སྡོད་པ་ལས་སྐད་ཡིག་གཞན་པའི་ནང་གི་རྩོམ་ཡིག་དང་གནས་ཚུལ་ཁག་ལ་དབྱེ་ཞིབ་རང་བཞིན་གྱི་རྩོམ་ཡིག་འབྲི་འགོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།